བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་གྲུབ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་རང་གི་ཚད་མ་རིག་པའི་གཞུང་ལུགས་གྲུབ་པར་གཙོ་བོ་ཕྱོགས་ཆེན་པོ་གསུམ་གྱི་སྒོ་ནས་བསྟན་ཡོད་དེ། གཞི་གྲུབ་དང་ཁ་དོག་དཀར་དམར་ལ་ནང་བའི་ལྟ་བ་བསྟན་པ་ལས་གཞན་རྣམས་གཏན་ཚིགས་རིག་པའི་མ་ལག་དང་རྩོད་ཐབས་བསྟན་པ་དང་། གཞན་ཡང་དམིགས་པའི་ཐད་ནས་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་པས་གོ་བདེ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་དུ་མ་ལྡན་ཞིང་རྒྱ་གར་གྱི་ཚད་གཞུང་ཁག་ལ་མེད་པའི་བསྡུས་གྲྭ་དང་གཅིག བསེ་ངག་དབང་བཀྲ་ཤིས་ཀྱི་རྟགས་རིགས་རང་ལུགས་དང་རྟགས་རིགས་དཀའ་གནད་ཟིན་བྲིས། བསྟན་དར་ལྷ་རམས་པའི་རྟགས་རིགས་དཀའ་གནས། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་རྟགས་རིགས་ཀྱི་རྣམ་བཞག་རིགས་པའི་སྒོ་འབྱེད་དང་རྟགས་རིགས་བསྡུས་དོན་སོགས་རྟགས་རིགས་ཀྱི་བསྟན་བཅོས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། ཐུན་མོང་མ་ཡིན་པའི་བོད་རང་གི་ཚད་མ་རིག་པའི་རྟགས་རིགས་གྲུབ་པ་དང་གཉིས།ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་ཕྲེང་། བསེ་ངག་དབང་བཀྲ་ཤིས་ཀྱི་བློ་རིག་མཐའ་དཔྱོད་སོགས་བློ་རིགས་ཀྱི་བསྟན་བཅོས་གྲགས་ཅན་མང་པོ་བྱུང་བ་དང་། བློའམ་ཤེས་པའི་ངོ་བོ་དང་དབྱེ་བ་སོགས་ལ་ཞིབ་འཇུག་ཕྲ་ཞིབ་བྱས་ཏེ་རྒྱ་གར་དང་རྒྱ་ནག་གི་ཚད་གཞུང་གང་ལའང་མེད་པའི་བོད་རང་གི་ཚད་མ་རིག་པའི་བློ་རིགས་ཀྱི་རིག་གཞུང་གྲུབ་པ་གསུམ་མོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་གྲུབ་ཚུལ།
རིགས།
ཚད་མ།
1 ​ནང་དོན་མདོར་བསྟན། 

བོད་རང་གི་ཚད་མ་རིག་པའི་གཞུང་ལུགས་གྲུབ་པར་གཙོ་བོ་ཕྱོགས་ཆེན་པོ་གསུམ་གྱི་སྒོ་ནས་བསྟན་ཡོད་དེ། གཞི་གྲུབ་དང་ཁ་དོག་དཀར་དམར་ལ་ནང་བའི་ལྟ་བ་བསྟན་པ་ལས་གཞན་རྣམས་གཏན་ཚིགས་རིག་པའི་མ་ལག་དང་རྩོད་ཐབས་བསྟན་པ་དང་། གཞན་ཡང་དམིགས་པའི་ཐད་ནས་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་པས་གོ་བདེ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་དུ་མ་ལྡན་ཞིང་རྒྱ་གར་གྱི་ཚད་གཞུང་ཁག་ལ་མེད་པའི་བསྡུས་གྲྭ་དང་གཅིག བསེ་ངག་དབང་བཀྲ་ཤིས་ཀྱི་རྟགས་རིགས་རང་ལུགས་དང་རྟགས་རིགས་དཀའ་གནད་ཟིན་བྲིས། བསྟན་དར་ལྷ་རམས་པའི་རྟགས་རིགས་དཀའ་གནས། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་རྟགས་རིགས་ཀྱི་རྣམ་བཞག་རིགས་པའི་སྒོ་འབྱེད་དང་རྟགས་རིགས་བསྡུས་དོན་སོགས་རྟགས་རིགས་ཀྱི་བསྟན་བཅོས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། ཐུན་མོང་མ་ཡིན་པའི་བོད་རང་གི་ཚད་མ་རིག་པའི་རྟགས་རིགས་གྲུབ་པ་དང་གཉིས།ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་ཕྲེང་། བསེ་ངག་དབང་བཀྲ་ཤིས་ཀྱི་བློ་རིག་མཐའ་དཔྱོད་སོགས་བློ་རིགས་ཀྱི་བསྟན་བཅོས་གྲགས་ཅན་མང་པོ་བྱུང་བ་དང་། བློའམ་ཤེས་པའི་ངོ་བོ་དང་དབྱེ་བ་སོགས་ལ་ཞིབ་འཇུག་ཕྲ་ཞིབ་བྱས་ཏེ་རྒྱ་གར་དང་རྒྱ་ནག་གི་ཚད་གཞུང་གང་ལའང་མེད་པའི་བོད་རང་གི་ཚད་མ་རིག་པའི་བློ་རིགས་ཀྱི་རིག་གཞུང་གྲུབ་པ་གསུམ་མོ།།

1_1  བསྡུས་གྲྭ།

དུང་དཀར་ཚིག་མཛོད་ལས། བསྡུས་གྲྭ་ནི་ཚད་མ་རིག་པའི་དོན་རྟོག་དཀའ་བ་ཕྱྭ་པ་ཆོས་ཀྱི་སེང་གེ་སོགས་ཀྱིས་མདོ་སྡེ་བའི་རིགས་པའི་འགྲོས་དང་དང་སྦྱར་ནས་ཚད་མའི་གཞུང་གི་དོན་བསྡུས་པ་དང་། ཉེར་གཅིག་བྱེད་ཚུལ་གཉིས་ཡོད་ཅེས་གསུངས་པ་བཞིན་མདོ་སྡེ་པའི་རིགས་པའི་འགྲོས་དང་སྦྱར་ནས་ཚད་མའི་བསྟན་བཅོས་ཀྱི་གནད་བསྡུས་ཏེ་སྟོན་པ་གང་ཞིག་དགག་བཞག་སྤོང་གསུམ་གྱི་བརྒལ་བརྟག་བྱེད་ཅིང་། སྐྱེས་བུའི་བློ་རབ་འབྲིང་ཐ་གསུམ་གྱི་རིམ་པ་ལྟར་གཞུང་དོན་རིགས་ལམ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བའམ་བསྡུས་ཚན་དུ་ཕྱེ་སྟེ་བསྟན་པའི་རྩོད་རིག་གི་གཞུང་དེར་བསྡུས་གྲྭ་ཞེས་བརྗོད་པ་ཡིན། ཕྱྭ་པ་ཆོས་ཀྱི་སེང་གེས(1109--1169)གདན་ས་མ་བསྐྱངས་གོང་ནས་སློབ་ཁྲིད་ཀྱི་བྱ་བ་དངོས་ནང་ཞུགས་ཤིང་། སློབ་ཁྲིད་ཁྲོད་སློབ་མས་རྒྱ་གར་གྱི་ཚད་གཞུང་རྟོགས་དཀའ་བས་སློབ་གཉེར་བྱེད་རྒྱུར་བགེགས་ཆེ་བར་གཟིགས་རྟོགས་བྱུང་བ་མ་ཟད་སློབ་ཁྲིད་བྱེད་པར་སྔོན་ལ་སློབ་མའི་ཆུ་ཚད་དང་འཚམས་པའི་བསླབ་གཞི་ཞིག་དགོས་པ་དང་། ཚད་མ་རིག་པའི་གཞུང་དོན་དེ་དག་རྩོད་ལམ་དུ་སྦྲེལ་ནས་བརྗོད་ན་རིག་པ་རྒྱ་ཆེར་འཕེལ་བར་དམིགས་ནས་བསྡུས་གྲྭའི་གཞུང་རྩོམ་པའི་འཆར་སྒོ་འཁྲུངས་པ་ཡིན། ཁོང་གིས་ཚད་མ་ཡིད་ཀྱི་མུན་སེལ་བྱ་བ་ལེའུ་ལྔ་བྱས་པའི་རྩོད་པའི་འགྲོ་ཚུལ་བསྟན་པའི་བསྟན་བཅོས་གཅིག་དང་། ཚད་བསྡུས་ཡིད་ཀྱི་མུན་སེལ་རྐྱང་བ་ཞེས་པ་བསྡུས་ཚན་བཅོ་བརྒྱད་དུ་བྱས་པ་ཞིག་མཛད་དེ་ཚད་མའི་བསྡུས་གྲྭའི་སྲོལ་གཏོད་པ་ཡིན། ཕྱི་མ་ཚད་བསྡུས་ཡིད་ཀྱི་མུན་སེལ་རྐྱང་བ་ཞེས་པར་བསྡུས་ཚན་བཅོ་བརྒྱད་དུ་ཕྱེ་པ་ནི་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་ཚད་མ་རྣམ་འགྲེལ་སོགས་གཏན་ཚིགས་རིག་པ་ལས་བྱུང་བའི་མིང་གི་རྣམ་གྲངས་ལས། གསང་ཕུ་ལ་སོགས་པའི་ཆོས་གྲྭ་ཆེན་པོར་སློབ་དཔོན་ཕྱྭ་པ་ཆོས་སེང་སོགས་ཀྱིས་མདོ་སྡེ་པའི་རིགས་པའི་འགྲོས་དང་དང་སྦྱར་ནས་བསྡུས་གྲྭ་ཞེས་པའི་སྲོལ་གཏོད་པ་ནི། ཁ་དོག་དཀར་དམར་རྫས་ཆོས་ལྡོག་ཆོས་གཉིས། འགལ་དང་མི་འགལ་སྤྱི་དང་བྱེ་བྲག་གཉིས། འབྲེལ་དང་མ་འབྲེལ་ཐ་དད་ཐ་མིན་གཉིས། རྗེས་སུ་འགྲོ་ལྡོག་རྒྱུ་དང་འབྲས་བུ་གཉིས། སྔ་བཙན་བར་བཙན་ཕྱི་བཙན་མཚན་མཚོན་གཉིས། རྟགས་མང་གསལ་མང་དགག་པ་ཕར་ཚུར་གཉིས། དངོས་འགལ་བརྒྱུད་འགལ་ཁྱབ་མཉམ་རྣམ་པ་གཉིས། ཡིན་འགྱུར་མིན་འགྱུར་ཡིན་ལོག་མིན་ལོག་གཉིས། ཡོད་རྟོགས་མེད་རྟོགས་མེད་རྟོགས་རྟག་རྟོགས་དངོས་རྟོགས་གཉིས། ཞེས་བསྡུས་ཚན་བཅོ་བརྒྱད་དུ་བྱེད་པ་ཡིན་ཞེས་གསུངས་པ་བཞིན་དང་། དེ་ལ་གཞི་བྱས་ཏེ་སྟག་ཚང་རྭ་སྟོད་པའི་བླ་མ་བཅུ་བཞི་པ་འཕན་ཡུལ་སེར་ཁང་པ་དམ་ཆོས་རྣམ་རྒྱལ་གྱིས་བཙན་པོ་ངག་དབང་འཕྲིན་ལས་ལྷུན་འགྲུབ་ལ་བརྩི་བཞག་གནང་བ། ཚད་མ་རྣམ་འགྲེལ་གྱི་བསྡུས་གཞུང་ཤེས་བྱའི་སྒོ་འབྱེད་དམ་ད་ལྟ་བཙན་པོ་བསྡུས་གྲྭའམ་རྭ་སྟོད་བསྡུས་གྲྭར་གྲགས་པ་བརྩམས་ཤིང་། དེར་བསྡུས་ཚན་ཉེར་གཅིག་ཏུ་བྱེད་པར་གྲགས། དེ་ནས་ཚུལ་ཁང་འཇམ་དཔལ་འཕྲིན་ལས་ཀྱི་ཚད་མའི་བསྡུས་གྲྭ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་བསྡུས་གྲྭའི་མཐའ་དཔྱོད་སོགས་བརྩམས་ཆོས་མང་པོ་བྱུང་བ་མ་ཟད། བསེ་བསྡུས་གྲྭ་དང་ཡོངས་འཛིན་བསྡུས་གྲྭ། མཁན་ཆེན་བསྡུས་གྲྭ་སོགས་བསྡུས་གྲྭའི་གཞུང་ལུགས་ཀྱི་འཕེལ་རྒྱས་ཤིན་ཏུ་ཆེ་བར་ཕྱིན། བསྡུས་གྲྭ་ནི་ཚད་མ་རྣམ་འགྲེལ་གྱི་བརྗོད་དོན་སྙིང་བོ་ཁག་རགས་བསྡུས་ཀྱིས་བླངས་པ་ཡིན་ཡང་གཉིས་ཆ་མིན་ཏེ། བརྗོད་བྱའི་ནང་དོན་ཐད་དེ་ནི་རྩོད་པའི་འགྲོ་ཚུལ་དགག་བཞག་སྤོང་གསུམ་གྱི་ལམ་དུ་སྦྱར་བ་དང་། བློ་རབ་འབྲིང་ཐ་གསུམ་གྱི་རིམ་པ་ལྟར་གཞུང་དོན་རིགས་ལམ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་སྟེ་བསྡུས་ཚན་མང་དུ་ཕྱེ་ཡོད་ལ། མཚན་ཉིད་རིག་པ་དང་རྩོད་གླེང་གི་རིགས་པ་མཉམ་དུ་སྦྱར་བའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཡིན། རྣམ་འགྲེལ་ལ་ནང་རིག་པའི་ལྟ་བ་ཤུགས་ཆེ་བས་མཁས་གྲུབ་རྗེས་ནང་རིག་པ་དང་གཏན་ཚིགས་རིག་པ་གཉིས་ཀའི་མུ་ལ་ཚད་མ་སྡེ་བདུན་འཇོག་པ་བཞིན་དང་། བསྡུས་གྲྭ་ནི་གཞི་གྲུབ་དང་ཁ་དོག་དཀར་དམར་ལ་ནང་བའི་ལྟ་བ་བསྟན་པ་ལས་གཞན་རྣམས་གཏན་ཚིགས་རིག་པའི་མ་ལག་དང་རྩོད་ཐབས་བསྟན་པ་ཡིན། གཞན་ཡང་དམིགས་པའི་ཐད་དེ་ནི་སློབ་ཁྲིད་ཀྱི་དགོས་མཁོར་དམིགས་པས་གོ་བདེ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་དུ་མ་ལྡན་པ་ནི་རྒྱ་གར་གྱི་ཚད་གཞུང་ཁག་ལ་མེད་པས་དེ་ནི་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཡིན།

1_2   རྟགས་རིགས།

དུང་དཀར་ཚིག་མཛོད་ལས། རྟགས་ཞེས་པ་ནི་གཏན་ཚིགས་རིགས་པའི་སྦྱོར་བ་འགོད་པའི་གཏན་ཚིགས་དང་། རྒྱུ་མཚན། སྒྲུབ་བྱེད་ཅེས་དོན་གཅིག་ཅེས་གསུངས་པ་བཞིན་རྟགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་བླང་དོར་གྱི་གནས་མ་འཁྲུལ་བར་རིག་པར་བྱེད་པའི་ཐབས་སྟོན་པའི་རིག་གནས་ཤིག་ལ་ཟེར། ཚད་མ་རིགས་སྒོ་ལས། གཏན་ཚིགས་ནི་ཚུལ་གསུམ་མོ། ཚུལ་གསུམ་ནི་ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པ་ཞེས་དང་། རྣམ་འགྲེལ་ལས་དེའི་དོན་འཆད་པར་ཕྱོགས་ཆོས་དེ་ཆོས་འཆད་པ་ཡི། གཏན་ཚིགས་ཞེས་དང་། རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ།། ཡོད་དང་མེད་ལ་མེད་པར་ནི།། ཞེས་གསུངས་པ་བཞིན་རྟགས་རིགས་ཞེས་པའི་གཞུང་འདི་ནི་རྒྱ་གར་གྱི་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཚད་གཞུང་གཙོར་བཟུང་ནས་བྱུང་ཞིང་། ལྷག་དོན་བོད་དུ་རྣམ་འགྲེལ་གཙོར་བཟུང་སྟེ་རྟགས་རིགས་ཀྱི་མིང་དང་གཞུང་རང་མཚན་པ་གྲུབ་པ་ཡིན་ཏེ། བསྡུས་གྲྭའི་རིགས་ལམ་གསར་ཏུ་གཏོད་རྗེས་དེར་མ་འདུས་པ་དང་། སངས་རྒྱས་འཕགས་པ་ཆོས་ཅན། གང་ཟག་ཡིན་པར་ཐལ། སངས་རྒྱས་འཕགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་ཐལ་འགྱུར་གྱི་རྟགས་ལ་ཞིབ་ཕྲའི་དབྱེ་བ་མ་ཕྱེས་བ་འགའ་རེ་མཆིས་པ་སེལ་ཆེད། རྟགས་ཀྱི་ངོ་བོ་དང་དབྱེ་བ། རྟགས་གསལ་རྩོད་གཞི་གསུམ་གྱི་འབྲེལ་བ་བཅས་རྣམ་འགྲེལ་ལེའུ་དང་པོ་རང་དོན་ལེའུ་ཡི་དོན་ལོགས་སུ་བཀར་ནས་རྣམ་བཞག་ཅིག་བསྒྲིགས་ཏེ་རྟགས་རིགས་བྱུང་བ་ཡིན། ཕྱིས་སུ་ལྷ་དབང་དཔལ་འབྱོར་གྱི་རྟགས་རིགས་རྣམ་བཞག་གསལ་བའི་མེ་ལོང་ཞེས་བ་དང་པཎ་ཆེན་བསོད་གྲགས་ཀྱི་རྟགས་རིག འཇམ་དབྱངས་ཆོས་དགའ་ཀུན་བཟང་གི་ཚད་མའི་རྟགས་རིགས་ཆེན་མོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྟགས་རིགས་མཐའ་དཔྱོད། བསེ་ངག་དབང་བཀྲ་ཤིས་ཀྱི་རྟགས་རིགས་རང་ལུགས་དང་རྟགས་རིགས་དཀའ་གནད་ཟིན་བྲིས། བསྟན་དར་ལྷ་རམས་པའི་རྟགས་རིགས་དཀའ་གནས། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་རྟགས་རིགས་ཀྱི་རྣམ་བཞག་རིགས་པའི་སྒོ་འབྱེད་དང་རྟགས་རིགས་བསྡུས་དོན་སོགས་རྟགས་རིགས་ཀྱི་བསྟན་བཅོས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། ཐུན་མོང་མ་ཡིན་པའི་བོད་རང་གི་ཚད་མ་རིག་པའི་རྟགས་རིགས་གྲུབ་ཅིང་ད་ལྟའི་བར་རྒྱུན་བསྲིངས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

1_3  བློ་རིགས།

ཕྱི་རོལ་རྒྱང་འཕེན་པས་སྐྱེ་བ་སྔ་མ་ནས་འདིར་འོང་བ་མེད་དེ། སྐྱེ་བ་སྔ་མ་ཞེས་པ་ནི་སུས་ཀྱང་མ་མཐོང་བའི་ཕྱིར། ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པ་ཡིན་ཏེ། མར་མེ་གློ་བུར་དུ་གྲུབ་པ་ལས་འོད་གློ་བུར་དུ་གྲུབ་པ་བཞིན་ནོ། །ཞེས་དཔེ་དང་བཅས་ཏེ་སྐྱེ་བ་སྔ་མ་མེད་པར་འདོད་པ་དང་། ཡང་ལུས་སེམས་རྫས་གཅིག་པས་ལུས་འཇིག་པ་ན། བློ་ཡང་འཇིག་པའི་ཕྱིར། རྡོ་འཇིག་པ་ན་རྡོའི་རི་མོ་འཇིག་པ་བཞིན་ནོ། ། ཞེས་སྐྱེ་བ་སྔ་ཕྱི་མེད་པ་དང་བློའམ་སེམས་ལུས་ལ་བརྟེན་པར་འདོད་པ་ཡིན། ཕྱིས་སུ་རང་སྡེའི་གྲུབ་མཐའ་བྱུང་བ་དང་གོང་གསལ་རྒྱང་འཕེན་པའི་ལྟ་ངན་དགག་པར་དམིགས་ཏེ་མངོན་པ་མཛོད་ལས། གཙོ་བོ་སེམས་ཀྱི་གཞི་དང་འཁོར་སེམས་བྱུང་གཞི་ཞེས་སེམས་དང་སེམས་བྱུང་སོགས་ཡུལ་ཅན་བློའི་སྐོར་ལ་ཞིབ་ཆ་བཏོན་པ་དང་། ལྷག་དོན་རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུ་ལས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། ། བློ་ཡི་བྱེད་པའི་ཁྱད་པར་གྱི། ། ཤེས་རབ་ལ་སོགས་ཕུལ་བྱུང་དང་། ། འགྲིབ་པ་དག་ཏུ་གྱུར་བ་ཡིན། །ཞེས་ལུས་སེམས་གཉིས་རྫས་ཡིན་ཡང་། རྫས་གཅིག་མ་ཡིན་པ་བསྒྲུབས་ཏེ་རྒྱང་འཕེན་པའི་ལུས་སེམས་རྫས་གཅིག་གི་ལྟ་ངན་དགག་པ་དང་། ཡང་གོང་གསལ་རྒྱང་འཕེན་པའི་སྐྱེ་བ་སྔ་མ་ཞེས་པ་ནི་སུས་ཀྱང་མ་མཐོང་བའི་ཕྱིར་ཞེས་པ་ལ་རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་དགག་ཚིག་བྱུང་བ་དང་། མདོར་ན་ཕྱི་རོལ་རྒྱང་འཕེན་པའི་ལྟ་བ་དགག་པར་དམིགས་ཏེ་བློའི་རྣམ་བཞག་ཇེ་ཞིབ་ཏུ་སོང་ཞིང་། བློའི་རྣམ་བཞག་གི་ཁུངས་ནི་མངོན་པ་མཛོད་ལ་གཏུགས་པ་མཁས་པ་རྣམས་ཞལ་མཐུན་བྱུང་ཡོད། ཚད་མ་རྣམ་འགྲེལ་ལེའུ་གཉིས་པ(ཚད་མ་གྲུབ་པའི་ལེའུ།)དང་ལེའུ་གསུམ་པ(མངོན་སུམ་ལེའུ།)ལས་ཤེས་པ་སྟོན་པའི་རྣམ་བཞག་ཁོལ་ཏུ་ཕྱུང་སྟེ་བོད་ཀྱི་ཚད་མའི་གཞུང་གི་བློ་རིག་ཞེས་པ་བྱུང་བ་དང་། རིག་པ་བློའི་མཚན་ཉིད་ཡིན་ཏེ། རང་ཡུལ་རང་ངོར་སྣང་བའི་རིག་པ་ཡིན་པས་དེ་ལྟར་བརྗོད། གསལ་བར་བརྗོད་ན་ཡུལ་ཅན་གྱི་ཤེས་པ་དེར་བློ་རིག་ཟེར། བོད་དུ་ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་བློ་རིག་སྤྱི་དོན་ལུང་རིགས་རིན་ཆེན་གཏེར་མཛོད་ཅེས་པ་དང་པཎ་ཆེན་བསོད་གྲགས་ཀྱི་བློ་རིགས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བློ་རྟགས་ཀྱི་རྣམ་བཞག་ལུང་རིགས་སྙིང་པོ་མཁས་པ་དགྱེས་བྱེད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་ཕྲེང་། བསེ་ངག་དབང་བཀྲ་ཤིས་ཀྱི་བློ་རིག་མཐའ་དཔྱོད་སོགས་བློ་རིགས་ཀྱི་བསྟན་བཅོས་གྲགས་ཅན་མང་པོ་བྱུང་བ་དང་། བློའམ་ཤེས་པའི་ངོ་བོ་དང་དབྱེ་བ་སོགས་ལ་ཞིབ་འཇུག་ཕྲ་ཞིབ་བྱས་ཏེ་རྒྱ་གར་དང་རྒྱ་ནག་གི་ཚད་གཞུང་གང་ལའང་མེད་པའི་བོད་རང་གི་ཚད་མ་རིག་པའི་བློ་རིགས་ཀྱི་རིག་གཞུང་རང་མཚན་པ་ཞིག་གྲུབ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-09

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།