ཆོས་གྲགས་ཀྱི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་དཔོན་ཆོས་གྲགས་ཀྱི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ་ལ་ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཞེས་པ་དང་། རྣམ་ངེས་ཊིཀྐ། སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ། རྣམ་འགྲེལ་བསྡུས་དོན་ཐར་ལམ་གསལ་བྱེད། འབྲེལ་བ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་བོ། རྣམ་ངེས་ཊིཀྐ་ཆེན་དགོངས་པ་རབ་གསལ་སྟོད་ཆ་དང་སྨད་ཆ། རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་གསལ་བྱེད་དང་ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་བོའི་གཏེར། རྣམ་ངེས་ཊིཀྐ་དགོངས་པ་རབ་གསལ། ཚད་མ་རིགས་ཐིགས་ཀྱི་ཊིཀྐ་སོགས་ཧ་ཅང་མང་པོ་བྱུང་།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆོས་གྲགས་ཀྱི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ།
རིགས།
ཚད་མ།
1 ​ནང་དོན་མདོར་བསྟན། 

དེ་ཡང་གྲོ་ལུང་བས།  དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །  རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། ། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །  སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་གསུངས་པ་ལྟར་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ(1059--1109)ཀྱིས་ཚད་གཞུང་མང་པོ་བོད་སྐད་དུ་བསྒྱུར་ཐོག་ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཞེས་པའི་སྔོན་མེད་གཞུང་འགྲེལ་རྨད་དུ་བྱུང་བ་འདི་ཉིད་མཛད་པ་དང་།  དེ་ནི་བོད་རང་གི་མཁས་པས་མཛད་པའི་ཚད་མའི་གཞུང་འགྲེལ་གྱི་བསྟན་བཅོས་ཐོག་མ་ཡིན་ལ།  ཡོངས་གྲགས་སུ་འདིའི་གོང་དུ་གཙོ་བོ་རྒྱ་གར་གྱི་ཚད་མའི་གཞུང་ལ་སློབ་གཉེར་བྱེད་པ་ལས་བོད་རང་གི་མཁས་པས་མཛད་པའི་ཚད་མའི་གཞུང་འགྲེལ་གྱི་བསྟན་བཅོས་མེད་པ་དང་། འདི་ནས་བཟུང་རྒྱ་གར་གྱི་ཚད་མའི་བསྟན་བཅོས་ལ་གཞུང་འགྲེལ་མཛད་པའི་འགོ་ཚུགས་པར་བཤད།  ཁོང་གི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་དང་ཤེས་རབ་འབར།   སྟོད་ལུང་རྒྱ་དམར་བ་སོགས་ཀྱིས་ཀྱང་རྣམ་ངེས་ཊིཀྐ་སོགས་ཚད་མའི་གཞུང་འགྲེལ་མང་དུ་མཛད་པར་གྲགས།  ཕྱིས་སུ་ས་སྐྱ་པཎྡི་ཏ(1182--1251)བྱོན་པ་དང་རྣམ་འགྲེལ་གྱི་འགྲེལ་བ་ཚད་མ་རིགས་གཏེར་དང་རང་འགྲེལ་མཛད།  ཁོང་ནི་རྣམ་འགྲེལ་གྱི་གཞུང་འགྲེལ་རྩོམ་མཁན་དང་པོ་ཡིན།  འུ་ཡུག་པ་རིགས་པའི་སེང་གེས་ས་པཎ་ནས་རྣམ་འགྲེལ་གསན་སྦྱོང་མཐར་ཕྱིན་གནང་མཐར་རྣམ་འགྲེལ་གྱི་འགྲེལ་བ་རིགས་མཛོད་མཛད་པ་དང་།  རྗེའི་རྣམ་ཐར་དུ་རྗེ་རིན་པོ་ཆེས་རིག་མཛོད་ལ་གཟིགས་པས་ཐུགས་འཕྲོག་སྟེ་སྤྱན་ཆབ་འཁྲུགས་ཞེས་བཀོད་པར་བརྟག་ན་བསྟན་བཅོས་འདི་ནི་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་པ་ཤེས་ཐུབ།  དེ་ནས་རྗེ་བློ་བཟང་གྲགས་པས(1357--1419)དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་ཅིང་རྗེ་རེད་མདའ་བའི་མདུན་ནས་རྣམ་འགྲེལ་གསན།  ཁོང་གིས་སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་དང་ཚད་མའི་བརྗེད་བྱང་ཆེན་མོ་སྟེ་ཚད་མའི་ལམ་བསྒྲིགས་གཉིས་དང་། རྣམ་འགྲེལ་བསྡུས་དོན་ཐར་ལམ་གསལ་བྱེད། འབྲེལ་བ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་བོ། རྣམ་ངེས་ཊིཀྐ་ཆེན་དགོངས་པ་རབ་གསལ་སྟོད་ཆ་དང་སྨད་ཆ། རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་གསལ་བྱེད་དང་ཚད་མ་རིགས་ཐིགས་ཀྱི་འགྲེལ་བ་ལེགས་བཤད་སྙིང་བོའི་གཏེར་སོགས་ཚད་མའི་བསྟན་བཅོས་མང་པོ་མཛད་ཡོད་པ་དང་།  གཞན་ད་དུང་ཁོང་གི་ཚད་མའི་གསུང་བཤད་ཟིན་བྲིས་སུ་བཏབ་པའང་མང་དུ་ཡོད་པར་སྣང་སྟེ།  གསུང་འབུམ་ན་བཞུགས་པའི་རྣམ་འགྲེལ་ལེའུ་གསུམ་པ་མངོན་སུམ་ལེའུ་ཊིཀྐ་རྗེའི་གསུང་བཞིན་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་དང་།  བཀྲ་ཤིས་ལྷུན་པོའི་པར་མར་མངོན་སུམ་ལེའུ་བརྗེད་བྱང་ཆེན་མོ་རྒྱལ་ཚབ་རྗེས་ཟིན་བྲིས་བཏབ་པ་གཉིས་ཡོད།  ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ།  རྒྱལ་བ་དགེ་འདུན་གྲུབ་གསུམ་གྱིས་དགོན་པ་བཏབ་པ་དང་ཚད་མའི་གཞུང་འགྲེལ་མཛད་པ། གདུལ་བྱ་ལ་ཚད་མའི་འཆད་ཉན་སྤེལ་བ་སོགས་ཚད་མ་རིག་པའི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱལ་ཚབ་རྗེས་ལོ་བཅུ་གཉིས་རིང་ལ་རྗེའི་མདུན་ནས་ཚད་མ་རིག་པ་སོགས་གསུང་ཚད་གསན་ཞིང་གསན་ཚད་བཟུང་། བཟུང་ཚད་མི་བརྗེད་པར་བྱས་ཏེ་རྗེའི་གསུང་བཤད་གཞིར་བཞག་ནས་རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་རྣམ་ངེས་ཊིཀྐ་དགོངས་པ་རབ་གསལ།  ཚད་མ་རིགས་ཐིགས་ཀྱི་ཊིཀྐ། ལྷ་དབང་བློའི་རྗེས་སུ་འབྲང་བའི་རྣམ་འགྲེལ་གྱི་ས་བཅད་ཆེན་མོ།  ཕྱོགས་སྒྲ་འཇུག་ཚུལ་ཉུང་ངུ། ཚད་མ་རིགས་གཏེར་གྱི་ཊིཀྐ།  འབྲེལ་བ་བརྟག་པའི་རྣམ་བཤད་ཚད་མའི་བསྟན་བཅོས་ཆེ་ཆུང་བཅུ་གཉིས་ལྷག་མཛད་ཡོད།  མཁས་གྲུབ་རྗེས་ས་སྐྱ་བའི་མཁས་པ་མང་པོའི་ཞབས་ལ་གཏུགས་ནས་སྡེ་བདུན་གསན།  རྗེ་བླ་མར་རྩོད་པར་ཡོང་བར་དྲི་བ་དྲིས་ལན་བྱས་པས་ང་རྒྱལ་བཅགས་ཤིང་རྗེའི་སློབ་མར་གྱུར། ཚད་མ་སོགས་རྒྱ་ཆེར་གསན་ཏེ་སྡེ་བདུན་ཡིད་ཀྱི་མུན་སེལ་དང་རྣམ་འགྲེལ་ཊིཀྐ་ཆེན་རིགས་པའི་རྒྱ་མཚོ། ཚད་འབྲས་ཆེན་མོ་དང་བཅས་བསྟན་བཅོས་ཆེན་པོ་གསུམ་མཛད། རྒྱལ་བ་དགེ་འདུན་གྲུབ་གྱིས་སྣར་ཐང་ཆོས་གྲྭ་ཆེན་པོར་སློབ་གཉེར་གནང་བ་དང་། རྗེའི་དྲུང་ནས་ཚད་མ་རྣམ་ངེས་དང་ཚད་འགྲེལ་སོགས་གསན་ཏེ་རྣམ་འགྲེལ་ཊིཀྐ་དང་ཚད་མ་རིགས་རྒྱན། ཚད་འབྲས་ཀྱི་རྣམ་བཞག་ཆེན་མོ་སོགས་མཛད་པ་དང་། གྲྭ་སའི་ངག་རྒྱུན་དུ་ཚད་མ་རིགས་རྒྱན་དང་སྡེ་བདུན་གཉིས་ལ་སྤྱི་དོན་རྣམ་གཉིས་དང་། ཐར་ལམ་གསལ་བྱེད་དང་ཊིཀྐ་ཆེན་རིགས་པའི་རྒྱ་མཚོ་གཉིས་ལ་འགྲེལ་ཆེན་རྣམ་གཉིས་ཞེས་བཤད་སྲོལ་ཡོད། གཞན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་ཚད་མ་རྣམ་འགྲེལ་གྱི་ངག་དོན་ཀུན་བཟང་ཉི་མ་ཞེས་པ་དང་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ།  སྒམ་པོ་བ་བསོད་ནམས་ལྷུན་གྲུབ་ཀྱི་ཚད་མ་རིགས་གཏེར་འགྲེལ་བཤད་རིགས་ལམ་གསལ་བའི་ཉི་མ།  བཅོམ་ལྡན་རིགས་པའི་རལ་གྲིའི་ཚད་མའི་བསྟན་བཅོས་སྡེ་བདུན་རྒྱན་གྱི་མེ་ཏོག་དང་ཚད་མ་རྣམ་པར་ངེས་པའི་རྒྱན་གྱི་མེ་ཏོག་ཞེས་བྱ་བ་གཉིས། བུ་སྟོན་རིན་ཆེན་གྲུབ་ཀྱི་ཚད་མ་རྣམ་པར་ངེས་པའི་ཊིཀྐ་ཚིག་དོན་རབ་གསལ་ཞེས་བྱ་བ་སོགས་གྲུབ་མཐའི་ཕྱོགས་རིས་མེད་པར་ཚད་མའི་གཞུང་འགྲེལ་གྱི་བསྟན་བཅོས་མཐའ་ཡས་པ་བྱུང་བར་གྲགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-09

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།