ཕྱོགས་གླང་གི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ།
སློབ་དཔོན་ཕྱོགས་གླང་གིས་ཚད་མ་ལ་སོགས་པའི་བསྟན་བཅོས་ཐོར་བུ་བརྒྱ་རྩར་ལོངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཚད་མ་ཀུན་བཏུས་མཛད་དེ་ཚད་མ་རིག་པའི་ཤིང་རྟའི་སྲོལ་ཕྱེ་ཡང་། ཆོས་འབྱུང་དང་བསྟན་འགྱུར་ལས་ཤེས་གསལ་ལྟར་བོད་དུ་ཁོང་གི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ་ཤིན་ཏུ་ཉུང་། ཚད་མ་ཀུན་བཏུས་ཀྱི་གཞུང་འགྲེལ་སྐོར་ལ་ཤེས་བྱའི་གཏེར་མཛོད་ལས། ཕྱོགས་ཀྱི་གླང་པོའི་ཚད་མ་མདོའི་འགྲེལ་བ་ཚད་མ་མདོའི་རྣམ་བཤད་རྒྱལ་ཚབ་རྗེས་མཛད་པ་བཞུགས་སོ་ཞེས་རྒྱལ་ཚབ་རྗེའི་འགྲེལ་བ་གཅིག་དང་། ཇོ་ནང་དཀར་ཆག་ལས། བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་གསུང་འབུམ་པོ་ཏི་ཆེ་ཆུང་བརྒྱ་ལས་བརྒལ་བ་བརྩམས། ཚད་མའི་བསྟན་བཅོས་ཚད་མ་ཀུན་བཏུས་ལས་གཏན་ཚིགས་རིགས་པའི་ལུང་སོགས་ཉི་ཤུ་ལྷག་བཞུགས་ཞེས་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་འགྲེལ་བ་གཅིག ཁང་དཀར་གྱི་ཚད་མའི་ལོ་རྒྱུས་ལས། རྙིང་མའི་བླ་མ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ཚད་མ་ཀུན་བཏུས་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ་ཞེས་པ་ཀྱང་བརྩམས་ཞེས་འཇུ་མི་ཕམ་གྱི་འགྲེལ་བ་གཅིག་བཅས་ཡོད་པ་དང་། ཕྱོགས་ཆོས་དགུའི་འཁོར་ལོའི་གཞུང་འགྲེལ་སྐོར་ལ་ཤེས་བྱའི་གཏེར་མཛོད་ལས། བསྟན་དར་ལྷ་རམས་པས་ཕྱོགས་གླང་གིས་མཛད་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་བསྟན་བཅོས་གསལ་བར་བྱེད་པའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ་ཞེས་པ་མཛད་ཅེས་བསྟན་དར་ལྷ་རམས་པའི་འགྲེལ་བ་གཅིག་དང་། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་ལས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཕྱོགས་ཆོས་འཁོར་ལོའི་རྣམ་བཤད་ལེགས་བཤད་ཉི་མའི་འོད་ཟེར་ཞེས་པ་མཛད་ཅེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་འགྲེལ་བ་གཅིག་བཅས་ཡོད།
- 1 《ཤེས་བྱའི་གཏེར་མཛོད》 མི་རིགས་དཔེ་སྐྲུན་ཁང་། 1984ལོའི་པར་གཞི། དེབ་དང་པོའི་ཤོག་ངོས332སུ་གསལ།
- 2 《ཇོ་ནང་དཀར་ཆག་ཤེལ་དཀར་ཕྲེང་མཛེས》 མི་རིགས་དཔེ་སྐྲུན་ཁང་། 2005ལོའི་པར་གཞི། ཤོག་ངོས86ཏུ་གསལ།
- 3 ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས》 གངས་ལྗོངས་ནང་རིག་མཐུན་ཚོགས་པར་སྐྲུན་ཁང་། 2005-5བའི་པར་གཞི། ཤོག་ངོས97ཏུ་གསལ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2018-04-09
གསར་སྤེལ་མཁན། :བསེ་ཆང་རྡོ་རིན།