དོན་སྒྱུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྒྱུར་བྱ་གང་གི་ཚིག་ཟིན་གྱི་ནང་དོན་སོགས་གཙོ་བོར་མི་འཛིན་པར་བརྗོད་བྱའི་བསྟན་བྱ་སྤྱི་ལ་གཞིགས་ནས་ནང་དོན་ལྟར་བསྒྱུར་བའི་ཐབས་ཤིག་ལ་བྱ་སྟེ། <<སྒྲ་སྦྱོར་བམ་གཉིས>>ལས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ཞེས་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
意译
1 དོན་སྒྱུར།

དེ་ནི་བསྒྱུར་བྱ་གང་གི་ཚིག་ཟིན་གྱི་ནང་དོན་སོགས་གཙོ་བོར་མི་འཛིན་པར་བརྗོད་བྱའི་བསྟན་བྱ་སྤྱི་ལ་གཞིགས་ནས་ནང་དོན་ལྟར་བསྒྱུར་བའི་ཐབས་ཤིག་ལ་བྱ་སྟེ། <<སྒྲ་སྦྱོར་བམ་གཉིས>>ལས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས། ཞེས་འབྱུང་བ་ལྟར་ལེགས་སྦྱར་སྐད་ཀྱི་དོན་ཇི་ལྟ་བ་བཞིན་བོད་སྐད་དུ་མཚོན་པར་བྱས་པ་སྟེ། མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་བསམ་བློའི་འཁྱེར་སོ་སོགས་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་མིང་གི་གྲུབ་ཚུལ་དང་སྦྱོར་ལུགས་རྣམས་སྒྱུར་བྱེད་ཀྱི་སྐད་ལ་མཚོན་དོན་གྱི་སྒོ་ནས་གཙོ་བོར་བསྒྱུར་བ་ལ་བྱ། དེ་ཡང་སྒྱུར་བྱེད་སྐད་ཆའི་སྦྱོར་ལུགས་དང་ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་བསྟུན་ནས་ཚིག་ལ་སྣོན་འཕྲི་དང་སྣོར་སྒྱུར་སོགས་ཅི་བདེར་བྱས་ཆོག བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སྟེང་བསྟན་པ་སྔ་དར་སྐབས་ཀྱི་ལོ་པཎ་རྣམས་ཀྱིས་གཙོ་བོ་སྒྱུར་ཐབས་འདི་ཉིད་སྤྱད་པ་ཤུགས་ཆེ་སྟེ། དཔེར་ན། “ཡོ་ག”ལ་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའམ་འབྱོར་བས་ན“རྣལ་འབྱོར”ཞེས་བསྒྱུར་བ་དང་། “ས་ཏྭ”ལྟ་བུ་ལ་གཞན་དོན་གཙོ་བོར་ཡིད་ལ་སེམས་པ་དང་ཡང་ན་གཞན་དོན་སྒྲུབ་པ་ལ་སེམས་དཔའ་བ་དང་ལྡན་པས་ན“སེམས་དཔའ”རུ་བསྒྱུར་བ་ལྟ་བུས་རིགས་བསྒྲེས་སོ།།

དེ་བཞིན་དུ་དེང་དུས་རྒྱ་བོད་ཡིག་བསྒྱུར་བྱེད་པ་ལའང་དོན་སྒྱུར་གྱི་ཐབས་འདི་ཉིད་ཧ་ཅང་བྲིན་ཏེ་དཔེར་ན། 世尊一 བཅོམ་ལྡན་འདས། 自行车一ལྕགས་རྟ། 火烧云一སྤྲིན་དམར། 螺杆一ཕོ་གཅུས། 螺母一མོ་གཅུས། 硬道理一གནས་ལུགས་བསྙོན་མེད། 绿色食品一ལྷད་མེད་ཟས་རིགས། 绿色通道一བདེ་འཇགས་བགྲོད་ལམ། 活到老,学到老一མ་འཆི་བར་དུ་སློབ་སྦྱོང་བྱེད། ཅེས་དང་ཡང་ན། རིག་པ་ནང་བར་འཆི་ཡང་སློབ། ཅེས་སོགས་གཙོ་བོ་བསྒྱུར་བྱ་གང་གི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་ཡིན་ནོ།། 

1_1 ཐད་སྒྱུར་དང་དོན་སྒྱུར་བར་གྱི་འབྲེལ་བ།

ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་ཡིག་རིགས་ཀྱི་དབྱེ་བས་མ་ཁྱབ་པར་ཐུན་མོང་དུ་ཁས་ལེན་པའི་སྒྱུར་ཐབས་གལ་ཆེན་གཉིས་ཡིན་ལ། གནའ་དེང་ཕྱི་ནང་གི་མཁས་པ་རྣམས་ལ་སྒྱུར་ཐབས་དེ་གཉིས་ལ་ངོས་འཛིན་ཚུལ་དང་། གང་གཙོ་བོ་དང་གང་ཕལ་བའི་ཐད་ལ་བཞེད་པ་མི་འདྲ་བ་མང་དུ་བྱུང་ཡོད་མོད། འཇིག་རྟེན་འདིར་ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་ལམ་ཉག་གཅིག་གིས་བསྒྱུར་བའི་འགྱུར་ཞིག་མི་སྲིད་ལ། དེ་གཉིས་ཤུགས་ཆེ་ཆུང་ཙམ་ལས་ཟུང་འབྲེལ་མ་བྱས་པ་གཅིག་ཀྱང་མེད། མ་ཡིག་གི་བརྗོད་དོན་དང་བསྟུན་པ་ནི་དེ་གཉིས་ཀའི་ཐུན་མོང་གི་འོས་འགན་ཡིན། ཐད་སྒྱུར་ནི་མ་ཡིག་གི་ཚིག་ཟིན་ལ་མཐུན་ཞིང་དོན་སྒྱུར་ནི་བརྗོད་བྱ་ཧྲིལ་བོར་བསྟུན་ནས་རང་སྐད་ཀྱིས་མཚོན་པ། ཐད་སྒྱུར་ཕྲ་ཞིང་ཞིབ་ལ་དོན་སྒྱུར་ཉིང་བསྡུས་སུ་བཀོད་པ་དག་ནི་དེ་གཉིས་ཀྱི་རྩ་བའི་ཁྱད་པར་རོ།། ཡང་མ་ཡིག་གི་སྒྲ་དོན་ལ་བསྟུན་ཆེས་ན་གོ་དཀའ་བ་དང་། མ་ཡིག་གི་རྣམ་པ་ལ་བསམ་གཞིགས་ཅི་ཡང་མེད་པར་མཐའ་གཅིག་ཏུ་དོན་སྒྱུར་བྱས་ན་མ་ཡིག་གི་ཁྱད་ཆོས་ཉམས་སྲིད་པས། ང་ཚོས་ཕྱོགས་སུ་མ་ལྷུང་བའི་ཡང་དག་པའི་ལམ་ཞིག་ལ་བརྩོན་ལེན་བྱེད་དགོས། དེ་ཡང་མི་རིགས་གཉིས་ཀའི་འཚོ་བའི་ཁོར་ཡུག་དང་ཆ་རྐྱེན། རིག་གནས། ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་ཁྱད་པར་ཇི་ཙམ་ཆེ་ན་དོན་སྒྱུར་བྱ་བའི་དགོས་པ་ཡང་དེ་ཙམ་ཆེ་བ་དང་། དེ་དག་འོ་ཆུ་བཞིན་ངོ་བོ་དབྱེར་མེད་དུ་འདྲེས་ན་ཐད་སྒྱུར་བྱ་བའི་སྐབས་ཀྱང་ཇེ་ཡངས་སུ་འགྲོ་བ་ཡིན་ནོ།།

མདོར་ན། ཐད་སྒྱུར་ནི་གཙོ་བོ་མ་ཡིག་གང་གི་ཚིག་རིས་ལ་བསྟུན་ཞིང་དེའི་འགྲོས་རིམ་ལྟར་བསྒྱུར་བ་དང་། དོན་སྒྱུར་ནི་ཚིག་འགྲོས་ལ་མི་བསྟུན་པར་བརྗོད་དོན་ཧྲིལ་པོར་གཞིགས་ནས་ཉིང་བསྡུས་སུ་བསྒྱུར་བ་ཡིན། དེ་གཉིས་སྤྱོད་པའི་ཁྱབ་ཁོངས་ཀྱི་ཆ་ནས་བཤད་ན། ཐད་སྒྱུར་ནི་གཙོ་བོ་ཚན་རྩལ་རྩོམ་ལུས་དང་ལོ་རྒྱུས་ཡིག་ཚགས། སྲིད་དོན་སྐོར་གྱི་རྩོམ་ཡིག་བཅས་བསྒྱུར་བ་ལ་འཕྲོད་ཅིང་། དོན་སྒྱུར་ནི་གཙོ་བོ་སྒྱུ་རྩལ་རྩོམ་རིག་བསྒྱུར་བ་ལ་ཧ་ཅང་བྲིན་པའི་ཐབས་ཤིག་ཡིན། འོན་ཀྱང་འདི་ཡང་ཤུགས་ཆེ་ཆུང་གི་ཆ་ནས་བརྗོད་པ་གཏོགས་མཐའ་གཅིག་ཏུ་མ་ངེས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-26

གསར་སྤེལ་མཁན། :ཁྲ་ཚེ་རིང་དབང་ལྡན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།