རུ་ནང་ལྷ་རྗེ་བསོད་ནམས་དབང་གྲགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨན་པ་བསོད་ནམས་དབང་གྲགས་སམ་རུ་ནང་སྨན་རྒན་ཞེས་ཡུལ་མདོ་ཁམས་ཀྱི་ལྗོངས་སུ་གྲགས་སྙན་གྱིས་ཁྱབ་པའི་འཚོ་བྱེད་དམ་པ་ཁོང་ནི་མདོ་སྨད་ལྷོ་རྒྱུད་ཀྱི་ཕྱོགས་གཏོགས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་གི་མངའ་ཁོངས་ན་ཟངས་དཀར་སྟོད་སྨད་བར་གསུམ་ཞེས་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། སྐད་ཀྱི་སྒྲ་གདངས་སོགས་ཕྱོགས་གང་ཐད་ནས་བོད་མི་རིགས་ཀྱི་ཁྱད་ཆོས་གཙང་མ་ལྡན་སའི་འབྲོག་སྡེ་ཁག་གཅིག་མཆིས་པ་ལས། ཟངས་དཀར་བར་མའི་རུ་ནང་ཞེས་པའི་ཁྱིམ་རྒྱུད་ཅིག་ཏུ་ཕ་ཚོགས་གཉིས་དང་མ་རྟམ་སྒྲོན་གཉིས་ཀྱི་སྲས་སུ་རབ་ཚེས་ལྕགས་གླང་ལོ་སྟེ་སྤྱི་ལོ1901ལོར་འཁྲུངས་ཤིང་། བྱིས་པའི་དུས་ནས་བློ་རིག་རྣོ་ཞིང་ཡ་རབས་རང་གཤིས་དང་ལྡན་པ་ཞིག་ཡིན་པར་གྲགས་ལ། ལང་ཚོའི་དཔལ་ཡོན་སྨིན་པ་དང་ཆབས་གཅིག་རྟ་རྒྱུགས་མདའ་འཕེན་སོགས་ཕོ་རྩལ་སྣ་དགུ་ལ་ཡང་དབང་འབྱོར་བ་ལྟ་བུར་གྱུར། ལོ་བཅོ་བརྒྱད་ཙམ་གྱི་སྟེང་ནས་སྔོན་གོམས་བག་ཆགས་ཟབ་མོའི་མཐུ་སྨིན་ཏེ་དཔལ་ལྡན་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་བྱེད་པའི་དབུ་བཙུགས། བཀྲ་ཁྱོམ་ཆོས་མཛད་བློ་བཟང་དམ་ཆོས་ཞེས་མདོ་སྔགས་རིག་གནས་ཀུན་ལ་མཁས་ཤིང་བྱང་ཆུབ་ལམ་རིམ་ཆེན་མོ་དང་བཀའ་པོད་ལྔའི་རྩ་བ་སོགས་གཞུང་ཆེན་མང་པོ་ཐུགས་ལ་བཟུང་བ། གསོ་བ་རིག་པའི་གནས་ཀུན་ལ་ནང་བྱང་ཆུད་ཅིང་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་ཁྲིར་བཞུགས་པ་སོགས་ཆོས་ལུགས་གཉིས་ཀྱི་ཕྱོགས་ལ་མཁྱེན་པའི་ཉི་མ་འབར་བའི་སྐྱེས་བུ་དམ་པ་དེ་ཉིད་ཚུལ་བཞིན་དུ་བསྟེན་ཏེ་དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་མང་པོར་སྦྱང་བརྩོན་ལྷོད་མེད་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汝囊医师索郎旺扎
མིང་གཞན།
རུ་ནང་སྨན་རྒན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1901-1975.9)
འཁྲུངས་ཡུལ།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཟངས་དཀར་བར་མར་འཁྲུངས།
1 ངོ་སྤྲོད།

སྨན་པ་བསོད་ནམས་དབང་གྲགས་སམ་རུ་ནང་སྨན་རྒན་ཞེས་ཡུལ་མདོ་ཁམས་ཀྱི་ལྗོངས་སུ་གྲགས་སྙན་གྱིས་ཁྱབ་པའི་འཚོ་བྱེད་དམ་པ་ཁོང་ནི་མདོ་སྨད་ལྷོ་རྒྱུད་ཀྱི་ཕྱོགས་གཏོགས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་གི་མངའ་ཁོངས་ན་ཟངས་དཀར་སྟོད་སྨད་བར་གསུམ་ཞེས་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། སྐད་ཀྱི་སྒྲ་གདངས་སོགས་ཕྱོགས་གང་ཐད་ནས་བོད་མི་རིགས་ཀྱི་ཁྱད་ཆོས་གཙང་མ་ལྡན་སའི་འབྲོག་སྡེ་ཁག་གཅིག་མཆིས་པ་ལས། ཟངས་དཀར་བར་མའི་རུ་ནང་ཞེས་པའི་ཁྱིམ་རྒྱུད་ཅིག་ཏུ་ཕ་ཚོགས་གཉིས་དང་མ་རྟམ་སྒྲོན་གཉིས་ཀྱི་སྲས་སུ་རབ་ཚེས་ལྕགས་གླང་ལོ་སྟེ་སྤྱི་ལོ1901ལོར་འཁྲུངས་ཤིང་། བྱིས་པའི་དུས་ནས་བློ་རིག་རྣོ་ཞིང་ཡ་རབས་རང་གཤིས་དང་ལྡན་པ་ཞིག་ཡིན་པར་གྲགས་ལ། ལང་ཚོའི་དཔལ་ཡོན་སྨིན་པ་དང་ཆབས་གཅིག་རྟ་རྒྱུགས་མདའ་འཕེན་སོགས་ཕོ་རྩལ་སྣ་དགུ་ལ་ཡང་དབང་འབྱོར་བ་ལྟ་བུར་གྱུར། ལོ་བཅོ་བརྒྱད་ཙམ་གྱི་སྟེང་ནས་སྔོན་གོམས་བག་ཆགས་ཟབ་མོའི་མཐུ་སྨིན་ཏེ་དཔལ་ལྡན་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་བྱེད་པའི་དབུ་བཙུགས། བཀྲ་ཁྱོམ་ཆོས་མཛད་བློ་བཟང་དམ་ཆོས་ཞེས་མདོ་སྔགས་རིག་གནས་ཀུན་ལ་མཁས་ཤིང་བྱང་ཆུབ་ལམ་རིམ་ཆེན་མོ་དང་བཀའ་པོད་ལྔའི་རྩ་བ་སོགས་གཞུང་ཆེན་མང་པོ་ཐུགས་ལ་བཟུང་བ། གསོ་བ་རིག་པའི་གནས་ཀུན་ལ་ནང་བྱང་ཆུད་ཅིང་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་ཁྲིར་བཞུགས་པ་སོགས་ཆོས་ལུགས་གཉིས་ཀྱི་ཕྱོགས་ལ་མཁྱེན་པའི་ཉི་མ་འབར་བའི་སྐྱེས་བུ་དམ་པ་དེ་ཉིད་ཚུལ་བཞིན་དུ་བསྟེན་ཏེ་དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་མང་པོར་སྦྱང་བརྩོན་ལྷོད་མེད་གནང་།

ཁོང་གིས་བཤེས་གཉེན་གང་བསྟེན་ཀྱང་བསམ་སྦྱོར་དག་པས་བསྟེན་ཚུལ་མ་ནོར་བའི་གནས་ལ་འབད་པས་ཡོན་ཏན་ནོར་བུའི་རྒྱུན་དང་ལྡན་ཞིང་ནད་པ་སུ་ལའང་ཕན་ཐོགས་པ་སོགས་རྣམ་དཀར་བྱ་བཞག་གི་འཁོར་ལོ་ཉིན་བཞིན་གོང་འཕེལ་དུ་གྱུར་པས་འཚོ་བྱེད་སྨན་གྱི་སྒོ་ནས་འགྲོ་དོན་བྱེད་པའི་ལས་སྐལ་བཟང་པོ་དང་ཁ་འབྲལ་ཐབས་མེད་པར་གྱུར། སྤྱིར་བོད་གངས་རིའི་ལྗོངས་ཀྱི་སྨན་བརྒྱུད་གཙོ་བོ་ནི་གསོ་རིག་བསྟན་པའི་སྣང་བྱེད་གཡུ་ཐོག་རིན་པོ་ཆེའི་དགོངས་སྙིང་གཞིར་བཞག་པའི་ཟུར་མཁར་མཉམ་ཉིད་རྡོ་རྗེ་མཆོག་གི་ཕྱག་རྒྱུན་དེ་ཡིན་པར་གྲགས་ལ། མདོ་ཁམས་སྤྱི་དང་ཁྱད་པར་དུ་ཡུལ་ཕྱོགས་འདིའི་སྨན་གྱི་བརྒྱུད་རིམ་ཆེར་མི་གསལ་ཞིང་གཅིག་མཐུན་ཞིག་ཕལ་ཆེར་མེད་པའི་ཚོད་དུ་འདུག་ཀྱང་བར་སྐབས་ཤིག་གི་བརྒྱུད་རིམ་ནི། ཚུལ་འདིར་མཁས་པའི་དྲན་དབང་འགས་གསུངས་པ་ལྟར་ན། སྔོན་རྒྱལ་རོང་གི་ཕྱོགས་སུ་སྟོབས་དང་མངའ་ཐང་རྒྱས་པའི་སོ་མང་རྒྱལ་པོ་མི་དབང་ཤཱཀྱ་རྒྱལ་མཚན་ཞེས་པའི་སྐུ་རིང་ལ། ཁམས་སྡེ་དགེའི་སྨན་པ་གྲགས་ཅན་དགེ་རྩེ་ཚང་ཞེས་པ་ལོ་རེར་གདན་འདྲེན་ཞུས་ཏེ་རིམ་གྲོ་བསྒྲུབ་ཏུ་འཇུག་པ་དང་རྒྱལ་པོའི་ལུས་ཁམས་བདེ་ཐང་ཡིན་མིན་གྱི་ཕྱག་རྩར་བརྟགས་པ་སོགས་ཀྱི་ཕྱག་སྲོལ་ཡོད་ལ། རིམ་གྱིས་རྒྱལ་པོས་གཙོ་བྱས་པའི་ཡུལ་མི་ཚང་མས་མཐོང་ཆེན་དང་ཡིད་ཆེས་བྱེད་ཡུལ་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་པའི་ཚེ་སོ་མང་རྒྱལ་པོས་ཁྱོད་ཀྱིས་ངའི་ཡུལ་ལུང་འདིའི་ཐུགས་རྒྱུད་ལེགས་ཤིང་བརྩོན་པ་ཆེ་བའི་བླ་མ་བཞི་ལ་སྨན་ཁྲིད་དང་གདམས་ངག་གནང་དགོས་པའི་བཀའ་ཕབས་པར། འཚོ་བྱེད་དམ་པ་དགེ་རྩེ་ཚང་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་སོ་མང་གི་སྟག་ཅེམ་བླ་མ་དང་། ཁྲོ་ཆུའི་ཀྱམ་ཤཱ་བླ་མ། ཁོག་སྲུང་གི་སྨིན་གྲོལ་བླ་མ། ཟངས་དཀར་གྱི་བཀྲ་ཁྱོམ་བླ་མ་བྱང་ཆུབ་བློ་གྲོས་བཞི་ལ་རྒྱུད་བཞི་སོགས་གསོ་རིག་སྐོར་གྱི་དབང་ལུང་མན་ངག་གི་བདུད་རྩི་བུམ་པ་གང་བྱོའི་ཚུལ་གྱིས་གནང་བས་གསོ་རིག་བསྟན་པའི་ཆུ་བོ་ཕྱོགས་མཐར་གྱེས། བྱང་ཆུབ་བློ་གྲོས་ཀྱི་བུ་སློབ་གཙོ་བོ་བཀྲ་ཁྱོམ་མགོ་དགེ་ལེགས་ཞེས་རྒྱུད་བཞི་དང་མན་ངག་ལྷན་ཐབས། མི་ཕམ་སྔོ་སྦྱོར་སོགས་རྩ་འགྲེལ་གྱི་ཁྲིད་དང་སྨན་དབང་། ལག་ལེན་དང་ཉམས་མྱོང་སོགས་གང་ལའང་འགྲན་ཟླ་བྲལ་བའི་སྨན་པ་གྲགས་ཅན་ཞིག་བྱུང་ཞིང་། ཁོང་གི་སློབ་མའི་གཙོ་བོ་བཀྲ་ཁྱོམ་ཆོས་མཛད་བློ་བཟང་དམ་ཆོས་རྒྱ་མཚོ་ཡིན་ལ། དེར་རང་སྐྱ་འཕེར་བའི་བུ་སློབ་རྔ་པ་ཚང་གི་བསོད་ནམས་རྒྱ་མཚོ། རྟ་དཀར་སྨན་པ་ཆོས་དབྱིངས་འོད་ལྡན། མཛོད་དགེའི་སྨན་པ་ངག་དབང་སྟོབས་ལྡན། འཇུ་སྨན་པ་རྒྱ་མཚོ། རུ་ནང་སྨན་རྒན་སོགས་མང་དུ་བྱུང་བ་ལས། རུ་ནང་སྨན་རྒན་ནི་ཐུགས་ཟིན་གྱི་སློབ་མ་གཙོ་ཤོས་དང་སྨན་གྱི་འཕྲིན་ལས་ཀྱང་རྒྱས་ཤོས་ལྟ་བུར་གྱུར་ལ། བཀྲ་ཁྱོམ་ཚང་མདུན་ནས། རྒྱུད་བཞིའི་བཤད་ཁྲིད་རྒྱས་པ་དང་། མན་ངག་ལྷན་ཐབས། མི་ཕམ་སྔོ་སྦྱོར། གཡུ་ཐོག་ཆ་ལག བཀའ་རྒྱ་མ། བཻ་སྔོན་སོགས་ཀྱི་བཤད་ཁྲིད་དང་མན་ངག དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན། གཡུ་ཐོག་སྙིང་ཐིག་གི་སྨན་དབང་དང་བཀའ་སྲུང་ཞིང་བློན་སྡེ་དགུའི་སྲོག་གཏད་སོགས་མང་དུ་གསན། རུ་ནང་སྨན་རྒན་འདི་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་སུ་ཡིན་ཡང་ཐུགས་རྩིས་འཇོག་ཅིང་མཐོང་ཆེན་བྱེད་པར་གྲགས་ལ། ཁྱད་པར་བཀྲ་ཁྱོམ་ཚང་གིས་ཁྱོད་གྲྭ་ས་ཞིག་ཏུ་སོང་ཡོད་རྒྱུ་ན་དགེ་བཤེས་ཆེན་པོ་ཡོང་རྒྱུ་རེད་ཅེས་གསུངས་པར་བཤད། དུས་རྒྱུན་ཉམ་ཐག་ནད་པ་ཆེས་མང་པོར་ནད་བརྟག་སྨན་སྦྱིན་དང་སྨན་ཕྲུག་དོན་གཉེར་ཅན་དག་ལ་དཔེ་ཁྲིད་སོགས་བྲེལ་ཟིང་ཤིན་ཏུ་ཆེ་ཡང་། སྨན་ལ་སློབ་གཉེར་བྱེད་པའི་དབུ་བཙུགས་པ་ནས་བཟུང་རྒྱུད་ཆུང་གསུམ་པོ་ཚར་རེ་འདོན་པ་ཆག་མེད་བྱས། ནད་པར་བལྟ་བའི་ཆེད་དུ་འཁྱག་ལྟོགས་བཟོད་ཅིང་ཚེགས་ཡོལ་མེད་པ། ཡུལ་དང་ས་ཕྱོགས་མི་གཅིག་པའི་ཐག་རིང་གི་ནད་པར་ལྷག་པར་བྱམས་ཤིང་སྙིང་རྗེས་སྐྱོང་བ་སོགས་ཁྱད་པར་འཕགས་པའི་རང་གཤིས་བཟང་པོ་དང་ལྡན་ཞེས་ད་ལྟའི་དུས་འདིར་ཡང་རྒན་བགྲེས་མང་པོས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བར་བྱེད། ན་ཚོད་དྲུག་ཅུའི་ཁུར་གྱིས་ནོན་སྐབས་ཀྱང་སྨན་སྣ་ལྔ་བརྒྱ་ལྷག་བསྡུ་ལེན་དང་སྒྲིག་སྦྱོར་བྱས་ཏེ། ལོ་རེའི་མི་འདོད་སྡུག་བསྔལ་དྲག་པོས་མནར་བའི་ཉམ་ཐག་པའི་ནད་པ་སྟོང་ཕྲག་གཉིས་ལྷག་སྨན་བཅོས་གནད་སྨིན་བྱས་པས། བསྟོད་པའི་མཐེ་བོང་བསྒྲེངས་ཤིང་གུས་པའི་ཐལ་མོ་སྦྱར་ཡུལ་དུ་གྱུར་ལ་སྨན་པའི་རྒྱུ་དྲུག་ཚང་ཞིང་རྒྱུད་ན་བྱམས་དང་སྙིང་རྗེ་བཅོས་མིན་གྱིས་འཁྱིལ་ནས་ཡོད་པ་ཞིག་ཡིན་ཞེས་ཀུན་གྱིས་གླེང་།

མདོར་ན་རུ་ནང་སྨན་རྒན་ཚང་གིས་ཁྱུང་མཆུ་རྫོང་དང་རྔ་བ། མཛོད་དགེ། ཁོག་སྲུང་། འབར་ཁམས། ཁྲོ་ཆུ། ལིས་རྫོང་། ཟུང་ཆུ། མའོ་རྫོང་སོགས་རྒྱ་བོད་རིས་མེད་ཀྱི་ནད་པ་ཁྲི་ཕྲག་མང་པོ་ཟུག་རྔུ་དྲག་པོའི་གདུང་བ་ལས་བསྐྱབས་ཤིང་ཚེ་སྲོག་གསར་པའི་དངོས་གྲུབ་གནང་། རུས་སྲིན་དང་། དྲེག་གྲུམ། མཆིན་ནད་ལྡེམ་བུ། སྙིང་རླུང་། ཕོ་བ་སྨུག་པོ། རུས་ཆག་སོགས་བཅོས་པ་ལ་གཞན་དང་མི་འདྲ་བའི་མན་ངག་དང་ལག་རྩལ་ཁྱད་པར་ཡོད་པས་རུ་ནང་སྨན་རྒན་ཞེས་གྲགས་པ་ཕྱོགས་སུ་རྒྱས། དུས་འགྱུར་གྱི་རྗེས་སུ་གོང་རིམ་གྱིས་བཀས་བཀོད་བཞིན་ལུས་སེམས་དྲང་མོས་ཕྱུགས་རིགས་སྨན་པ་དང་འགོ་ནད་འགོག་བཅོས་ཟུང་འབྲེལ་གྱི་ཕྱག་ལས་ཀྱང་གནང་མོད། ལོ་བཅུའི་རྙོག་ཟིང་གི་གདུག་རྩུབ་ཁྲོད་ཉེས་མེད་ཚུལ་མཐུན་གྱི་སྨན་པ་འདི་ལའང་ཁྲིམས་ཞྭ་ནག་པོ་བསྐོན་ཞིང་སྡུག་བསྔལ་སྣ་ཚོགས་ཀྱི་ཀློང་ནས་དུས་ཚོད་རིང་ཙམ་བསྐྱལ་དགོས་བྱུང་། དེ་དག་གི་སྐབས་སུའང་ལྐོག་ཏུ་སྨན་བཅོས་དང་གསོ་རིག་གི་བསྟན་པ་མི་ཉམས་པའི་ཐབས་ལ་འབད་པ་དྲག་པོ་བྱས། གསུང་སྐྱེས་བུ་སློབ་གཙོ་བོ་ལ། ཚུལ་ཁྲིམས་རྒྱ་མཚོ། སྐལ་བཟང་འཕེལ་རྒྱས། རྡོ་རམས་པ་ཤེས་རབ། མགར་སྤྲུལ་འཇམ་དབྱངས་ཤེས་རབ། ལི་ཕྲུལ་འཇམ་དབྱངས་ཤེས་རབ། སྨན་པ་ཆོས་ལྡན། རྒྱོ་ཤུལ་ཤེར་བསྟན། སྐ་པེ། དམ་པ་ཆོས་འཛིན། སྡེ་སྣོད། རིག་ལྡན། ཤེར་བསྟན། ཚོགས་སྐྱབས། སོ་མང་བླ་མ་མགོན་པོ་སོགས་མང་དུ་བྱུང་ཞིང་། དེ་དག་གིས་ཀྱང་བོད་ཀྱི་གསོ་བ་རིག་པ་མི་ཉམས་གོང་འཕེལ་གྱི་ཕྱོགས་ལ་རང་ནུས་ཡོད་དགུ་བཏོན་ཞིང་ཁོང་གི་མཛད་འཕྲིན་དཀར་པོའི་རྒྱུན་བཟང་བསྐྱངས་དང་སྐྱོང་བཞིན་པའི་སྐབས་ལགས་སོ།། དེ་ལྟར་གཞན་ཕན་གྱི་བྱ་བར་ཐུགས་བརྩོན་ཆེ་ཞིང་མཆོག་གསུམ་ལ་དད་པ་དང་ལས་འབྲས་ལ་ཡིད་ཆེས་བརྟན་པའི་རུ་ནང་སྨན་རྒན་བསོད་ནམས་དབང་གྲགས་ཁོང་གིས་མི་ཚེ་གང་བོ་གསོ་བ་རིག་པའི་བསྟན་པ་གོང་འཕེལ་དང་ཉམ་ཐག་ནད་པ་ཁྲི་སྟོང་མང་པོའི་ཆེད་དུ་ཕུལ་རྗེས། དགུང་ལོ་དོན་ལྔར་སླེབས་པ་རབ་རྒྱལ་ཤིང་ཡོས་ལོ་སྟེ་སྤྱི་ལོ1975ལོའི་ཟླ་དགུ་པའི་ནང་དུ། ལུས་ལ་ན་ཚ་སོགས་ཅི་ཡང་མེད་མོད་ཉིན་ཞིག་ཐུགས་ཟིན་གྱི་སློབ་མ་ཚུལ་ཁྲིམས་རྒྱ་མཚོ་དང་སྐལ་བཟང་འཕེལ་རྒྱས་གཉིས་ལ། མདང་ངའི་རྨི་ལམ་དུ་རྒྱ་སར་གོས་གསར་པ་གྱོན་པ་གཟུགས་ཤིན་ཏུ་མཛེས་པ་གཉིས་ཡོང་སྟེ། ཁྱོད་སྤོས་ཀྱིས་ཡོངས་སུ་གང་བའི་ཞིང་ཁམས་སུ་ཨེ་འགྲོ་ཞེས་དྲི་བ་ཞིག་རྨིས། དེ་ཞིབ་ཏུ་བརྟག་ན་གསེར་བཟང་དྲི་མེད་ཀྱི་ཞིང་འཁྲུལ་བ་མེད་པ་རེད་བསམ་ནས་ཤིན་ཏུ་དགའ་བ་ཞིག་བྱུང་ཞེས་བཤད། དེ་ནས་ཉིན་བཅུ་ཡས་མས་ཤིག་འགོར་རྗེས་མི་ལོ་བདུན་ཅུ་ལྷག་གི་རྐང་རྗེས་ཟབ་མོ་ཡུལ་གངས་རིའི་ལྗོངས་སུ་བཞག་སྟེ་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་པར་གྱུར་ཏོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།