ཆའང་རིགས་ཀྱི་ལོ་སར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆའང་གི་ལོ་སར་ནི་ལོ་གཅིག་གི་ནང་ཆའང་རིགས་མི་དམངས་ཀྱི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་ཞིག་ཡིན་པ་དང་། ལོ་རེའི་ཧོར་ཟླ10པའི་ཚེས1ཉིན་ཡིན། སྤྱིར་བཏང་དུ་ཉིན་གསུམ་མམ་ལྔ་ཙམ་དུ་ལོ་སར་རོལ་བ་དང་གྲོང་སྡེ་ལ་ལས་ཉིན་བདུན་ནམ་བརྒྱད་རིང་རྟེན་འབྲེལ་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
羌历年
ཆའང་སྐད་ཀྱི་མིང་།
རི་མེ་ཅེ།
ཁྱབ་པའི་ས་ཆ།
སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་གཙོ་བོར་བྱས་པའི་ཆའང་རིགས་འདུས་སྡོད་ས་ཁུལ།
གོ་གནས།
སྤྱི་ལོ2008ལོའི་ཟླ6པར་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྐོར་གཉིས་པའི་དཀར་ཆག་ནང་དུ་བཀོད་ཡོད།
1 འབྲེལ་ཡོད་ངག་རྒྱུན། 

ཆའང་གི་གནམ་ལོ་གསར་སྲོལ་ནི་ཆའང་རིགས་ཀྱི་གདོད་མའི་ཆོས་ལུགས་ཀྱི་ལྷ་འབེབས་མཁན་གྱི《བསྟན་བཅོས་མུའུ་ཅེ་ཀྲུའུ》ཞེས་པ་ལས་བྱུང་། བཤད་སྲོལ་ལྟར་ན། མུའུ་པའི་བུ་མོ་ཆུང་བ་མུའུ་ཅེ་ཀྲུའུ་ཨུ་ཚུགས་ཀྱིས་མི་ཡུལ་ལ་བབས་ཏེ་ཆའང་རིགས་ན་གཞོན་ཏོའུ་ཨན་ཀྲུའུ་དང་གཉེན་སྒྲིག་བྱས་པ་དང་། མི་ཡུལ་དུ་འབབ་སྐབས་ཕ་མས་སྡོང་བོ་དང་འབྲུ་རིགས་ཀྱི་ས་བོན་དང་སྒོ་ཕྱུགས་སོགས་འཁྱེར་རྒྱུ་གྲ་སྒྲིག་བྱས་པ་དང་། ཁོ་མོ་མི་ཡུལ་དུ་སླེབས་རྗེས་མྱུར་དུ་མིའི་རིགས་འཕེལ་སྐྱེད་བྱུང་ཞིང་། སྡོང་སོན་རྣམས་ནགས་ཚལ་ཆེན་པོར་གྱུར་པ་དང་ཞིང་ཕྱུགས་ལ་ལོ་ལེགས་བྱུང་། ཁོ་མོས་ཕ་མའི་དྲིན་ལན་དེ་འཇལ་ཆེད་ལོ་ལེགས་བྱུང་བའི་འབྲུ་རིགས་དང་སྒོ་ཕྱུགས་ཐམས་ཅད་ཐང་ལ་བཀྲམ་ནས་གནམ་ལ་མཆོད་འབུལ་བྱས་པ་དང་། ཉིན་དེ་ནི་ཆའང་ལོའི་ཟླ10པའི་ཚེས1ཉིན་ཡིན་ཞིང་། ལོ་དེ་ནས་བཟུང་ལོ་རེ་བཞིན་ཆོ་ག་དེ་གཏོང་བ་རིམ་གྱིས་ཡུལ་སྲོལ་གོམས་གཤིས་སུ་གྱུར། གནའ་བོའི་ཆའང་ལོའི་ལྷ་འབེབས་མཁན་གྱིས་མོ་འདེབས་བྱེད་པ་ཕུད། ཆའང་རིགས་རྣམས་ཀྱིས་ཆའང་ལོའི་ཟླ10ཚེས1ཉིན་ལོ་སར་བྱེད་སྲོལ་དེ་དུས་ཚིགས་ཀྱི་འགྱུར་ལྡོག་ལྟར་རིམ་གྱིས་ཧོར་ཟླ10ཚེས1ཉིན་བྱེད་པར་གྱུར།

2 ལོ་སར་རོལ་སྟངས། 

ཆའང་གི་ལོ་སར་སྐབས་ཀྱི་མཆོད་འབུལ་དང་དུས་ཆེན་གྱི་བྱ་འགུལ་བྱེད་པར་གནམ་ལོ་མ་སར་གོང་དུ་ཁྱིམ་ཚང་སོ་སོས་ཁང་བར་གཙང་སྦྲ་བྱེད་པ་དང་བྱེས་སོང་རྣམས་ཀྱང་ཕྱིར་ཐོན་ཐུབ་པར་བྱེད་པ་དང་། བཟའ་བཏུང་སྣ་ཚོགས་གང་ལེགས་ཀྱིས་གྲ་སྒྲིག་དང་། གོས་གསར་འཚེམ་བཟོ་བྱེད་པ་དང་། ལ་ལས་གཉེན་སྒྲིག་སྟོན་མོ་ཡང་བྱེད་པས། སྐབས་དེར་ཆེས་བྲེལ་བ་ཆེ་དུས་རེད། དུས་ཆེན་གྱི་སྐབས་སུ་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་གོས་གསར་བ་གྱོན་ནས་མཆོད་འབུལ་བྱ་འགུལ་དང་རྩེད་མོར་ཞུགས། ཆའང་རིགས་རྣམས་ཀྱིས་ཧོར་ཟླ་དང་བོའི་ལོ་སར་གཏོང་སྐབས། རྒྱལ་ཟླ་མཇུག་ནས་ལོ་ཕག་བཤའ་ཞིང་རྡོ་དཀར་དང་མེས་བོ་རྣམས་ལ་མཆོད་པ་བྱེད་པ་དང་། ལྷན་དུ་བཟའ་བཏུང་བྱེད་པ་རེད། སྒོ་ལ་སྦྱར་ཡིག་དང་ལོ་རིས་སྦྱར། ལོ་སར་ཚེས1ཉིན་སྒོ་ཕྱིར་མི་འགྲོ་ཞིང་ཚེས་གཉིས་ཉིན་ལོ་གསར་འཚམས་འདྲི་བྱེད་པ་དང་། དེའང་ཐོག་མར་མེས་པོ་ལ་འཚམས་འདྲི་དང་རྗེས་སུ་རྒན་རྒོན་ལ་འཚམས་འདྲི། མཐར་གཉེན་ཉེ་ལ་འཚམས་འདྲི་བྱེད། ཚེས5ནས8བར་གྲོང་སྡེའི་མི་ཡོངས་ཀྱིས་མཉམ་དུ་ཆང་འཐུང་བ་དང་བྲོ་འཁྲབ་པ་རེད། གྲོང་སྡེ་ཡོངས་ཀྱི་ན་གཞོན་རྣམས་ཀྱིས་གོས་ཁྲ་ཁྲ་གྱོན་པ་དང་སྐེ་རགས་ཚོན་ཅན་བཅིངས་ཤིང་སྐེད་པར་ཁྲེ་ཙི་གཉིས་ལྷག་ཡོད་པའི་སྨྱུག་མ་འཛུགས་ཤིང་དེའི་ནང་བྱ་སྒྲོ་གསུམ་འཛུགས། རྒན་རྒོན་རྣམས་ཀྱིས་ཀྱང་གོས་གཙང་མ་རེ་གྱོན་ནས་བྱ་འགུལ་དུ་ཞུགས་ཏེ་རྟེན་འབྲེལ་བྱེད། རྒན་རྒོན་རྣམས་ཀྱིས་གཞས་སྣེ་དྲངས་ནས་ཚང་མས་རྟེན་འབྲེལ་གྱི་གླུ་མཉམ་ལེན་དང་། སྐོར་བྲོ་མཉམ་འཁྲབ། ཆང་ལྷན་འཐུང་བཅས་བྱེད།

3 ཡུལ་སྲོལ་གོམས་གཤིས། 

ཆའང་རིགས་ལོ་སར་སྐབས་མཆོད་འབུལ་བྱེད་སྐབས་ཐོག་མར་མཆོད་སྦྱིན་པས་ནོར་ལུག་བསད་དེ་ལྷ་ལ་མཆོད། རྗེས་སུ་མི་བཞིས་རྡོ་དཀར་བཏེགས་ནས་གྲོང་སྡེ་ཡོངས་ལ་སྐོར་བ་རྒྱག་པ་དང་། ཁྱིམ་ཚང་ལ་ལས་གྲོ་ཕྱེས་ནོར་ལུག་སོགས་ཀྱི་གཟུགས་གསོབ་བཟོས་ཏེ་གནམ་ལྷ་དང་མེས་པོ་རྣམས་ལ་མཆོད་པ་དང་ཕག་བསད་དེ་མཆོད་མཁན་ཡང་ཡོད། ས་གནས་ཁ་ཤས་ནས་མཆོད་སྦྱིན་པས་མཆོད་འབུལ་སྟེགས་བུར་གར་འཁྲབ་དང་ར་བསད་དེ་ཁྲག་གིས་མཆོད་འབུལ་བྱེད་པ་དང་ར་ཤ་དེ་ཁྱིམ་ཚང་རེ་རེ་བཞིན་བགོ་བ་དང་། ཆའང་ལོའི་རྟེན་འབྲེལ་ནི་ལོ་དེར་མི་དར་མ་མ་ཤི་ན་རྩིག་ངོར་གཡུང་དྲུང་དཀར་བོ་ཞིག་འཛུགས་ལ་དེས་མི་ཕྱུགས་འཕེལ་སྐྱེད་དང་འབྲུ་རིགས་ལོ་ལེགས་བྱུང་བ་མཚོན།

4 ད་ལྟའི་གནས་བབ། 

སྤྱི་ལོ1987ལོའི་ཧོར་ཟླ10པའི་ཚེས1ཉིན། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཁྲེང་ཏུའུ་ནས་ཆའང་ལོ་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚོགས། དེའི་རྗེས་སུ། ལོ་རེའི་ཧོར་ཟླ10པའི་ཚེས1ཉིན་ནི་ཆའང་རིགས་ས་ཁུལ་གྱི་ལོ་སར་ཡིན་པར་གཅིག་གྱུར་བྱས་པ་དང་། སྤྱི་ལོ1988ལོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཉིན་དེ་ཆའང་རིགས་མི་དམངས་ཀྱི་ཁྲིམས་བཀོད་དུས་སྟོན་ཡིན་པར་གཏན་འཁེལ་བྱས། དེའི་རྗེས་སུ་རྟེན་འབྲེལ་བྱེད་སྒོ་དེ་གྲོང་སྡེ་ནང་དུ་སྤེལ་བར་མ་ཟད། ཡུལ་ཚོ་དང་གྲོང་རྡལ། མཐར་ན་རྫོང་གིས་རྩ་འཛུགས་བྱས་ནས་ཆའང་རིགས་ལོ་སར་ལ་རྟེན་འབྲེལ་བྱེད་པའི་བྱེད་སྒོ་སྤེལ་བ་རེད། ཆའང་རིགས་རིག་གནས་དེ་སྤྱི་ལོ2008ལོའི་ཝུན་ཁྲོན་ས་འགུལ་ཁྲོད་དུ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པས། དེ་ལ་མྱུར་སྐྱོབ་བྱ་དགོས་པ་རེད། གསར་འགྱུར་དུ་བཀོད་པ་ལྟར་ན། མིག་སྔར་ཆའང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་གི་ཚོད་ལྟ་སྤེལ་ཁུལ་འཛུགས་པའི་འཆར་གཞི་བཀོད་ཀྱི་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།