ཐེ་བོ་ཤྭ་བ་ཁྲ་རིས་རང་བྱུང་སྲུང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེ་བོ་ཤྭ་བ་ཁྲ་རིས་རང་བྱུང་སྲུང་སྐྱོང་ཁུལ།
ཐེ་བོ་ཤྭ་བ་ཁྲ་རིས་རང་བྱུང་སྲུང་སྐྱོང་ཁུལ་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཤྭ་བ་ཁྲ་རིས(སི་ཁྲོན་གྱི་ཤྭ་བ་ཁྲ་རིས་ཀྱང་ཟེར)ཀྱི་ཁྱིམ་གཞིས་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ130ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི2500ཡོད། ཐེ་བོ་ཤྭ་བ་ཁྲ་རིས་སྲུང་སྐྱོང་ཁུལ་ལ་མི་རྣམས་འཚོ་གཞིས་ལ་འཚམ་པའི་གནམ་གཤིས་ཡོད་པར་མ་ཟད། རྩི་ཤིང་སྣ་ཚོགས་ཀྱིས་རི་ལུང་ཡོངས་སུ་གཡོག་ཡོད། འདི་ལྟར་ཐུན་མིན་གྱི་ས་གནས་ཁོར་ཡུག་ཅིག་གིས་རི་སྐྱེས་སྲོག་ཆགས་འཚོ་སྡོད་ལ་ལྷག་ཏུ་འཚམ་པའི་སྤྲོ་སྐྱིད་གླིང་ཞིག་འདོན་སྤྲོད་བྱས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐེ་བོ་ཤྭ་བ་ཁྲ་རིས་སྲུང་སྐྱོང་ཁུལ།
རྒྱ་ཡིག་གི་མིང་།
铁布梅花鹿自然保护区
རྒྱ་ཁྱོན།
ཕལ་ཆེར་སྤྱི་ཆིང་ཁྲི2ཙམ་ཡོད།
ནགས་ཚལ་གྱིས་ཁེབས་ཚད།
བརྒྱ་ཆ53ཡིན།
ས་གནས།
སི་ཁྲོན་མཛོད་དགེ་རྫོང་གི་ཤར་བྱང་མཐའ་རྒྱུད།
1 ​སྲུང་སྐྱོང་ཁུལ་གྱི་ལོ་རྒྱུས།

འདས་པའི་ལོ་རྒྱུས་སུ། རྔོན་པའི་ལག་འོག་ནས་ཐར་ཅིང་། གནས་འདི་རུ་ཡུན་རིང་དུ་དར་ཞིང་འཕེལ་བ་ནི་ཡུལ་དེ་གའི་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་བཀའ་དྲིན་ཡིན། བཤད་རྒྱུན་ལྟར་ན། ཤྭ་བ་ཁྲ་རིས་འཚོ་སྡོད་བྱེད་པའི་གནས་རི་ཟིན་ན་ནི་བཟང་ལ་བྱ་དགའ་དང་ངན་ལ་ཆད་པ་གཅོད་པར་མཁས་ཤིང་། ཟིལ་ཤུགས་བླ་ན་མེད་པའི་གནས་རི་ཞིག་ཡིན། གནས་རི་དེས་ཚོང་རུ་ཚོ་ཁག་ཚང་མ་སྲུང་སྐྱོང་བྱེད་བཞིན་ཡོད། ཤྭ་བ་ཁྲ་རིས་ནི་གནས་རི་ཡི་སྒོ་ཟོག་ཡིན་པས། སུ་ཞིག་གིས་ཀྱང་འཚེ་བར་བྱེད་པའི་མ་རུང་བའི་ལས་བགྱི་མི་ཕོད། དེ་འདྲ་མིན་ན། གནས་རི་ཁོང་ཁྲོ་དྲག་ཏུ་ཁྲོས་ཏེ་ཚོ་ཁག་ཡོངས་ལ་གོད་ཆག་འབྱུང་སྲིད་དེ། ཐོག་དང་སེར་བ་ཕབ་ནས་ཞིང་ཁའི་ལོ་ཏོག་བཅོམ་པ་དང་། ནོར་ལུག་སོགས་སྒོ་ཕྱུགས་གསོད་པ། མི་ལ་ནད་ཡམས་འགོ་བར་བྱེད། དེར་བརྟེན། གནའ་ནས་ད་བར། བརྔོན་ལ་སོང་ནས་ཤྭ་བ་ཁྲ་རིས་གསོད་མཁན་གཅིག་ཀྱང་མེད་པར། རང་བསམ་རང་མོས་སྒོས་འཚོ་སྡོད་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

2 ཐེ་བོ་ཤྭ་བ་ཁྲ་རིས་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་ཐབས་ལམ།

སྤྱི་ལོ1964ལོར། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་ཁང་གིས་སི་ཁྲོན་ནུབ་བྱང་ནས་སྨན་སྤྱོད་སྲོག་ཆགས་དངོས་རྫས་ཐོན་ཁུངས་ལ་ཞིབ་འཇུག་བྱེད་སྐབས། ཟླ6པ་ནས་ཟླ7པའི་བར། ཐེ་བོ་ཚོང་རུ་ལ་ཙི་ལུང་བ་ནས་ཤྭ་བ་ཁྲ་རིས་ཀྱི་དམར་དཔེ5བླངས་ཏེ། སི་ཁྲོན་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་ཁང་དང་སི་ཁྲོན་ནད་ཡམས་སྔོན་འགོག་ཁང་གི་འབྲེལ་ཡོད་ཆེད་མཁས་པས་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། དེ་ནི་ཤྭ་བ་ཁྲ་རིས་ཀྱི་རྒྱུད་གསར་བ་ཞིག་ཡིན་པས་སི་ཁྲོན་ཤྭ་བ་ཁྲ་རིས་ཞེས་མིང་ཡང་བཏགས་ཡོད། གསར་དུ་བྱུང་བའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་གསར་བ་ཤྭ་བ་ཁྲ་རིས་ལ་ཚན་རིག་ལས་རིགས་པ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། རྩ་ཆེ་བའི་ཐོན་ཁུངས་དེ་སྲུང་སྐྱོང་བྱ་ཆེད། སྤྱི་ལོ1965ལོར། རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་གིས་མཛོད་དགེ་རྫོང་ཐེ་བོ་ས་ཁུལ་གྱི་གདོང་སྣེ་དང་ཚོང་རུ། གཟའ་རུ་བཅས་ཡུལ་ཚོ་གསུམ་གྱི་ཤྭ་བ་ཁྲ་རིས་འཚོ་སྡོད་ས་ཆ་ནི་རང་བྱུང་སྲུང་སྐྱོང་ཁུལ་དུ་བཙུགས་ཏེ། མིང་ལ་ཐེ་བོ་རང་བྱུང་རང་སྐྱོང་ཁུལ་ཞེས་བཏགས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི2ལྷག་ཡོད། དེའི་རྗེས་སུ། རྒྱུ་རྐྱེན་དུ་མའི་དབང་གིས་མེད་པར་བཟོས་ཀྱང་། སྤྱི་ལོ1974ལོར། ཞིང་ཆེན་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཐེ་བོ་རང་བྱུང་སྲུང་སྐྱོང་ཁུལ་སླར་གསོ་བྱས།

རང་སྐྱོང་ཁུལ་དུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་བྱེད་ཕྱོགས་དང་སྲིད་ཇུས་ནན་ཏན་གྱིས་དྲིལ་སྒྲོག་དང་དོན་འཁྱོལ་བྱས་ཤིང་། བྱེད་ཐབས་ནུས་ལྡན་སྤྱད་ནས་རི་དྭགས་རྔོན་པ་དང་རྩི་ཤིང་འཐུ་བ། ས་རྒོད་སློག་པ་སོགས་ཤྭ་བ་ཁྲ་རིས་འཚོ་སྡོད་བྱེད་པའི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་སྤྱོད་ངན་རྩ་བ་ནས་ཚོད་འཛིན་བྱས་པས། རང་སྐྱོང་ཁུལ་གྱི་ཤྭ་བ་ཁྲ་རིས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཆ་ཚང་མིན་པའི་སྡོམ་རྩིས་ལྟར་ན། ད་ལྟ་ཤྭ་བ་ཁྲ་རིས་སྟོང་ཕྲག་འགའ་ཡོད་ལ། དེ་མིན་ཀྲུང་ཧྭ་ལྟོ་གཤགས་ཉ་དང་གཟིག་བྱི། གླ་བ་སོགས་སྒལ་ལྡན་སྲོག་ཆགས175ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།