སྦྱངས་པའི་ཡོན་ཏན་བཅུ་གཉིས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྦྱངས་པའི་ཡོན་ཏན་བཅུ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དུང་དཀར་ཚིག་མཛོད་ཆེན་མོའི་འགྲེལ་བ།)

ཉོན་མོངས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ། ཟས་ཀྱི་དབང་དུ་བྱས་པ་གསུམ། གོས་ཀྱི་དབང་དུ་བྱས་པ་གསུམ། གནས་མལ་གྱི་དབང་དུ་བྱས་པ་དྲུག་ཡོད་པའི་ཕྱིར། དང་པོ་གསུམ་ཡོད་དེ། བསོད་སྙོམས་པ་དང༌། སྟན་གཅིག་པ། ཟས་ཕྱིས་མི་ལེན་པ་རྣམས་དེ་ཡིན་པའི་ཕྱིར། དང་པོ་ལ་རྙེད་པས་ཆོག་པའི་བསོད་སྙོམས་པ་དང༌། མཐར་གྱིས་སློང་བའི་བསོད་སྙོམས་པ་གཉིས་སུ་ཕྱེ་ནས་སྦྱངས་པའི་ཡོན་ཏན་བཅུ་གསུམ་དུ་བྱས་པ་ཡང་ཡོད་དོ། །
1 རྒྱས་འགྲེལ།

ཉོན་མོངས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ། ཟས་ཀྱི་དབང་དུ་བྱས་པ་གསུམ། གོས་ཀྱི་དབང་དུ་བྱས་པ་གསུམ། གནས་མལ་གྱི་དབང་དུ་བྱས་པ་དྲུག་ཡོད་པའི་ཕྱིར། དང་པོ་གསུམ་ཡོད་དེ། བསོད་སྙོམས་པ་དང༌། སྟན་གཅིག་པ། ཟས་ཕྱིས་མི་ལེན་པ་རྣམས་དེ་ཡིན་པའི་ཕྱིར། དང་པོ་ལ་རྙེད་པས་ཆོག་པའི་བསོད་སྙོམས་པ་དང༌། མཐར་གྱིས་སློང་བའི་བསོད་སྙོམས་པ་གཉིས་སུ་ཕྱེ་ནས་སྦྱངས་པའི་ཡོན་ཏན་བཅུ་གསུམ་དུ་བྱས་པ་ཡང་ཡོད་དོ། །གོས་ཀྱི་དབང་དུ་བྱས་པ་གསུམ་ཡོད་དེ། ཆོས་གོས་གསུམ་པ་དང༌། ཕྱིང་བ་པ་དང༌། ཕྱག་དར་ཁྲོད་པ་གསུམ་དེ་ཡིན་པའི་ཕྱིར། གནས་མལ་གྱི་དབང་དུ་བྱས་པ་དྲུག་ཡོད་དེ། དགོན་པ་བ་དང༌། ཤིང་དྲུང་པ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་པ་དང༌། ཅོག་བུ་པ་དང༌། གཞི་ཇི་བཞིན་པ་རྣམས་དེ་ཡིན་པའི་ཕྱིར། ཁ་ཅིག་ཕྱི་མ་གཉིས་སྤྱོད་ལམ་གྱི་དབང་དུ་བྱས་པར་མཛད་ནས་གནས་མལ་གྱི་དབང་དུ་བྱས་པ་བཞི་ཡིན་ཞེས་ཟེར། དེ་དག་སོ་སོའི་ངོ་བོ་ཡོད་དེ། རྙེད་པས་ཆོག་པའི་བསོད་སྙོམས་པ་ནི། འདྲེས་པའི་ཁྱིམ་ནས་ཟས་ཇི་ཙམ་རྙེད་པ་ཙམ་ཟ་བར་བྱེད་པ་ཡིན་ལ། མཐར་གྱིས་སློང་བའི་བསོད་སྙོམས་པ་ནི། ཁྱིམ་རྣམས་སུ་རིམ་གྱིས་བརྒྱུས་ཏེ་བསོད་སྙོམས་ཇི་ཙམ་རྙེད་པ་ཟ་བར་བྱེད་ཀྱི་བདག་གིས་འདི་ནས་བཟའ་བ་དང་བཅའ་བ་བཟང་པོ་འཐོབ་བོ་སྙམ་ནས། མགོ་འཕང་བསྟོད་དེ་མི་འགྲོ་བའོ། །སྟན་གཅིག་པ་ནི། སྟན་གཅིག་པོ་དེ་ལ་འདུག་ནས་ཇི་ཙམ་ཟ་བ་དེ་ཙམ་དུ་ཟ་བར་བྱེད་ཀྱི། དེ་ལས་ལངས་ནས་མི་ཟ་བའོ། །ཟས་ཕྱིས་མི་ལེན་པ་ནི། ཟས་ཀྱི་ཕྱིར་འདུག་ནས་ཇི་ཙམ་གྱིས་བདག་འཚོ་བའི་ཟས་ཐམས་ཅད་མ་བླངས་ཀྱི་བར་དུ་མི་ཟ་ཞིང་འདིས་འཚོའོ་སྙམ་པ་དང་ཐམས་ཅད་ཅིག་ཆར་བླངས་ན་ཟ་བའོ། །ཆོས་གོས་གསུམ་པ་ནི། སྣམ་སྦྱར། བླ་གོས། མཐང་གོས་གསུམ་གྱིས་འཚོ་བར་བྱེད་ཅིང་དེ་ལས་ལྷག་པའི་གོས་མི་འཆང་བ་དང༌། ཕྱིང་བ་པ་ནི། ཆོས་གོས་གསུམ་མམ་གོས་ལྷག་ཅི་འཆང་བ་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་གི་དེ་ལས་གཞན་མི་འཆང་བ་དང༌། ཕྱག་དར་ཁྲོད་པ་ནི། ལམ་པོ་ཆེ་ལ་སོགས་པར་བོར་བའི་གོས་གཤང་གཅི་སོགས་ཀྱིས་རེག་པ་མི་གཙང་བ་རྣམས་བོར་ཏེ་རུང་བ་བླངས་ཏེ་བཀྲུས་དྲུབ་ཁ་དོག་བཟང་པོར་བསྒྱུར་ནས་འཆང་བར་བྱེད་པ་དང༌། དགོན་པ་བ་ནི། གྲོང་དང་གྲོང་རྡལ་ལ་སོགས་པས་དབེན་པའི་དགོན་པ་དང་ནགས་འདབ་ལ་སོགས་པར་གནས་པ་དང༌། ཤིང་དྲུང་པ་ནི། ཤིང་ལྗོན་པའི་དྲུང་དུ་གནས་འཆའ་ཞིང་བརྟེན་པར་བྱེད་པ་དང༌། བླ་གབ་མེད་པ་ནི། སྟེང་གི་ཐོག་མ་བཀབ་ཅིང་མ་གཡོགས་པའི་ཕྱོགས་སུ་གནས་འཆའ་བར་བྱེད་པ་དང༌། དུར་ཁྲོད་པ་ནི། གང་དུ་སྐྱེ་བོ་ཤིའོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པ་དང༌། ཅོག་བུ་པ་ནི། ཁྲིའམ། ཁྲིའུའམ། རྩྭའི་སྟེང་དུ་ཅོག་བུར་འདུག་སྟེ་ཁྲི་ལ་སོགས་པ་ལ་རྒྱབ་བམ་གློས་མི་བརྟེན་པ་དང༌། གཞི་ཇི་བཞིན་པ་ནི། རྩྭ་དང་ལོ་མ་ལ་སོགས་པ་བཏིང་བ་མལ་ལ་འཆའ་ཞིང་ལན་ཅིག་ཇི་ལྟར་བཏིང་བ་ལ་མལ་འཆའ་བར་བྱེད་ཀྱི། ཡང་དང་ཡང་དུ་མི་བརྗེ་ཞིང་མི་འཆོས་པའོ། །དེ་དག་ནི་ཉན་ཐོས་ཀྱི་ས་ལས་ཇི་ལྟར་འབྱུང་བ་བཞིན་ཡིན་ནོ། །ཡང་ཞིང་པ་བ་མ་གཏོགས་པ་རྣམས་ལ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ་གསུམ་ཡོད་དེ། བསོད་སྙོམས་པ་ལ་གསུམ་ལས། ཆུང་ངུ་ནི། གྲོང་དུ་ཕྱིན་པ་ན་ཀུན་དགའ་ར་བར་རྙེད་པ་ལེན་པར་བྱེད་པ་དང༌། འབྲིང་བ་ནི། དེར་མི་ལེན་པར་ལམ་དུ་རྙེད་པ་ལེན་པར་བྱེད་པ་དང༌། ཆེན་པོ་ནི། དེར་ཡང་མི་ལེན་པར་གྲོང་ཁྱེར་གྱི་ཉེ་སྐོར་དུ་ཕྱིན་ནས་རྙེད་པ་ལེན་པར་བྱེད་པའོ། །སྟན་གཅིག་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཉན་ས་ལས་བཤད་པ་བཞིན་དང༌། འབྲིང་ནི་སྟན་གཅིག་པོ་དེ་མ་སྤངས་ཀྱི་བར་དུ་ཟོས་ནས་ཟས་བསོད་པ་བྱུང་ན་ལེན་པ་དང༌། ཆེན་པོ་ནི་ཟོས་ནས་ཟས་བསོད་པ་ཡང་ལེན་པར་མི་བྱེད་པའོ། །ཟས་ཕྱིས་མི་ལེན་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཁ་ལ་སོགས་པ་མ་བཀྲུས་ཀྱི་བར་དུ་ལེན་པར་བྱེད་པ་དང༌། འབྲིང་ནི། ཟས་ཟ་བཞིན་དུ་གཞན་གྱིས་བསྟབས་ན་ལེན་ལ་ཁ་ལ་སོགས་པ་བཀྲུས་ནས་མི་ལེན་པ་དང༌། ཆེན་པོ་ནི། སྔར་ཟས་ཐམས་ཅད་ཅིག་ཆར་དུ་བླངས་ནས་ཟ་བཞིན་དུ་མི་ལེན་པའོ། །ཆོས་གོས་གསུམ་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཆོས་གོས་གསུམ་དང་རས་ཆེན་དང་གཡན་པ་དགབ་པ་དང་གདིང་བ་འཆང་བར་བྱེད་པ་དང༌། འབྲིང་ནི། རས་ཆེན་སོགས་བཞི་རང་གིས་བྱིན་གྱིས་བརླབས་པ་མི་འཆང་ལ་གཞན་གྱིས་བྱིན་གྱིས་བརླབས་པ་ལ་ལོངས་སྤྱོད་པར་བྱེད་པ་དང༌། ཆེན་པོ་ནི། ཆོས་གོས་གསུམ་ཙམ་འཆང་གི །དེ་ལས་ལྷག་པ་མི་འཆང་བའོ། །ཕྱག་དར་ཁྲོད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། བྱི་བས་ཟོས་པ་ཚིག་པ་དུམ་བུར་བཅད་པ་གཞན་གྱིས་རང་གི་ཆེད་དུ་བྱས་པ་ལེན་པ་དང༌། འབྲིང་ནི། རང་གི་ཆེད་དུ་བྱས་པ་མི་ལེན་པར་མ་ངེས་པར་བོར་བ་ལེན་པ་དང༌། ཆེན་པོ་ནི་དེ་དག་ལེན་པར་དུར་ཁྲོད་དང་ཕྱག་དར་ཁྲོད་དང་ལམ་པོ་ཆེར་ལྷུང་བ་ལེན་པ། དགོན་པ་བ་ལ་ཡང་གསུམ་ལས། ཆུང་ངུ་ནི། གྲོང་ལས་གཞུ་འདོམ་ལྔ་བརྒྱས་བཅད་པའི་སར་གནས་པ་དང༌། འབྲིང་ནི་གྲོང་ལས་གཞུ་འདོམ་སྟོང་ཕྲག་གཉིས་ཀྱིས་བཅད་པའི་སར་གནས་པ་དང༌། ཆེན་པོ་ནི། གྲོང་ལས་གཞུ་འདོམ་སྟོང་ཕྲག་བརྒྱད་ཀྱིས་བཅད་པའི་སར་གནས་པའོ། །ཤིང་དྲུང་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ཤིང་དྲུང་ངོས་བཞི་པོ་ཐམས་ཅད་སྐྱོར་བར་གནས་པ་དང༌། འབྲིང་ནི། དེར་ངོས་ཅུང་ཟད་སྐྱོར་བར་གནས་པ་དང༌། ཆེན་པོ་ནི། དེར་ངོས་ཐམས་ཅད་མ་སྐྱོར་བར་གནས་པའོ། །བླ་གབ་མེད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། སྟེང་གི་ངོས་གསུམ་གཡོགས་ལ་གཅིག་མ་གཡོགས་པར་གནས་པ་དང༌། འབྲིང་ནི། སྟེང་གི་ངོས་གཅིག་གཡོགས་ལ་གསུམ་མ་གཡོགས་པར་གནས་པ་དང༌། ཆེན་པོ་ནི། སྟེང་གི་ངོས་ཐམས་ཅད་མ་གཡོགས་པར་གནས་པའོ། །དུར་ཁྲོད་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། སྔོན་དུར་ཁྲོད་ཡིན་ལ་ད་ལྟ་དུར་ཁྲོད་མ་ཡིན་པར་གནས་པ་དང༌། འབྲིང་ནི། རོ་ཅུང་ཟད་སྐྱེལ་བའི་སར་གནས་པ་དང༌། ཆེན་པོ་ནི། སྐྱེ་བོ་ཤིའོ་ཅོག་སྐྱེལ་པའི་སར་གནས་པའོ། །ཅོག་བུ་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ངོས་གཉིས་བསྙེས་ནས་གནས་པ་དང༌། འབྲིང་ནི། ངོས་གཅིག་བསྙེས་ནས་གནས་པ་དང༌། ཆེན་པོ་ནི། ངོས་ཐམས་ཅད་མ་བསྙེས་པར་གནས་པའོ། །གཞི་ཇི་བཞིན་པ་ལ་ཡང་གསུམ་ལས། ཆུང་ངུ་ནི། ལན་གསུམ་དུ་མལ་འཆའི། གཞན་མི་བྱེད་པ་དང༌། འབྲིང་ནི་ལན་གཉིས་སུ་མལ་འཆའི། གཞན་མི་བྱེད་པ་དང་ཆེན་པོ་ནི། ལན་གཅིག་སྟན་བཏིང་བ་ལ་མལ་འཆའི། ཡང་དང་ཡང་དུ་མི་བརྗེ་མི་འཆོས་པའོ། །དེ་དག་ལ་ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན་བལ་མ་སྨེལ་བ་དེའི་ཚེ་སྐུད་པ་མི་རུང་ལ་སྨེལ་ནས་རུང་བ་བཞིན་དུ་བསོད་སྙོམས་དང་ཆོས་གོས་དང་གནས་མལ་ལ་ཆགས་པའི་ཆེ་སེམས་ལས་སུ་མི་རུང་ལ། ཡོན་ཏན་འདི་དག་གིས་ཚངས་སྤྱོད་གནས་པར་བྱ་བའི་ཕྱིར་སེམས་ལས་རུང་དུ་སྦྱོར་བར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།