བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་རབས་ལྔ་པའི་དུས་དཀྱིལ་ཙམ་སྟེ། སྤུར་རྒྱལ་བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་རྒྱ་གར་ཡུལ་དབུས་སུ་ནང་པ་སངས་རྒྱས་ཀྱི་བསྟན་པ་དང༌། དེའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་ཞིང༌། ཁྱད་པར་དུ་ཕྱི་ནང་ཐུན་མོང་གི་རིག་གནས་སམ་ཤེས་བྱའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་ལ། རིག་པའི་གནས་ལ་མངའ་བརྙེས་པའི་མ་ཧ་པཎྜི་ཏ་དང༌། མཁས་པའི་གོ་འཕང་མཐོན་པོར་གཤེགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་མང་དུ་བྱོན་པའི་ནང་ནས་མགོན་པོ་ཀླུ་སྒྲུབ་དང༌། ཨ་རྱ་དེ་ཝ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང༌། དཔལ་ལྡན་ཆོས་གྲགས། ཡོན་ཏན་འོད། ཤྭཀྱ་འོད་བཅས་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་ཤིང(རྒྱན་དྲུག་ནི། ཀླུ་སྒྲུབ་དང༌། ཐོགས་མེད། ཕྱོགས་གླང༌། ཆོས་གྲགས། དབྱིག་གཉེན། ཨ་རྱ་དེ་ཝ་བཅས་དྲུག་དང་མཆོག་གཉིས་ནི་ཡོན་ཏན་འོད་དང༌། ཤྭཀྱ་འོད་དོ) སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་སློབ་དཔོན་དབྱིག་གཉེན་ལ་སློབ་མ་ཁྲི་ཕྲག་ཁ་ཤས་ཡོད་པའི་ནང་ནས་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ་ཞེས་སློབ་དཔོན་རང་ལས་མཁས་པར་གྱུར་པའི་སློབ་མ་མཁས་དབང་ཆེན་པོ་བཞི་བྱོན་ལ་དེ་ཡི་ནང་ནས་ཚད་མའི་གཞུང་ལ་མཁས་པའི་སློབ་དཔོན་ཕྱོགས་གླང་གིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་གསན། ལྷག་པར་དུ་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཚད་མ་རིག་པའི་གཞུང་ལུགས་ལ་ཆེས་མཁས་པར་སྦྱངས་ཏེ་ནང་པ་སངས་རྒྱས་པར་རྩོད་དུ་འོང་བའི་མུ་སྟེགས་པའི་རྒོལ་བ་རྣམས་རེ་རེ་བཞིན་རྩོད་པས་ཕམ་པར་བྱས། དེ་ནས་སླར་ཡང་རྒྱ་གར་ཤར་ཕྱོགས་ཨོ་ཊི་བི་ཤ་ཧང་དུ་ཕྱིར་ཕེབས། སློབ་དཔོན་ཕྱོགས་ཀྱི་གླང་པོས《མངོན་པ་མཛོད་ཀྱི་འགྲེལ་པ་གནས་ཀྱི་སྒྲོན་མེ》སོགས་མཛད།
1 རྒྱས་འགྲེལ།

དུས་རབས་ལྔ་པའི་དུས་དཀྱིལ་ཙམ་སྟེ། སྤུར་རྒྱལ་བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་རྒྱ་གར་ཡུལ་དབུས་སུ་ནང་པ་སངས་རྒྱས་ཀྱི་བསྟན་པ་དང༌། དེའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་ཞིང༌། ཁྱད་པར་དུ་ཕྱི་ནང་ཐུན་མོང་གི་རིག་གནས་སམ་ཤེས་བྱའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་ལ། རིག་པའི་གནས་ལ་མངའ་བརྙེས་པའི་མ་ཧ་པཎྜི་ཏ་དང༌།  མཁས་པའི་གོ་འཕང་མཐོན་པོར་གཤེགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་མང་དུ་བྱོན་པའི་ནང་ནས་མགོན་པོ་ཀླུ་སྒྲུབ་དང༌། ཨ་རྱ་དེ་ཝ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང༌། དཔལ་ལྡན་ཆོས་གྲགས། ཡོན་ཏན་འོད། ཤྭཀྱ་འོད་བཅས་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་ཤིང(རྒྱན་དྲུག་ནི། ཀླུ་སྒྲུབ་དང༌། ཐོགས་མེད། ཕྱོགས་གླང༌། ཆོས་གྲགས། དབྱིག་གཉེན། ཨ་རྱ་དེ་ཝ་བཅས་དྲུག་དང་མཆོག་གཉིས་ནི་ཡོན་ཏན་འོད་དང༌། ཤྭཀྱ་འོད་དོ) སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་སློབ་དཔོན་དབྱིག་གཉེན་ལ་སློབ་མ་ཁྲི་ཕྲག་ཁ་ཤས་ཡོད་པའི་ནང་ནས་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ་ཞེས་སློབ་དཔོན་རང་ལས་མཁས་པར་གྱུར་པའི་སློབ་མ་མཁས་དབང་ཆེན་པོ་བཞི་བྱོན་ལ་དེ་ཡི་ནང་ནས་ཚད་མའི་གཞུང་ལ་མཁས་པའི་སློབ་དཔོན་ཕྱོགས་གླང་གིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་གསན། ལྷག་པར་དུ་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཚད་མ་རིག་པའི་གཞུང་ལུགས་ལ་ཆེས་མཁས་པར་སྦྱངས་ཏེ་ནང་པ་སངས་རྒྱས་པར་རྩོད་དུ་འོང་བའི་མུ་སྟེགས་པའི་རྒོལ་བ་རྣམས་རེ་རེ་བཞིན་རྩོད་པས་ཕམ་པར་བྱས། དེ་ནས་སླར་ཡང་རྒྱ་གར་ཤར་ཕྱོགས་ཨོ་ཊི་བི་ཤ་ཧང་དུ་ཕྱིར་ཕེབས། སློབ་དཔོན་ཕྱོགས་ཀྱི་གླང་པོས《མངོན་པ་མཛོད་ཀྱི་འགྲེལ་པ་གནས་ཀྱི་སྒྲོན་མེ》སོགས་མཛད། ཁོང་རང་བཞུགས་སའི་བྲག་ཕུག་ཏུ། ཚད་མར་གྱུར་པ་འགྲོ་ལ་ཕན་ཞེས་པ་སོགས་རྩོམ་པར་དམ་བཅའ་བྲི་བར་མཛད་དེ་མཐར་ཚད་མའི་མདོ《ཀུན་ལས་བཏུས་པ》ཞེས་ཚད་མ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་གཞི་རྩར་གྱུར་པ་རིག་པའི་གཞུང་ལུགས་ཀུན་གྱི་ནང་ནས་ཁྱད་པར་དུ་འཕགས་པའི་ཚད་མའི་བསྟན་བཅོས་ཆེན་པོ་འདི་ཉིད་ལེགས་པར་མཛད། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མའི་གཙོ་བོ་སློབ་དཔོན་དབང་ཕྱུག་སྡེ་ཞེས་བྱ་བ་ལ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་སློབ་མ་མཁས་མཆོག་ཅིག་བྱོན། སློབ་དཔོན་ཆོས་གྲགས་ཆུང་དུས་ནས་བློ་རིག་ཤིན་ཏུ་གསལ་བས་རིག་གནས་ལྔ་དང་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པར་གྱུར། རྗེས་སུ་ནང་པའི་ཆོས་ཀྱི་གཞུང་ལུགས་ལ་གཟིགས་ཏེ་མུ་སྟེགས་པའི་གཞུང་དང་བསྟན་བཅོས་སོགས་ཤིན་ཏུ་མི་འཐད་པའི་གནས་སུ་མཐོང་ནས་དོར་བས་ཕ་མ་ཞང་པོ་དང་བཅས་པས་ཁྱིམ་ནས་བསྐྲད། རྒྱ་གར་ཡུལ་དབུས་སུ་བྱོན་ནས་སློབ་དཔོན་ཆོས་སྐྱོང་གི་དྲུང་དུ་རབ་ཏུ་བྱུང༌། སློབ་དཔོན་དབང་ཕྱུག་སྡེ་ལས《ཚད་མ་ཀུན་བཏུས》ལན་གསུམ་གསན། ལན་གཅིག་གསན་པས་སློབ་དཔོན་དབང་ཕྱུག་སྡེ་དང་མཉམ།  ལན་གཉིས་པ་གསན་པས་སློབ་དཔོན་ཕྱོགས་གླང་དང་མཉམ། ལན་གསུམ་པ་གསན་པས་སློབ་དཔོན་དབང་ཕྱུག་སྡེས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོན་པར་འགའ་ཞིག་ནོར་བར་ཤེས་ནས་སློབ་དཔོན་ཉིད་ལ་ཞུས་པས་སློབ་དཔོན་ཐུགས་ཤིན་ཏུ་དགྱེས་ཏེ་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ཡང་རྩོམས་ཤིག་ཅེས་སློབ་དཔོན་གྱིས་བསྐུལ་ཞིང་བརྩམ་པའི་གནང་བ་ཐོབ། ལན་གསུམ་པ་གསན་པས་སློབ་དཔོན་དབང་ཕྱུག་སྡེས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོན་པར་འགའ་ཞིག་ནོར་བར་ཤེས་ནས་སློབ་དཔོན་ཉིད་ལ་ཞུས་པས་སློབ་དཔོན་ཐུགས་ཤིན་ཏུ་དགྱེས་ཏེ་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ཡང་རྩོམས་ཤིག་ཅེས་སློབ་དཔོན་གྱིས་བསྐུལ་ཞིང་བརྩམ་པའི་གནང་བ་ཐོབ། ཤིན་ཏུ་བསྡུས་པ《ཚད་མ་རིགས་ཐིགས》བཅས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། 《གཏན་ཚིགས་ཐིགས་པ》《རྩོད་པའི་རིགས་པ》《འགྲེལ་པ་བརྟག་པ》  《རྒྱུད་གཞན་སྒྲུབ་པ》བཅས་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་རྣམས་ལེགས་པར་མཛད། ན་ལེནྡྲར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་པོ་སྔ་རྗེས་སུ་ཕམ་པར་མཛད་ཅིང་སངས་རྒྱས་ཆོས་ལུགས་དར་བར་མཛད། སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས་ནས་ཡུལ་ཀ་ལིང་ཀར་མྱ་ངན་ལས་འདས། ཚད་མ་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དངོས་ནི་རིག་པའི་དབང་ཕྱུག་རྣམ་གཉིས་ཞེས་པཎྜི་ཏ་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། དཔལ་ལྡན་ཆོས་གྲགས་ཟུང་གིས་མཛད་པའི《ཚད་མ་ཀུན་བཏུས》དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་ཚད་མ་སྡེ་བདུན་རྣམས་ཡིན་ནོ། །རང་རེ་བོད་གངས་ཅན་ལྗོངས་འདིར་དུས་རབས་དགུ་པའི་ནང་བོད་རྒྱལ་ཁྲི་རལ་པ་ཅན་གྱིས་རྒྱལ་སྲིད་སྐྱོང་བའི་གོང་ཙམ་བར་དུ་ཚད་མ་རིག་པའི་གཞུང་ལུགས་མ་དར་ཞིང་དེ་ནས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་དགུང་ལོ་བཅོ་བརྒྱད་པར་བཙན་པོའི་ཁྲི་ལ་མངའ་གསོལ་ནས་ཆོས་སྲིད་སྐྱོང་བའི་སྐབས་སུ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་ཏེ་རྒྱ་གར་ཡུལ་གྱི་བཀའ་བསྟན་སོགས་མང་པོ་བསྒྱུར་དུ་བཅུག་པ་ལས་རིག་པའི་དབང་ཕྱུག་རྣམ་གཉིས་ཀྱིས་མཛད་པའི《ཚད་མ་ཀུན་བཏུས》དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ《ཚད་མ་སྡེ་བདུན》སོགས་ཀྱང་ལེགས་པར་བསྒྱུར་ཅིང༌། དགོན་སྡེ་སོ་སོ་ལ་རྩོད་གྲྭ་དང༌། སྒོམ་གྲྭ། བཤད་གྲྭ་ལེགས་པར་བཙུགས་ཏེ། འཆད་ཉན་གྱི་སྲོལ་ཐོག་མར་སྤེལ་མོད། འོན་ཀྱང་མི་རིང་བར་གླང་དར་མས་རྒྱལ་སྲིད་བཟུང་སྟེ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཀྱང་ལྷག་མེད་དུ་སྣུབས་པར་བྱས་སོ། །དེ་རྗེས་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཁ་ཆེའི་མཁན་པོ་ཙནྡན་ཧ་རི་སོགས་བསྟེན་ནས་གཞུང་ལུགས་མང་པོ་ལ་མཁས་པར་སྦྱངས་ཤིང༌། ཕྱིར་བོད་དུ་བྱོན་ནས་མཚན་ཉིད་ཀྱི་ཐེག་པ་དང༌། ཚད་མའི་གཞུང་ལུགས། ཕར་ཕྱིན་གྱི་གཞུང་ལུགས་སོགས་བསྟན་བཅོས་མང་དུ་བསྒྱུར་ལ། ལོ་ཆེན་འདི་ཉིད་བསྟན་པ་ཕྱི་དར་གྱི་དུས་སུ་གངས་ཅན་ཡུལ་དུ་ཐོག་མར་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཆེན་པོར་གྲགས་སོ། །ལོ་ཆེན་རིན་ཆེན་བཟང་པོར་དངོས་སློབ་མཁས་མཆོག་མང་དུ་བྱོན་པ་ལས་རྨ་དགེ་བའི་བློ་གྲོས་དང་ལོ་ཆུང་ལེགས་པའི་ཤེས་རབ་ཅེས་ལོ་ཙཱ་བ་འགྲན་ཟླ་མེད་པ་གཉིས་བྱོན་པའི་ནང་ནས་རྨ་དགེ་བའི་བློ་གྲོས་ཀྱིས《ཚད་མ་ཀུན་བཏུས》ཀྱི་དགོངས་འགྲེལ། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི《ཚད་མ་སྡེ་བདུན》གྱི་བསྟན་བཅོས་ཆེན་པོ་ལས་རྒྱས་པའི་བསྟན་བཅོས《ཚད་མ་རྣམ་འགྲེལ》དང་དེའི་རང་འགྲེལ་སོགས་ལེགས་པར་བསྒྱུར་ཅིང་འཆད་ཉན་གྱི་གཏན་ལ་ཕབ། འདི་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་བཀའ་དྲིན་ལས་ཐོན་པའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་བསྟན་པ་ཕྱི་དར་གྱི་དུས་སུ་ཐོག་མར་བསྒྱུར་ཞིང་སྤེལ་བར་བྱས་པའི་ཚད་མ་རིག་པའི་གཞུང་ལུགས་ཡིན། དེའི་རྗེས་སུ་དུས་རབས་བཅུ་གཉིས་པའི་དཀྱིལ་དུ་གངས་ཅན་གྱི་ལྗོངས་སུ་མཁྱེན་རྩལ་རབ་ཏུ་རྒྱས་ཤིང༌། མཚན་སྙན་གྱི་བ་དན་སྲིད་རྩེར་གཡོ་བའི་མཁས་དབང་ཆེན་པོ་གསུམ་བྱོན་པ་ལས་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་ཐོག་མར་བཏབ་སྟེ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་འཆད་ཉན་རྒྱ་ཆེར་སྤེལ་བར་མཛད་པ་ལ་འཆད་ཉན་གྱི་སློབདཔོན་མཛད་ཐུབ་པའི་སློབ་མ་ཡང་ཆིག་སྟོང་ལྔ་བརྒྱ་ལྷག་འདུས་ལ་དེ་ལས་ཁོང་ཉིད་ཀྱིས་སློབ་མའམ་དབོན་པོ་བློ་ལྡན་ཤེས་རབ་ཅེས་སུ་གྲགས་པ་མཁས་པའི་དབང་པོ་འགྲན་ཟླ་དང་བྲལ་བ་ཞིག་བྱོན་པ་དེས་རྒྱ་གར་གྱི་གཞུང་ལས་སློབ་དཔོན་ཕྱོགས་གླང་གི《ཚད་མ་ཀུན་བཏུས》དང་དེའི་དགོངས་འགྲེལ། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི《ཚད་མ་སྡེ་བདུན》ལས་རྣམ་འགྲེལ་བསྒྱུར་སྔ་མ་ལ་བསྒྱུར་བཅོས་དང༌། བསྟན་བཅོས་གཞན་རྣམས་ཆ་ཚང་བསྒྱུར།  དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི《ཚད་མ་རྣམ་ངེས》ལ་འགྲེལ་བཤད་དང་བཅས་པ་བསྟན་བཅོས་མང་དུ་མཛད་དེ་མཚན་ཉིད་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ལྷག་པར་ཁོང་གིས་མཛད་པའི《ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ》ཞེས་པའི་ཚད་མའི་བསྟན་བཅོས་ཤིག་ཡོད་པ་དེ་ནི་བོད་མི་རིགས་རང་གི་མཁས་པས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་སྔ་ཤོས་ཀྱི་གྲས་ཡིན་ཅིང(དེ་ནི་དེ་སྔ་དཔེ་རྒྱུན་ཤིན་ཏུ་དཀོན་པ་ཞིག་ཡིན་ནའང་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི(1994)ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པེ་ཅིན་མི་རིགས་དཔེ་མཛོད་ཁང་གི་མ་ཕྱི་དབུ་མེད་བྲིས་མ་དཔེ་རིང་ཤིན་ཏུ་རྙིང་པ་ཞིག་ལག་ཏུ་སོན་པ་གཞིར་བཟུང་པར་སྐྲུན་བྱས་ཡོད)  འདི་ཡན་ཆད་དུ་གཙོ་བོ་རྒྱ་གར་གྱི་ཚད་མའི་གཞུང་ལུགསཏེ《ཚད་མ་ཀུན་བཏུས》སོགས་འགྱུར་གཞུང་ཁོ་ན་ལས་བོད་མི་རིགས་རང་གི་མཁས་པ་རྣམས་ཀྱིས་མཛད་པའི་ཚད་མའི་གཞུང་དང་གཞུང་འགྲེལ་སོགས་ནི་ཕལ་ཆེར་མ་བྱུང་བར་གྲགས། མཁས་མཆོག་འདི་ཉིད་ནས་བརྒྱུད་པ་ལ་ཚད་མ་གསར་པ་ཞེས་གྲགས་ཤིང༌། གངས་ཅན་གྱི་ལྗོངས་སུ་མཚན་ཉིད་རིག་པའི་འཆད་ཉན་རྒྱ་ཆེར་དར་བའི་འགོ་ཚུགས་པ་སྟེ། མཁས་པའི་དབང་པོ་དེ་ཉིད་ལ་སློབ་མའི་འཁོར་ཁྲི་ཕྲག་ཙམ་འདུས་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་བུ་ཆེན་བཞིའི་ཡ་གྱལ་དགེ་བཤེས་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་སློབ་མ་ཕྱྭ་པ་ཆོས་ཀྱི་སེང་གེས(ལོ་རྒྱུས་ཟུར་དུ་གསལ)གཞོན་ནུའི་དུས་ནས་རིག་པའི་གནས་སམ་གཞུང་ལུགས་ཁག་ལ་ལེགས་པར་སྦྱངས།  གྲོ་ལུང་པ་ཆེན་པོ་སོགས་བླ་མ་དུ་མ་བསྟེན། དཔལ་གསང་ཕུ་ནེའུ་ཐོག་གི་དགོན་པའི་གདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད། དཔལ་ལྡན་ཆོས་ཀྱི་གྲགས་པའི《ཚད་མ་སྡེ་བདུན》གྱི་བསྟན་བཅོས་ཆེན་པོ་ལས《ཚད་མ་རྣམ་ངེས》ལ་འགྲེལ་པ་ཚད་མའི་གཞུང་འགྲེལ་དུ་མ་དང༌། 《ཤེས་བྱའི་གཞི་ལྔའི་བཤད་པ》《བྱམས་ཆོས་སྡེ་ལྔ》《དབུ་མ་བདེན་གཉིས》《དབུ་མ་རྒྱན》དང《དབུ་མ་སྣང་བ》《སྤྱོད་འཇུག》བཅས་ཀྱི་འགྲེལ་པ་དང༌། 《དབུ་མ་བསྡུས་པ》ཆེ་ཆུང་གཉིས་སོགས་མང་དུ་མཛད། དེ་ལྟར་ཕྱྭ་པ་ཆོས་ཀྱི་སེང་གེ་དེ་ཉིད་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱིས་ཚད་མའི་བསྡུས་གཞུང་དང་གཞུང་འགྲེལ་སོགས་མང་དུ་མཛད་པ་དེ་ནས་བཟུང་ཐོག་མར་གངས་ཅན་གྱི་ལྗོངས་སུ་མདོ་སྡེ་པའི་རིག་པ་ལ་བརྟེན་པའི《བསྡུས་གྲྭ》ཞེས་པའི་སྲོལ་འབྱེད་ཅིང༌། བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་པའི་ཁྱད་ཆོས་ཀུན་དང་མཐུན་པའི་རིག་ལམ་དང་རིག་ལམ་གྱི་ཐབས་སྦྱོར་སྣ་ཚོགས་དང་སྦྱར་བ་སྟེ། བགྲོ་གླེང་པས། རྟ་དཀར་པོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། དཀར་པོ་ཡིན་པའི་ཕྱིར། འདོད་ན། ཁ་དོག་མ་ཡིན་པར་ཐལ་ཞེས་རིག་པ་སྣ་ཚོགས་ཀྱི་རྩོད་གཞི་དང་སྒྲུབ་རྟགས་སོགས་ལེགས་པར་བཀོད་དེ། དམ་བཅའ་བ་ལ་རྩོད་པ་འདྲེན་པར་བྱེད་པ་ལ་དམ་བཅའ་བས་དེའི་ལུང་རིགས་ཀྱི་ཁུངས་སྐྱེལ་སར་ཁས་ལེན་པ་དང་མི་ལེན་པའི་རང་ལན་མཚོན་བྱེད་དུ་འདོད།  ཅིའི་ཕྱིར། མ་ཁྱབ། རྟགས་མ་གྲུབ་ཅེས་པ་སོགས་ཀྱི་ལན་འདེབས་ཤིང་ཁས་ལེན་འཛིན་གང་ཐུབ་བྱེད་པ་དང༌། རྩོད་པ་བྱེད་པའི་དུས་སུ་དྷི་སྐད་གཏོང་བ། ཐལ་སྐད་སྒྲོག་པ། ཐལ་མོ་རྡེབ་པ། འཁོར་གསུམ་བསྐོར་བ་སོགས་ཕན་ཚུན་གྱི་རྩོད་པའི་སྤོབས་པ་དང་རིགས་པའི་ཉམས་འགྱུར་སོགས་ངང་གི་སྐྱེས་པར་བྱེད་པའི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་ཐབས་སྦྱོར་སྣ་ཚོགས་དང་ལྡན་པའི་ཚད་མའི《བསྡུས་གྲྭ》ཞེས་པའི་རིགས་པའི་གཞུང་ལུགས་ཆེན་པོ་འདི་ཕྱྭ་པ་ཉིད་ནས་གངས་ཅན་གྱི་ཡུལ་དུ་ཐོག་མར་སྤེལ་ཏེ་དར་བར་བྱས་པ་ལགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-15

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།