ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ།
ནུས་ཚད་བརྟན་སྲུང་གཏན་སྲོལ་ལས་ང་ཚོས་ཤེས་ཐུབ་པ་ནི། རང་བྱུང་ཁམས་སུ་བྱུང་བའི་བརྒྱུད་རིམ་ཡོད་ཚད་ཀྱི་ནུས་ཚད་ཚང་མ་ནི་བརྟན་སྲུང་ཡིན་ལ། ཡིན་ནའང་ནུས་ཚད་བརྟན་སྲུང་གཏན་སྲོལ་དང་མཐུན་པའི་རགས་མཐོང་བརྒྱུད་རིམ་ཚང་མ་དོན་དངོས་སུ་འབྱུང་ཐུབ་པ་ཞིག་མིན། དོན་དངོས་སུ་གྲངས་མེད་པས་ང་ཚོས་བསྟན་དོན། དངོས་ཡོད་ཀྱི་བརྒྱུད་རིམ་ཚང་མ་ཚ་བའི་སྣང་ཚུལ་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ། དཔེར་ན། དངོས་པོའི་བར་ཚ་བ་བརྒྱུད་པ་དང་དབུགས་གཟུགས་སྦོས་པ་དང་ཁྱབ་འགྱེད། གཙུབ་བརྡར་ཡོད་པའི་འཕྲུལ་ཆས་འགུལ་སྐྱོད་ཚང་མར་ཁྱད་གཏན་གྱི་ཁ་ཕྱོགས་རང་བཞིན་ལྡན། བརྒྱུད་རིམ་འདི་དག་རང་འགུལ་གྱིས་ཁ་ཕྱོགས་གཅིག་ཏུ་བསྐྱོད་པ་ཡིན། དཔེར་ན། ཚ་བ་ནི་དྲོད་ཚད་མཐོ་བའི་དངོས་གཟུགས་ནས་དྲོད་ཚད་དམའ་བའི་དངོས་གཟུགས་སུ་བརྒྱུད་སྤྲོད་བྱེད་པ་དང་། དེ་དང་ལྡོག་པའི་བརྒྱུད་རིམ་ནི། ནུས་ཚད་བརྟན་སྲུང་གཏན་སྲོལ་དང་མི་འགལ་རུང་། ང་ཚོས་དེ་རང་འགུལ་གྱིས་འགྱུར་འགྲོ་བ་ཡེ་ནས་མཐོང་མ་མྱོང་། དེ་ལས་ཤེས་ཐུབ་པ་ནི་ཚ་བའི་སྣང་ཚུལ་དང་འབྲེལ་བ་ཡོད་པའི་རགས་མཐོང་གི་རང་བྱུང་བརྒྱུད་རིམ་ཡོད་ཚད་ཚང་མ་ཟློག་མི་རུང་བ་ཡིན། དངོས་ལུགས་རིག་པ་རུ་རགས་མཐོང་རང་བྱུང་བརྒྱུད་རིམ་གྱི་ཁ་ཕྱོགས་རང་བཞིན་མཚོན་པའི་གཏན་སྲོལ་ནི་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热力学第二定律
1 ​ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་ཞིབ་བརྗོད་བྱེད་སྟངས་རིགས་གཅིག

འཇར་མན་གྱི་དངོས་ལུགས་རིག་པ་བ་ཁི་ལའུ་སིའུ་སི་ཡིས་སྤྱི་ལོ1850ལོར་ཚ་ཚད་ནི་རང་འགུལ་ངང་དྲོད་ཚད་དམའ་བའི་དངོས་གཟུགས་ནས་དྲོད་ཚད་མཐོ་བའི་དངོས་གཟུགས་སུ་བརྒྱུད་སྤྲོད་བྱེད་མི་ཐུབ། འདི་ནི་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པའི་ཁི་ལའུ་སིའུ་སིའི་ཞིབ་བརྗོད་ཡིན་ཞེས་བསྟན།

འདིར་ཞིབ་བརྗོད་བྱས་པ་ནི་ཚ་བ་བརྒྱུད་སྤྲོད་ཀྱི་ཁ་ཕྱོགས་རང་བཞིན་ཡིན། ཞིབ་བརྗོད་འདིའི་ནང་གི་རང་འགུལ་ཞེས་པའི་ཡིག་འབྲུ་གཉིས་ཀྱི་བསྟན་དོན་ནི། དངོས་གཟུགས་གསུམ་པ་གཞན་གང་རུང་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད། ཚ་ཚད་དེ་དངོས་གཟུགས་ཤིག་ནས་དངོས་གཟུགས་གཞན་ཞིག་ལ་བརྒྱུད་སྤྲོད་བྱེད་ཐུབ། དྲོད་ཚད་མི་འདྲ་བའི་དངོས་གཟུགས་གཉིས་འཕྲད་སྐབས། རང་འགུལ་འདིའི་ཁ་ཕྱོགས་ནི་དྲོད་ཚད་མཐོ་བའི་དངོས་གཟུགས་ནས་དྲོད་ཚད་དམའ་བའི་དངོས་གཟུགས་ཀྱི་ཕྱོགས་སུ་སྟོན་པ་ཡིན།

.jpg

དཔེ་རིས་དང་པོ། ཚ་ཚད་དེ་རང་འགུལ་ངང་དྲོད་ཚད་མཐོ་བའི་དངོས་གཟུགས་ནས་དྲོད་ཚད་དམའ་བའི་དངོས་གཟུགས་ལ་བརྒྱུད་སྤྲོད་བྱེད་ཐུབ། ཡིན་ནའང་དྲོད་ཚད་དམའ་བའི་དངོས་གཟུགས་ནས་དྲོད་ཚད་མཐོ་བའི་དངོས་གཟུགས་ལ་བརྒྱུད་སྤྲོད་བྱེད་དགོས་ན་ངེས་པར་དུ་དངོས་གཟུགས་གསུམ་པ་ཞིག་ཞུགས་དགོས།

ཚ་ཚད་ནི་དྲོད་ཚད་དམའ་བའི་དངོས་གཟུགས་ནས་དྲོད་ཚད་མཐོ་བའི་དངོས་གཟུགས་སུ་བརྒྱུད་སྤྲོད་བྱེད་མི་ཐུབ་པ་ཡིན་ནམ། འཁྱག་སྒམ་ནང་དུ་གློག་དྲངས་རྗེས་འཁྱག་སྒམ་ནང་གི་དྲོད་ཚད་དེ་སྒམ་ཕྱི་ལས་དམའ། ཡིན་ནའང་ད་དུང་མུ་མཐུད་དུ་ཇེ་དམའ་རུ་སོང་ནས་གཏན་འཁེལ་གྱི་དྲོད་ཚད་ལ་སླེབས་ན་བརྒྱུད་རིམ་འདིས་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་བརྩི་སྲུང་མ་བྱས་པ་མིན་ནམ།

འཁྱག་སྒམ་གྱི་དཔེ་བརྗོད་འདིའི་ནང་དུ་ཚ་ཚད་ནི་དྲོད་ཚད་དམའ་བའི་དངོས་གཟུགས-སྒམ་ནང་གི་ཟས་རིགས་ནས་དྲོད་ཚད་མཐོ་བའི་དངོས་གཟུགས-སྒམ་ཕྱིའི་མཁའ་རླུང་གི་ཕྱོགས་སུ་བརྒྱུད་སྤྲོད་བྱེད་པ་ཡིན། ཡིན་ནའང་དེ་ནི་རང་འགུལ་གྱི་བརྒྱུད་རིམ་ཞིག་མིན་ལ། བརྒྱུད་རིམ་འདིའི་ཁྲོད་དུ་ངེས་པར་དུ་དངོས་གཟུགས་གསུམ་པ་ཞིག་ཞུགས་དགོས་པ་དང་། ངེས་པར་དུ་འཁྱག་སྒམ་གྱི་གནོན་འཁུམ་འཕྲུལ་འཁོར་བསྐོར་དགོས། གལ་ཏེ་གློག་འདོན་བཟོ་གྲྭས་འབར་རྫས་ཟད་གྲོན་བྱས་ཏེ་གློག་མ་བཏང་ན་འཁྱག་སྒམ་གྱི་གནོན་འཁུམ་འཕྲུལ་ཆས་ལས་མཚམས་འཇོག་ངེས། སྐབས་དེར་སླེབས་རྗེས་རང་འགུལ་གྱི་བརྒྱུད་རིམ་ནི་ཚ་ཚད་དེ་སྒམ་ཕྱིའི་དྲོད་ཚད་མཐོ་བའི་མཁའ་རླུང་ནས་སྒམ་ནང་གི་དྲོད་ཚད་དམའ་བའི་ཟས་རིགས་ཀྱི་ཕྱོགས་སུ་བརྒྱུད་སྤྲོད་བྱེད།

2 ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པའི་ཞིབ་བརྗོད་བྱེད་སྟངས་གཞན་ཞིག

རླངས་འཁོར་དང་གྲུ་གཟིངས་སྟེང་དུ་བཀོལ་སྤྱོད་བྱེད་པའི་རླངས་སྣུམ་འཕྲུལ་འཁོར་དང་ཁྲའེ་སྣུམ་འཕྲུལ་འཁོར། མེ་ཤུགས་གློག་འདོན་བཟོ་གྲྭ་དང་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱིས་བཀོལ་སྤྱོད་བྱེད་པའི་རླངས་སྒུལ་འཕྲུལ་འཁོར་དང་། གནམ་གྲུ་དང་མེ་ཤུགས་འཕུར་མདས་བཀོལ་སྤྱོད་བྱེད་པའི་རླུང་འབུད་སྒུལ་བྱེད་འཕྲུལ་འཁོར་སོགས་ཚང་མ་ནི་ཚ་བའི་འཕྲུལ་འཁོར་ཡིན། ནུས་ཚད་ཀྱི་ཕྱོགས་ནས་བལྟས་ན། ཚ་བའི་འཕྲུལ་འཁོར་གྱི་བྱ་བ་དེ་དུས་རིམ་གཉིས་སུ་དབྱེ་ཡོད། དུས་རིམ་དང་པོ་ནི་འབར་རྫས་སྦར་ཏེ། འབར་རྫས་ནང་གི་རྫས་འགྱུར་གྱི་ནུས་ཚད་དེ་བྱ་ལས་དངོས་རྫས་ཀྱི་ཕྱི་རོལ་དུ་རྩོལ་བ་འདོན་པ་དང་། རང་གི་ནང་ནུས་དེ་འཕྲུལ་ཆས་ཀྱི་ནུས་པར་བསྒྱུར་བ་རེད།

.jpg

དཔེ་རིས་གཉིས་པ། རླངས་སྒུལ་འཁོར་ལོའི་བྱ་ལས་དངོས་རྫས་ནི་ཆུ་རླངས་ཡིན། ཁྲོ་ཐབ་ནང་ནས་ཆུ་ཚ་བོར་བཟོས་པས་དྲོད་ཚད་མཐོ་གནོན་མཐོ་ཆུའི་རླངས་པར་གྱུར་པ་དེ། སྟོར་མཆུས་འདབ་འཁོར་སྟེང་སྟོར་བས་འདབ་འཁོར་འགུལ་སྐྱོད་བྱེད།

འཕྲུལ་ཆས་གང་རུང་གི་ཚང་མར་ལས་ཕྱོད་ཀྱི་གནད་དོན་ཡོད་ཅིང་། ཚ་སྒུལ་འཕྲུལ་འཁོར་ཡང་དེ་ལས་མ་འདས། འབར་རྫས་ལས་བྱུང་བའི་ཚ་ཚད་ལ་ལ་ནི་རླུང་ཤོར་བ་ལས་གྱོང་གུད་འབྱུང་བ་དང་། ལ་ལ་ནི་འཕྲུལ་གཟུགས་རང་སྟེང་གི་དྲོད་ཇེ་མཐོར་སོང་བ་དང་། དེ་ནས་འཕྲུལ་གཟུགས་བརྒྱུད་ནས་ཡལ་བར་འགྱུར། འཕྲུལ་ཆས་ནུས་པར་འཕོ་འགྱུར་བྱུང་བའི་ཆ་ཤས་དེ་དག་ད་དུང་འཕྲུལ་ཆས་གཙུབ་བརྡར་སེལ་བར་བཀོལ་དགོས། དེའི་ཕྱིར། ཚ་སྒུལ་འཕྲུལ་འཁོར་གྱིས་བཏང་བའི་འཕྲུལ་ཆས་རྩོལ་བWདེ་རྒྱུན་དུ་འབར་རྫས་ཀྱི་ཆ་ཚདQལས་དམའ་ལ། ཚ་སྒུལ་འཕྲུལ་འཁོར་གྱི་ལས་ཕྱོད་དེ་རྒྱུན་དུ100%ལས་ཆུང་།

ད་ལྟའི་གནད་དོན་ནི། གལ་ཏེ་དབུགས་ཤེར་མེད་པ་དང་གཙུབ་བརྡར་མེད་པ། འཕྲུལ་གཟུགས་ཀྱི་ཚ་ཚད་ཀྱང་ཤོར་མེད་ན། འདི་ལྟ་བུའི་ཚ་བའི་འཕྲུལ་ཆས་ཀྱི་ནུས་ཕྱོད100%ཡིན་ནམ། དེ་མིན་ཏེ། རྒྱུ་རྐྱེན་ནི་དབུགས་གཟུགས་ཀྱི་དྲོད་ཚད་དེ་ངེས་པར་དུ་མཁའ་རླུང་གི་དྲོད་ཚད་ལས་མཐོ་ལ། དེས་མཁའ་རླུང་ནང་དུ་ཚ་བ་འགྲེམ་ཐུབ།

.jpg

དཔེ་རིས་གསུམ་པ། ཚ་སྒུལ་འཕྲུལ་འཁོར་གྱི་ནུས་པ་བརྒྱུད་སྤྲོད་དཔེ་རིས།

རླངས་སྒུལ་འཕྲུལ་འཁོར་དང་རླངས་སྒུལ་འཁོར་ལོས་ཁྲོ་ཐབ་ལས་ཚ་ཚད་བསྡུ་ལེན་བྱེད་པ་དང་། ནང་འབར་འཕྲུལ་འཁོར་གྱིས་རླངས་སྣོད་ནང་ནས་ཚ་ཚད་བསྡུ་ལེན་བྱེད་པ། ཁྲོ་ཐབ་དང་རླངས་སྣོད་ནི་དྲོད་མཐོ་བའི་ཚ་མཛོད་ཡིན། ཆུའི་རླངས་པས་རླངས་སྒུལ་འཕྲུལ་འཁོར་རམ་ཡང་ན་རླངས་སྒུལ་འཕྲུལ་འཁོར་ནས་རྩོལ་བ་བཏོན་རྗེས་གྲང་འཁེང་ཆས་ནང་དུ་ཐོན་ཞིང་། གྲང་འཁེང་ཆས་ནང་ནས་ཚ་དྲོད་ལྷག་མ་ཕྱིར་བཏོན་པ་ན། གྲང་འཁེང་ཆས་ནི་དྲོད་དམའ་བའི་ཚ་མཛོད་ཡིན། ནང་འབར་འཕྲུལ་ཆས་ནང་དུ་གྲང་འཁེང་ཆས་མེད་པས། རླུང་ཁམས་ཆེན་མོ་ནི་དེའི་དྲོད་དམའ་བའི་ཚ་མཛོད་ཡིན།

ཚ་བའི་འཕྲུལ་ཆས་ཀྱིས་བྱ་བ་སྒྲུབ་སྐབས་དྲོད་ཚད་མཐོན་པོའི་ཚ་མཛོད་ལས་བསྡུ་ལེན་བྱས་པའི་ཚ་ཚདQལས། ཆ་ཤསཤིག་རྩོལ་བWའདོན་པར་བཀོལ་ནས་འཕྲུལ་ཆས་ནུས་པར་འགྱུར། ལྷག་མའི་ཚ་ཚད་དེ་དག་དྲོད་དམའ་བའི་ཚ་མཛོད (གྲང་འཁེང་ཆས་སམ་རླུང་ཁམས་ཆེན་མོ )དུ་གཏོང་བ་ཡིན། ཚ་བའི་འཕྲུལ་ཆས་ཀྱིས་བྱ་བ་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཚ་ཚད་ཆ་ཤས་ལྡོག་མེད་ཀྱིས་ཕྱིར་གཏོང་ངེས་ཡིན། ཚ་བའི་འཕྲུལ་ཆས་ཀྱིས་རྩོལ་བ་འདོན་པར་བཀོལ་བའི་ཚ་ཚད་དེ་དྲོད་ཚད་མཐོན་པོའི་ཚ་མཛོད་ལས་བསྡུ་ལེན་བྱས་པའི་ཚ་ཚད་ལས་ཆུང་། དེ་ནི།

དེའི་རྐྱེན་གྱིས། དབུགས་གང་ཡང་ཤོར་མེད་ལ། གཙུབ་བརྡར་དང་། དགོས་མེད་ཀྱི་ཚ་འགྲེམ་གྱོང་གུད་མེད་ནའང་། ཚ་བའི་འཕྲུལ་ཆས་ཀྱི་ལས་ཕྱོད100%ལ་སླེབས་མི་སྲིད།

.jpg

དཔེ་རིས་བཞི་པ། ཚ་བའི་འཕྲུལ་ཆས་ཀྱིས་བྱ་བ་སྒྲུབ་སྐབས་ཀྱི་ནུས་ཚད་བགོ་ཚུལ།

ཁེལ་ཝིན་གྱིས་ཚ་བའི་འཕྲུལ་ཆས་དང་གཞན་རྩོལ་བ་འདོན་པའི་ཚ་རིག་པར་འབྲེལ་ཡོད་ཀྱི་རྩོལ་བའི་བརྒྱུད་རིམ་ལ་དབྱེ་ཞིབ་བྱས་རྗེས། སྤྱི་ལོ1851ལོར་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པའི་ཞིབ་བརྗོད་བྱེད་སྟངས་རིགས་གཞན་ཞིག་བཏོན། དེ་ལ་ཁེལ་ཝིན་ཞིབ་བརྗོད་ཟེར་ཏེ། ཤུགས་རྐྱེན་གཞན་ཅི་ཡང་མ་བྱུང་བར། ཚ་མཛོད་རྐྱང་བ་ལས་ཚ་ཚད་བསྡུ་ལེན་བྱེད་མི་ཐུབ། དེ་དག་ཡོངས་རྫོགས་རྩོལ་བར་ཡང་བསྒྱུར་མི་ཐུབ།

ཁེལ་ཝིན་གྱི་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་ལས་འཕྲུལ་ཆས་ནུས་པ་དང་ནང་ནུས་འཕོ་འགྱུར་གྱི་ཁ་ཕྱོགས་རང་བཞིན་ཞིབ་བརྗོད་བྱས་ཚུལ་ནི། འཕྲུལ་ཆས་ནུས་པ་ཚང་མ་ནང་ནུས་སུ་འཕོ་འགྱུར་བྱེད་ཐུབ་ཀྱང་། ནང་ནུས་ཡོད་ཚད་ཀྱིས་རྩོལ་བ་བཏོན་ནས་འཕྲུལ་ཆས་ནུས་པར་བརྗེ་སྤོར་བྱེད་མི་ཐུབ། དཔེར་ན། ཕན་ཚུན་འཕྲད་ཅིང་ལྟོས་བཅས་ཀྱི་འགུལ་སྐྱོད་བྱེད་པའི་དངོས་གཟུགས་གཉིས་གཙུབ་བརྡར་གྱི་རྐྱེན་གྱིས་བརྟན་འཇགས་སུ་གྱུར་པས། དེ་དག་གི་འཕྲུལ་ཆས་ནུས་ཚད་ཡོངས་རྫོགས་ནང་ནུས་སུ་འཕོ་འགྱུར་བྱེད་ཐུབ་མོད། འོན་ཀྱང་ལྡོག་ཕྱོགས་ཀྱི་བརྒྱུད་རིམ་རང་འགུལ་གྱིས་འགྲུབ་མི་སྲིད་པར་མ་ཟད་ཤུགས་རྐྱེན་གཞན་པ་ཡང་འབྱུང་མི་ཐུབ།

.jpg

དཔེ་རིས་ལྔ་པ། བར་ཆོད་བླངས་རྗེས་དབུགས་གཟུགས་དེ་གཡས་ཁང་ནས་རང་འགུལ་གྱིས་གཡོན་ཁང་དུ་ཁྱབ་པ་ཡིན། འོན་ཀྱང་དབུགས་གཟུགས་ཆ་སྙོམས་ཀྱིས་བཀང་ཡོད་པའི་བར་ཆོད་མེད་པའི་སྣོད་ཆས་ནང་དུ། དབུགས་གཟུགས་རང་འགུལ་གྱིས་ཕྱོགས་གཅིག་ཏུ་འདུས་ནས། ཕྱོགས་གཅིག་སྟོང་སངས་སུ་འགྱུར་མི་སྲིད། 

ར་སྤྲོད་བྱས་ཆོག་པ་ནི། ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པའི་གོང་གསལ་གྱི་ཞིབ་བརྗོད་གཉིས་ནི་ཁྱབ་མཉམ་ཡིན་ལ། དེའི་ནང་གི་ཞིབ་བརྗོད་གཅིག་གིས་ཞིབ་བརྗོད་གཞན་ཞིག་རིག་འདེད་བྱས་ཆོག དོན་དངོས་སུ་རགས་མཐོང་བརྒྱུད་རིམ་ཁྲོད་ཀྱི་ཟློག་མེད་རང་བཞིན་ཚང་མ་ནི་ཕན་ཚུན་འབྲེལ་ནས་ཡོད་པ་ཡིན། བརྒྱུད་རིམ་ཞིག་གི་ཟློག་མེད་རང་བཞིན་གྱིས་རིག་འདེད་བྱས་ན་བརྒྱུད་རིམ་གཞན་ཞིག་གི་ཟློག་མེད་རང་བཞིན་ཤེས་ཐུབ། དེའི་ཕྱིར། རགས་མཐོང་རང་བྱུང་བརྒྱུད་རིམ་རིགས་གང་རུང་ཞིག་གི་ཁ་ཕྱོགས་གསལ་བཤད་བྱེད་པ་ཐམས་ཅད་ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པའི་ཞིབ་བརྗོད་དུ་བལྟས་ཆོག དཔེར་ན་དཔེ་རིས་ལྔ་པའི་ཁྲོད། སྒམ་ཞིག་གི་དཀྱིལ་དུ་བར་ཆོད་ཅིག་ཡོད། གཡོན་ཁང་སྟོང་སངས་དང་གཡས་ཁང་དུ་དབུགས་གཟུགས་ཡོད། བར་ཆོད་བླངས་རྗེས་གཡས་ཁང་གི་དབུགས་གཟུགས་རང་འགུལ་གྱིས་གཡོན་ཁང་དུ་ཁྱབ་འགྱེད་བྱེད་སྲིད། འོན་ཀྱང་། ལྡོག་པའི་བརྒྱུད་རིམ་རང་ཤུགས་ཀྱིས་འགྲུབ་མི་ཐུབ། དེའི་ཕྱིར། ཚ་ཤུགས་རིག་པའི་གཏན་སྲོལ་གཉིས་པ་འདི་ལྟར་ཞིབ་བརྗོད་བྱས་ཆོག་སྟེ། དབུགས་གཟུགས་ཏེ་སྟོང་སངས་ཀྱི་ཕྱོགས་སུ་རང་ཤུགས་ཀྱིས་རྒྱ་ཆེར་འགྲོ་བ་ནི་ཟློག་ཏུ་མེད་པ་ཡིན།





བརྡ་འགྲེལ་གདོང་འཛར།

ཚ་ཤུགས་རིག་པ། གཏན་སྲོལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།