སའི་གོ་ལའི་དྲོད་ཁང་ནུས་སྣང་།

ཉི་མས་ཚ་བ་རྩིབས་འཕྲོ་བྱེད་པ་ལ་བརྟེན་ནས་ནུས་ཚད་ས་ངོས་སུ་བསྐྱལ་ཏེ། སའི་གོ་ལར་དྲོད་སྣང་སྦྱིན་པ་དང་། སྐྱེ་དངོས་ཡོད་དགུ་གསོ་སྐྱོང་བྱས།
ས་ངོས་ལ་ཚ་བ་ཕོག་རྗེས་ཀྱང་ཚ་བ་རྩིབས་འཕྲོ་བྱས་ནས། ཕྱི་རོལ་ལ་ཚ་ཚད་བརྒྱུད་སྤྲོ་བྱེད་སྲིད། སའི་གོ་ལའི་ཕྱི་ངོས་སུ་རླུང་ཁམས་ཆེན་པོའི་བང་རིམ་ཞིག་ཡོད་ཅིང་། རླུང་ཁམས་ཆེན་པོའི་ནང་གི་དབྱང་གཉིས་ཐཱན་རྫས་རླུང་གཟུགས་ཀྱིས་ཕྱི་རོལ་ཏུ་ཕྱོགས་པའི་ཚ་བའི་རྩིབས་འཕྲོ་དེའི་རིགས་ཇེ་ཞན་དུ་གཏོང་ཐུབ་པས། སའི་གོ་ལའི་ཕྱི་ངོས་ཀྱི་དྲོད་ཚད་དེ་ལྟོས་བཅས་ཀྱི་བརྟན་བརླིང་ཡིན་པས་ཆུ་ཚད་ཅིག་ཏུ་རྒྱུན་སྲུང་བྱས་ཡོད། དེ་ནི་དྲོད་ཁང་ནུས་སྣང་ཡིན། འོས་ཤིང་འཚམ་པའི་དྲོད་ཁང་ནུས་སྣང་ནི་སའི་གོ་ལའི་སྟེང་གི་ཚེ་སྲོག་འཚོ་བའི་ཁོར་ཡུག་རྒྱུན་སྲུང་གི་དགོས་ངེས་ཁག་ཐེག་ཡིན།
རླུང་ཁམས་ཆེན་པོའི་བང་རིམ་ནང་གི་དབྱང་གཉིས་ཐཱན་རྫས་མང་ཆེ་བ་ནི་རང་ཤུགས་ཀྱིས་བྱུང་བ་ཡིན། ཡིན་ནའང་དེང་རབས་བཟོ་ལས་སུ་རྡོ་སོལ་དང་རྡོ་སྣུམ་འབོར་ཆེན་སྦར་བས་དབྱང་གཉིས་ཐཱན་རྫས་དེ་བས་ཀྱང་མང་པོ་ཞིག་འབྱུང་དུ་བཅུག དེ་མིན་འགྲོ་བ་མིས་ནགས་ཚལ་གྱི་ཤིང་སྡོང་འབོར་ཆེན་བཅད་པས་རྩི་ཤིང་གིས་འོད་སྤྱོད་བྱེད་ནུས་ལ་བརྟེན་ནས་དབྱང་གཉིས་ཐཱན་རྫས་ཟད་གྲོན་བྱས་པ་ཇེ་ཉུང་དུ་སོང་། དེ་དག་ཚང་མས་སའི་གོ་ལའི་དྲོད་ཁང་ནུས་སྣང་ཇེ་དྲག་ཏུ་བཏང་ལ། དེ་ནི་ཉེ་ཆར་ལོ་འགོའི་རིང་ལ་འཛམ་གླིང་གི་ནམ་ཟླ་ཇེ་དྲོར་སོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།
གལ་ཏེ་སའི་གོ་ལའི་ཕྱི་ངོས་ཀྱི་དྲོད་ཚད་མཐོ་དྲགས་ན། སའི་གོ་ལའི་སྣེ་གཉིས་ཀྱི་ཆབ་རོམ་ཞུ་ནས་མཚོ་ངོས་ཇེ་མཐོར་འགྲོ་རུ་བཅུག་སྟེ། གྲོང་ཁྱེར་སྣུབ་པ་དང་ས་ཞིང་ལེགས་པོ་འབོར་ཆེན་བ་ཚྭ་ཅན་དུ་འགྱུར་སྲིད། དྲོད་ཚད་ཇེ་མཐོར་འཕར་ན་འཛམ་གླིང་ཡོངས་ཀྱི་ནམ་ཟླ་ལའང་ཤུགས་རྐྱེན་ཐེབས་ཏེ། ས་ཆ་ལ་ལར་ཞོད་སྐྱོན་འབྱུང་བ་དང་། ས་ཆ་ལ་ལར་ཐན་སྐྱོན་འབྱུང་དུ་བཅུག་ནས། ས་ཞིང་ཐང་རྒོད་དུ་གཏོང་སྲིད།
ཨེན་ཐེར་དྲ་རྒྱའི་སྟེང་གི་བཤེར་འཚོལ་བྱེད་ནུས་ལྡན་པའི་དྲ་ཚིགས་གང་རུང་ཞིག་ཏུ་ཞུགས་ནས། དྲོད་ཁང་ནུས་སྣང་ཞེས་པའི་གནད་ཚིག་གཏགས་ན། ཁྱོད་ཀྱིས་དེ་ལས་དེ་བས་ཀྱང་མང་བའི་དྲོད་ཁང་ནུས་སྣང་སྐོར་གྱི་ཤེས་བྱ་རྟོགས་ཐུབ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2017-09-20
གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷