བསམ་འགྲུབ་རྒྱ་མཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་དུས་རབས་ཉི་ཤུ་བའི་དུས་འགོར་མདོ་སྨད་ཐེ་བོ་ས་ཆ་རུ་སྐྱེས་ཤིང་། བོད་ཀྱི་སློབ་གསོ་དང་སྐར་རྩིས་ལ་མཁས་པའི་དམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
མདོ་སྨད་ཐེ་བོ།
འཁྲུངས་འདས་ལོ།
སྤྱི་ལོ(1923- 2006 )
ལས་རིགས།
རྩིས་རམས་པ།
1 ​ངོ་སྤྲོད།

སྤྱི་ལོ1923ལོར་མདོ་སྨད་ཐེ་བོ་དཔལ་ཤེས་སྟེང་ཀའི་སར་ཉེ་བའི་གཡི་བ་ཞེས་པའི་ཡུལ་དུ་སྐུ་བལྟམས། ཁོང་སྐུ་ཆུང་ངུའི་དུས་ནས་རོལ་རྩེད་སོགས་ཀྱང་ཀུན་སྤྱོད་དང་མཐུན་པར་སྤྱོད་ཅིང་རང་བཞིན་བཟང་ལ་ཐུགས་རིག་བཀྲ་བ་ཞིག་ཡིན། དགུང་ལོ་བདུན་གྱི་སྟེང་ཁྱིམ་གྱི་འབྱོར་བ་ཞན་སྟབས་གཞན་གྱིས་ཕྱུག་རྫི་ལ་གླས་ནས་དཀའ་སྡུག་མི་ཉུང་བ་མྱངས། དགུང་ལོ་བཅུ་གཅིག་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། ཀྱེེ་རྡོར་གྲྭ་ཚང་དུ་ཞུགས་ནས་དགུང་ལོ་བཅུ་དགུའི་བར་དུ་གྲྭ་ཚང་གི་རྒྱུགས་བརྩི་བཞག་འདོན་ཆ་ཕྱག་ལེན་ཐམས་ཅད་བྱང་ཆུབ་པར་གྱུར། དགེ་བའི་བཤེས་གཉེན་ཨ་ཁུ་ཨོཾ་འཁྱིལ་ཚང་། སྐལ་བཟང་ལེགས་བཤད་སོགས་སློབ་དཔོན་དུ་བསྟེན་ནས་སྒྲ་སྙན་ངག་རྩིས་རིས་སོགས་ལ་སྦྱངས་བརྩོན་དཔག་མེད་བྱས། དགུང་ལོ་བཅུ་དགུའི་སྟེང་ཨ་ལགས་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ལ་དབུས་གཙང་དུ་སློབ་གཉེར་ལ་འགྲོ་རྒྱུའི་སྐྱབས་འཇུག་བྱས་མཐར་གྲོགས་ཁྲོ་ཁོ་སེང་གེ་དང་མཉམ་དུ་ངལ་བ་ལ་མ་འཛེམས་པར་དབུས་སུ་ཕེབས། ཐོག་མར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་སློབ་དཔོན་དུ་མར་བསྟེན་ནས་ལོ་གསུམ་གྱི་རིང་བསྡུས་གྲྭ་དང་ཚད་མ་རྣམ་འགྲེལ་ལ་ཐོས་བསམ་མཛད། དེ་ནས་དཔལ་ལྡན་འབྲས་སྤུངས་སུ་དགེ་བའི་བཤེས་གཉེན་སྐྱབས་རྗེ་འཇམ་དཔལ་མཐུ་སྟོབས་སོགས་བཤེས་གཉེན་མང་པོའི་མདུན་ནས་ལོ་བཅུ་ཕྲག་གི་རིང་ལ་ལྟོ་སྐྱ་གོས་ཧྲུལ་གྱིས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་། ལོ་ཁ་ཤས་ལ་ཤག་ཏུ་མེ་མ་བཏང་བར་འཚོ་བ་དཀའ་སྤྱད་མཛད་པས། ཀུན་གྱིས་རབ་ཏུ་བྱུང་བ་ཞིག་ཡིན་ན་བྲ་ཉེ་བསམ་འགྲུབ་ལྟ་བུ་དགོས་ཞེས་བསྔགས་བརྗོད་དང་མིག་དཔེར་གྱུར། གནས་མཆོག་འོལ་ཁ་ཆོས་ལུང་དུ་ཕྱག་དང་མཎྜལ། རྒྱ་སོག་ལྷས་སྦྱངས་སོགས་སུ་རི་ཁྲོད་ལ་བཞུགས་ནས་སྒྲུབས་པ་ཉམས་ལེན་གནང་ཞིང་། གནས་ངེས་མེད་དུ་འགྲིམས་ཏེ་རྗེ་མི་ལ་རས་པ་ཡབ་སྲས་ཀྱི་རྣམ་ཐར་བསྐྱངས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1954ལོར་ཕྱིར་བླ་བྲང་དུ་ཕེབས་ཏེ་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་གཞུང་བཀའ་པོད་སོགས་ལ་སྦྱངས་བ་མི་དམན་པ་གནང་།

སྤྱི་ལོ1971ལོ་ནས་སི་ཁྲོན་ཞིང་ཆེན་དུ་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པའི་གྲས་སུ་ཕེབས་ནས་ལོ་བཞིའི་རིང་ལ་ཁྲིན་ཏུའུ་རུ་བཞུགས།

སྤྱི་ལོ1975ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་དོ་དམ་ཁང་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ1992ལོ་ནས་ཕྱོགས་མང་པོར་ཕེབས་ནས་སློབ་བུ་མང་པོ་སྐྱེད་སྲིང་གནང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་། ཐེ་བོ། ཀླུ་ཆུ་སོགས་སུ་སྐར་རྩིས་སོགས་ཀྱི་ཟབ་སྦྱོང་འཛིན་གྲྭ་མང་དུ་བཙུགས།

3 བརྩམས་ཆོས་གཙོ་གྲས།

གསུང་རྩོམ་ལ《སྐར་རྩིས་ཀུན་འདུས་ནོར་བུ》དང《རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན》《བདེན་བཞིའི་རྣམ་བཞག》སོགས་མང་དུ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།