མིའི་རིགས་ཀྱིས་རྒྱུ་སྐར་འགུལ་སྐྱོད་ཀྱི་ཆོས་ཉིད་ངོས་བཟུང་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིའི་རིགས་ཀྱིས་རྒྱུ་སྐར་འགུལ་སྐྱོད་ཀྱི་ཆོས་ཉིད་ངོས་བཟུང་པ།
གནའ་རབས་སུ་མིའི་རིགས་ཀྱིས་རྒྱུ་སྐར་འགུལ་སྐྱོད་ཀྱི་ཆོས་ཉིད་ངོས་བཟུང་ཡོད་ལ། གནམ་གཟུགས་འགུལ་སྐྱོད་ཐད་ནས་མི་རྣམས་ལ་ས་ལྟེ་སྨྲ་བ་དང་ཉི་ལྟེ་སྨྲ་བ་ཞེས་པའི་ལྟ་ཚུལ་འགལ་བ་ཅན་རིགས་གཉིས་ཡོད། ས་ལྟེ་སྨྲ྄་བས་སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་ཞིང་ཞི་འཇགས་སུ་གནས་ཡོད་པ་དང་། ཉི་མ་ཟླ་བ། དེ་མིན་རྒྱུ་སྐར་གཞན་པ་རྣམས་སའི་གོ་ལ་བསྐོར་ནས་འཁོར་སྐྱོད་བྱེད་པར་འདོད། དེ་ནི་མི་རྣམས་ཀྱི་དངོས་ཐོབ་ཉམས་མྱོང་དང་མཐུན་པ་རེད། ཉི་ལྟེ་སྨྲ་བས་ཉི་མ་ཞི་འཇུགས་སུ་གནས་ཤིང་། སའི་གོ་ལ་དང་རྒྱུ་སྐར་གཞན་པ་རྣམས་ཉི་མར་བསྐོར་ནས་འགུལ་སྐྱོད་བྱེད་པར་འདོད། ཡུན་རིང་དུ་རྩོད་གླེང་བྱས་མཐར། ཉི་ལྟེ་སྨྲ་བ་དེ་ས་ལྟེ་སྨྲ་བ་ལས་རྒྱལ་དེ་ཀུན་གྱིས་ཁས་བླངས་པ་རེད། ས་ལྟེ་སྨྲ་བ་དང་ཉི་ལྟེ་སྨྲ་བ་གང་ཡིན་རུང་། གནའ་རབས་པ་ཚོས་གནམ་གཟུགས་ཀྱི་འགུལ་སྐྱོད་དེ་ཧ་ཅང་ཁྱད་འཕགས་ཅན་ཞིག་སྟེ། གནམ་གཟུགས་ཀྱི་འགུལ་སྐྱོད་ནི་ཆེས་ལེགས་འཛོམས་དང་ཆེས་མཐུན་སྦྱོར་ཅན་གྱི་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་ཅིག་ཡིན་སྙམ།
1 ཐོ་ལེར་མུས་ཀྱི་ས་ལྟེ་སྨྲ་བ།

གནའ་རབས་ཀྱི་མེས་པོ་རྣམས་ཀྱིས་སྐར་ཚོགས་བཀྲ་བའི་ནམ་མཁའི་ལྐོག་གྱུར་ལ་ཧ་ལས་ནས་བསྟོད་བསྔགས་བྱེད་སྐབས། ཁོ་ཚོས་ཉི་ཟླ་སྐར་གསུམ་སོགས་གནམ་དཔྱད་སྣང་ཚུལ་གྱི་ལྐོག་གྱུར་བརྟོལ་འདོད་པའི་བློ་སྐྱེས། སྐབས་དེར། མི་མང་ཤས་ཀྱིས་སའི་གོ་ལ་ནི་ཞི་འཇགས་སུ་གནས་ཤིང་། ཉི་མ་དང་། ཟླ་བ། སྐར་མ་སོགས་མགོ་ཐོག་ཏུ་འཕུར་གྱིན་ཡོད་ལ། སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་ལོས་ཡིན་སྙམ་ཡོད།

ང་ཚོའི་མེས་པོས་སྐར་མ་ཡོད་ཚད་ཉིན་རེར་ཤར་ནས་འཆར་ཞིང་ནུབ་ཏུ་ཡིབ་རུང་། སྐར་མ་མང་ཤས་ཀྱི་ལྟོས་བཅས་ཀྱི་གནས་ས་གཏན་འཇགས་ཡིན་ཞིང་། ལོ་ངོ་བརྒྱ་ཕྲག་འགའི་ནང་དུ་མིག་གིས་མཐོང་ཐུབ་པའི་འགྱུར་བ་མེད་པས། དེ་དག་ནི་བརྟན་སྐར་ཡིན་པ་དང་། ཡིན་ནའང་སྐར་མ་ལྷག་པ་དང་། པ་སངས། མིག་དམར། ཕུར་བུ། སྤེན་པ་བཅས་ལྔ་བོ་འདི་སྐར་ཚོགས་ཀྱི་རྒྱབ་ལྗོངས་མདུན་དུ་སྤོ་འགུལ་བྱེད་པ་དང་། གཟའ་འཁོར་འགའི་ནང་དུ་ལ་ལ་ཞིག་གི་གནས་ས་འགྱུར་བ་ཤེས་ཐུབ་པས། དེ་དག་ནི་རྒྱུ་སྐར་ཡིན་པས་ངེས་ཤེས་རྙེད།

ལྟ་ཞིབ་ཞིབ་མོ་བྱས་ན། རྒྱུ་སྐར་ནམ་ཡང་ཁ་ཕྱོགས་གཅིག་ཏུ་སྤོ་འགུལ་བྱེད་པ་མིན་པར། དེ་དུས་ཚོད་མང་ཤས་ལ་ནུབ་ནས་ཤར་དུ་བརྟན་སྐར་ལ་བལྟོས་ནས་སྤོ་འགུལ་བྱེད་པ་རེད། ཡིན་ནའང་སྐབས་འགར་སྤོ་མཚམས་འཇོག་པ་དང་། དེ་རྗེས་ནུབ་ཕྱོགས་སུ་ཡུན་ཙམ་ལ་སྤོར་རྗེས། ཡང་ཤར་ཕྱོགས་སུ་སྤོ་བ་རེད། སྣང་ཚུལ་འདི་ལ་རྒྱུ་སྐར་ཟློག་སྐྱོད་ཟེར། དཔེ་རིས་དང་པོ་ལས་མཚོན།

.jpg

དཔེ་རིས་དང་པོ། སྐར་མ་མིག་དམར་ཟློག་སྐྱོད་བྱེད་པ།

རྒྱུ་སྐར་གྱི་ཟློག་སྐྱོད་ལ་འགྲེལ་རྒྱག་ཆེད། ཀེ་རི་སེའི་མིས་གཞུང་ལུགས་ཤིག་བཏོན་པ་རེད། གཞུང་ལུགས་དེ་ལས་རྒྱུ་སྐར་སོ་སོས་སྒོར་དབྱིབས་དེད་ནས་འགུལ་སྐྱོད་བྱེད་པར་འདོད་ཅིང་། སྒོར་དབྱིབས་དེ་ལ་གཞི་འཁོར་ཟེར་བ་དང་། དུས་མཚུངས་སུ་གཞི་འཁོར་གྱི་སྒོར་ལྟེའང་སའི་གོ་ལར་བསྐོར་ནས་སྙོམས་འཁོར་ཟེར་བའི་སྒོར་དབྱིབས་ཆེན་པོ་ཞིག་དེད་ནས་འགུལ་སྐྱོད་བྱེད་པ། དཔེ་རིས་གཉིས་པ་ལས་མཚོན། སྤྱི་ལོའི་དུས་རབས2པར་རླབས་ཆེ་བའི་གནའ་རབས་གནམ་དཔྱད་རིག་པ་ཐོ་ལེར་མུས(Claudius Ptolemy ཧ་ལམ90-168)ཀྱིས་གཞུང་ལུགས་འདི་འཐུས་ཚང་དུ་བཏང་ནས་ལེགས་འགྲུབ་བྱུང་བ་རེད།

འདིར་བརྗོད་འོས་པ་ཞིག་ནི། གཞི་འཁོར་གཅིག་དང་སྙོམས་འཁོར་གཅིག་གིས་ད་དུང་རྒྱུ་སྐར་གྱི་འགུལ་སྐྱོད་ལ་འགྲེལ་བ་ཧ་ཅང་ཡང་དག་པ་ཞིག་རྒྱག་མི་ཐུབ། ལྟ་ཞིབ་མཐའ་འབྲས་དང་ལྷག་པར་མཐུན་ཆེད། རྒྱུ་སྐར་རེར་གཞི་འཁོར་གཅིག་གིས་མི་ཚད་དེ། གཞི་འཁོར་བརྩེགས་མ་བསྡོམས་པས80ལྷག་ལ་སླེབས་དགོས་པ་མ་ཟད། ད་དུང་ལྟེ་ཡོ་ཚེག་དང་ལྟེ་ཡོ་བར་ཐག་མཚུངས་པའི་ཚེག་སོགས་དོན་སྤྱི་རྙོག་འཛིང་ཅན་འདྲེན་དགོས། དེ་ལྟར་ན་ཚིག་ཉུང་ཞིང་དོན་གསལ་བོ་ཞིག་ཡོང་མི་ཐུབ་ལ། ཚིག་ཉུང་དོན་གསལ་ཡོང་རྒྱུ་ནི་ཚན་རིག་པ་རྣམས་ཀྱིས་བརྩོན་པར་བྱ་བ་ཞིག་ཡིན།

2 ཁའོ་པེ་ཉི་ཡི་ཉི་ལྟེ་སྨྲ་བ།

སྤྱི་ལོ1543ལོར། པོ་ལན་གྱི་རྒན་པ་ཁའོ་པེ་ཉི(Nicolaus Copernicus,1473-1543)ཚེ་ལས་འདས་ཁར་ནད་ཁྲིའི་ཐོག་ནས་སྐུ་ཚེ་གང་བོར་འབད་བརྩོན་གྱིས་བྲིས་པའི་བརྩམས་ཆོས《གནམ་གཟུགས་འཁོར་སྐྱོད་སྨྲ་བ》པར་བསྐྲུན་བྱས་པའི་དེབ་དང་པོའི་ཐོག་ཏུ་རང་མིང་བཀོད་པ་རེད། དཔེ་ཆ་དེས་ས་ལྟེ་སྨྲ་བ་མཇུག་སྒྲིལ་བའི་སྔོན་རྟགས་མཚོན་ཡོད།

.jpg

དཔེ་རིས་གཉིས་པ།གཞི་འཁོར་དང་སྙོམས་འཁོར།



དེའི་སྔོན་གྱི་དུས་རབས་ལ། རིག་རྩལ་བསྐྱར་དར་ལས་བྱུང་བའི་བསམ་བློ་དང་སྒྱུ་རྩལ་དེ་དབྱི་ཐ་ལི་རུ་དར་ཏེ་ཡོབ་གླིང་ཧྲིལ་བོར་ཁྱབ། ཁའོ་པེ་ཉིའི་སེམས་སུ་འཇིག་རྟེན་དང་རང་བྱུང་ཁམས་ནི་མཛེས་པའི་བདག་ཉིད་ཅན་ཡིན་ལ། མཛེས་པའི་དངོས་པོ་ནི་སྟབས་བདེ་དང་མཐུན་སྦྱོར་ཡིན་པར་ཡིད་ཆེས་བརྟན་པོ་བཅངས་ཡོད། ཐོ་ལེར་མུས་ཀྱི་འཇིག་རྟེན་ལྗོངས་རིས་དེ་ཁོང་གི་འདོད་བཞེད་དང་གཅིག་མཐུན་མིན། ཕྱོགས་གཞན་ཞིག་ནས། རིག་རྩལ་བསྐྱར་དར་གྱིས་མི་རྣམས་ཀྱི་བསམ་པ་འཆིང་བྱེད་ཀྱི་ལྕགས་སྒྲོག་ལས་ཐར་དུ་བཅུག་པ་དང་། སྔོན་རབས་པས་བལྟས་ན། ཁའོ་པེ་ཉི་ཡིས་ཆེས་ཡངས་པའི་མཐོང་ཟུར་ཞིག་ནས་རང་བྱུང་ཁམས་ལ་ཞིབ་རྟོགས་མཛད། དེ་ནི་དུས་རབས་དེའི་སྒྱུ་རྩལ་པ་རྣམས་ཀྱི་མཐོང་རྒྱ་དེ་ཆོས་ལུགས་ཀྱི་སྒྱུ་རྩལ་ལས་བརྒལ་བ་དང་། ཀོལ་ལོན་པི་ཡི་མཐོང་རྒྱ་ཡོབ་གླིང་ལས་བརྒལ་བ་བཞིན་དུ། ཁའོ་པེ་ཉི་ཡི་མཐོང་རྒྱ་ནི་སའི་གོ་ལ་ལས་འགོངས་པ་རེད། ཁོང་གིས་སའི་གོ་ལ་ནི་བར་སྣང་གི་དངོས་གཟུགས་ཤིག་དང་། གནམ་གཟུགས་གཞན་དག་དང་འདྲ་བའི་དངོས་གཟུགས་ཤིག་ཏུ་བལྟས། ལྟ་ཚུལ་དེ་ནི་ཅི་འདྲའི་གུ་ཡངས་པ་ཞིག་རེད་ཨང་། ས་ལྟེ་འཇིག་རྟེན་ལྟ་ཚུལ་དེ་ནི་ཁོང་གི་མདུན་དུ་ཅི་འདྲིའི་གུ་དོག་པ་དང་མཁྲེགས་འཛིན་ཕྱོགས་ལྷུང་ཅན་ཞིག་རེད་ཨང་།

.jpg

དཔེ་རིས་གསུམ་པ། ཁའོ་པེ་ཉི་ཡིས་སའི་གོ་ལ་དང་རྒྱུ་སྐར་ཉི་མར་བསྐོར་ནས་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད་པ་རེད་འདོད།



ཁའོ་པེ་ཉི་ཡིས་རྒྱུ་སྐར་དང་སའི་གོ་ལ་ཉི་མར་བསྐོར་ནས་འགྲོས་སྙོམས་སྒོར་མཐའི་འགུལ་སྐྱོད་བྱེད་པ་། ཟླ་བ་ཁོ་ན་སའི་གོ་ལར་བསྐོར་ནས་འཁོར་སྐྱོད་བྱེད་པ་དང་། སའི་གོ་ལ་རང་འཁོར་བྱེད་པའི་དབང་གིས། ང་ཚོས་ཉི་མ་དང་། ཟླ་བ། སྐར་ཚོགས་རྣམས་ཉིན་རེར་ཤར་ནས་ནུབ་ཏུ་འཁོར་སྐྱོད་བྱེད་པ་མཐོང་བ་ཡིན་ཞེས་གསུངས། གཞུང་ལུགས་འདིས་རྒྱུ་སྐར་ཟློག་སྐྱོད་ལ་སོགས་པའི་སྣང་ཚུལ་མང་པོར་འགྲེལ་བ་བརྒྱབ་ཡོད། དེར་བརྟན་ཁོ་རང་སེམས་འགུལ་ཐེབས་ནས་ཉི་མ་ནི་འཇིག་རྟེན་གྱི་ལྟེ་བའི་གསེར་ཁྲི་རུ་བཞུགས་ཡོད། བརྗིད་ཆགས་མཛེས་སྡུག་ལྡན་པའི་གཞལ་ཡས་ཁང་འདིའི་ནང་དུ་སུ་ཞིག་གིས་འོད་འགྱེད་པའི་དངོས་གཟུགས་དེ་གནས་ས་དེ་བས་ལེགས་པོ་ཞིག་ཏུ་བཞག་སྟེ་འཇིག་རྟེན་ཧྲིལ་བོར་འོད་འཕྲོ་རུ་འཇུག་ཐུབ། དེ་བས་ང་ཚོས་བཀོད་སྒྲིག་དེ་ལྟ་བུའི་ཁྲོད་ནས་འཇིག་རྟེན་འདིའི་མཚར་སྡུག་དང་མཐུན་སྦྱོར་རྙེད་པ་ཡིན་ཞེས་བྲིས་ཡོད།

དུས་རབས17པའི་དུས་མགོར། ཀྭ་ལི་ལེ་ཡིས་རྒྱང་ཤེལ་གསར་གཏོད་མཛད་དེ། སྤྱི་ལོ1609ལོར། ཁོང་གིས་སྐར་མ་ཕུར་བུ་ལ་བསྐོར་ནས་འཁོར་སྐྱོད་བྱེད་པའི་ཟླ་བའི་གོ་ལ་མཐོང་བས།  དེས་སའི་གོ་ལ་ནི་གནམ་གཟུགས་འགུལ་སྐྱོད་ཡོད་ཚད་ཀྱི་ལྟེ་གནས་མིན་པ་གསལ་བོར་མཚོན། ཅི་ཞིག་གིས་སའི་གོ་ལའི་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་དུ་འཇུག་པ་དང་། བར་སྣང་དུ་རྒྱུ་བའི་སྤྲིན་དཀར་དང་བྱ་ཚང་མ་སའི་གོ་ལའི་རྒྱབ་ཏུ་མི་ལྷུང་བའི་རྒྱུ་མཚན་ཐད་ནས། ཀྭ་ལི་ལེ་དང་ཉིའུ་ཏུན་གཉིས་ཀྱིས་འགུལ་སྐྱོད་གྱི་ལྟ་ཚུལ་གསར་བ་བཏོན་རྗེས། ད་གཟོད་འགྲེལ་བཤད་ལུགས་དང་མཐུན་པ་ཞིག་བརྒྱབ་པ་རེད། ཁའོ་ཉི་ཡིས་མིའི་རིགས་ཉིའུ་ཏོན་དངོས་ལུགས་རིག་པའི་སྒོ་མདུན་དུ་སྐྱེལ་མ་བྱས་སོ།།


བརྡ་འགྲེལ་གདོང་འཛར།

ས་ལྟེ་སྨྲ་བ། ཉི་ལྟེ་སྨྲ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-31

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།