ཨ་ནུ་གཟིག་འཕེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ནུ་གཟིག་འཕེན།
སྟག་རོང་ཨ་ནུ་གཟིག་འཕེན་ནི་སྟག་རོང་དཔོན་པོ་ཁྲོ་ཐུང་ལ་བུ་དྲུག་ཡོད་པའི་ནང་གི་གཉིས་པ། ཁོང་ཆུང་དུས་ནས་བློ་རིག་བཀྲ་བ། དཔའ་རྩལ་ཆེ་ཞིང་གཞུང་རྒྱུད་དྲང་བ། བློ་བརྟན་འགྱུར་མེད་ཀྱི་དཔའ་བོ་ཞིག་ཡིན། ཁོང་ཉིད་གཡུལ་འཐབ་མང་པོར་ཞུགས་ནས་རྟིང་མ་དགུང་དང་མཉམ་པ་མང་པོ་བླངས་ཡོད། ཧོར་གླིང་གཡུལ་འགྱེད་སྐབས་སུ་ཧོར་སྟོབས་ཆེན་གླང་བོ་ཁྲ་འབར་གྱི་ཞགས་པས་རྨ་ཆུར་འཕངས་ནས་གཟི་བརྗིད་ལྡན་པའི་ངང་སྐུ་བཀྲོངས་སོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达让阿奴司盼
ཁོངས་གཏོགས།
ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ།
མཁར་རྫོང་།
མི་འགྱུར་བེའུ་སྟག་རྫོང་།
རིགས་དབྱེ།
གླིང་སྒྲུང་མི་སྣ།
1 ​ངོ་སྤྲོད།

སྟག་རོང་ཨ་ནུ་གཟིག་འཕེན་ནི་སྟག་རོང་དཔོན་པོ་ཁྲོ་ཐུང་ལ་བུ་དྲུག་ཡོད་པའི་ནང་གི་གཉིས་པ། ཁོང་ཆུང་དུས་ནས་བློ་རིག་བཀྲ་བ། དཔའ་རྩལ་ཆེ་ཞིང་གཞུང་རྒྱུད་དྲང་བ། བློ་བརྟན་འགྱུར་མེད་ཀྱི་དཔའ་བོ་ཞིག་ཡིན་པས་ཁོང་ནི་ཁྲོ་ཐུང་གི་ལུས་ལས་ཆད་པའི་བུ་ཡིན་ཡང་ཁྲོ་ཐུང་གི་ལྐོག་གཡོ་ངན་ཇུས་ལ་མདུང་རྩེ་ཁ་སྤྲོད་ཀྱིས་ཡ་ལན་སྤྲད་མྱོང་། ལ་ལས་སྟག་རོང་གཟིག་འཕེན་ནི་ཁྲོ་ཐུང་རྒྱལ་པོའི་བུ་མིན་ལ་སྤུན་མཆེད་ཡིན་ཟེར་མོད་བདེན་ཁ་མི་གསལ། སྨུག་པོ་ལྡོང་གི་རྒྱལ་རབས་ནང་བཀོད་པ་ལྟར་ན་གླིང་བཀྲ་ཤིས་མགོན་པོ་དང་ཡུམ་གཟིག་ལྕམ་གངས་འཚོ་གཉིས་ལ་ཤིང་མོ་སྟག་གི་ལོར་གྲུབ་ཆེན་ཀངྐའི་རྣམ་སྤྲུལ་སྟག་རོང་དཔོན་པོ་གཟིག་འཕེན་འཁྲུངས་བར་བཤད། དགུང་ལོ་བཅུ་གསུམ་སྟེ་ཆུ་སྟག་ལོར་འབྲོག་བཟའ་འོད་ལྷ་ཁབ་ཏུ་བཞེས་ནས་སྲས་གཉིས་དང་སྲས་མོ་གཅིག་འཁྲུངས། གང་ལྟར་སྟག་རོང་གཟིག་འཕེན་ནི་སྨུག་པོ་ལྡོང་གི་ཆེ་མགོ་དང་གླིང་དཔའ་རྟུལ་སུམ་ཅུའི་རྒན་མགོ་ཡིན་པ་ཚང་མའི་བཞེད་པ་མཐུན།

2 མིང་གི་ཐོགས་ཚུལ།

དཔའ་བོ་འདིའི་མཚན་ཐོགས་ལུགས་ལ་བཤད་ཚུལ་མི་འདྲ་བ་མང་ཡང་རང་རེའི་སྒྲུང་མཁན་ཚེ་རིང་དབང་འདུས་ཀྱི་བཤད་ཚུལ་ལྟར་ན་ཤར་རྨ་རྒྱལ་སྦོམ་རའི་གཏེར་སྒོ་འབྱེད་པའི་དུས། གླིང་གི་ཕུ་ནུ་ལྷན་དུ་འཛོམས་ནས་ཤེད་ཆེན་གྱིས་ཤེད་ངོམ་ཞིང་། སྟོབས་ཆེན་གྱིས་སྟོབས་ངོམ་པ། འདོ་བས་རྒྱུགས་ངོམ་པ། ཁ་བདེ་ཡིས་ལྕེ་ངོམ་པ། ད་དུང་མདའ་གྲི་མདུང་གསུམ་གྱི་ལྟད་མོ་སྟོན་སྐབས། གཟིག་འཕེན་གྱིས་ཤར་རྨ་རྒྱལ་སྦོམ་རའི་བླ་གཟིག་ཁྱུང་གི་སྒོ་ང་ཟེར་བ་དེ་ཞགས་པ་སྦྲུལ་གྱི་ཨ་ལོང་གིས་བཟུང་སྟེ་གླིང་དཔའ་རྟུལ་རྣམས་ཀྱི་དཀྱིལ་དུ་འཆང་རྡོ་འཕེན་པ་བཞིན་འཕངས་པ་ན་གཟིག་འཕེན་ཞེས་མིང་ཐོགས་པར་བཤད།

3 མཁར་རྫོང་།

སྟག་རོང་གཟིག་འཕེན་གྱི་མཁར་རྫོང་གི་མིང་ལ་མཁར་མི་འགྱུར་བེའུ་སྟག་རྫོང་ཟེར་བ་དང་། ཁྲོ་ཐུང་གི་བུ་དྲུག་གི་མཁར་རྫོང་ལས་ཆེས་མཐོ་ཤོས་དང་ལེགས་ཤོས་ཡིན། མཁར་རྫོང་གི་དབྱིབས་པདྨ་འདབ་བརྒྱད་ལྟར་བྱས། ཀ་ཆེན་བརྒྱད་ཀྱིས་བཀྱགས་པ། ཐོག་ཁེབ་ཙན་དན་དམར་པོའི་སྟེང་རྒྱལ་མཚན་འཕན་ཡབ་རྒྱ་ཕིབས་ཀྱིས་བརྒྱན། རྔ་གཡབ་དུ་ཤམ་ནོར་ཕྲེང་གིས་སྐོར་བ། ཤར་དུ་ཇ་མཁར། ལྷོ་རུ་མཛོད་ཁང་། ནུབ་ཏུ་གསེར་གླིང་། བྱང་དུ་དྲག་རྩལ་ཁང་། ཤར་ལྷོ་འདུ་གླིང་། ལྷོ་ནུབ་གོར་མཛོད། ནུབ་བྱང་དུ་ཕོ་ཉ་ཁང་། བྱང་ཤར་དུ་སྨོན་ལམ་ཁང་སོགས་བཞེངས་ཡོད་ཟེར། ཁོང་གི་ཆིབས་པའི་མིང་ལ་མགྱོགས་པ་ཕོ་རོག་སྟོང་འཆམ་ཟེར་ཞིང་། གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ལས་ཆེ་རྒྱུད་ཚང་གི་རྟ་རྒྱུད་བཟང་ཤོས་ཡིན་ཟེར། ཕར་བལྟས་ན་གྱི་ལིང་རྟ་དང་མཚུངས་པ། རྒྱུགས་བང་རྩལ་སྐྱི་བསེར་རླུང་དང་འདྲ་བར་བཤད། ཁོང་གི་ཁྲབ་རྨོག་འཁོར་གསུམ་ནི་རྨ་ཤེལ་བྲག་གི་གཏེར་སྒོ་འབྱེད་སྐབས་སུ་བླངས་པ་ཡིན་ལ། གྲི་དགུ་ཟི་རྣོ་ཆོད་ནི་རལ་གྲི་ཁྲི་སྟོང་མང་པོ་ལས་བདམས་ནས་ཁོང་གི་ཕྱག་ཏུ་སྤྲད་ཟེར།

4 མཛད་རྗེས།

འདིར་སྟག་རོང་ཨ་ནུ་གཟིག་འཕེན་གྱི་མཛད་རྗེས་གཙོ་བོ་འགའ་དྲངས་ན། དེ་ཡང་ཁོང་དགུང་ལོ་བཅུ་དགུར་ཕེབས་པའི་ལོ་དེར་འགོག་གླིང་གཉིས་བར་དུ་རྩོད་པ་མང་པོ་བྱུང་ནས་སྤྱི་དཔོན་རྒྱལ་པོའི་སྲས་གླེན་པ་ཆོས་རྒྱལ་གཙོས་གླིང་གི་ཕུ་ནུ་མང་པོའི་མགོ་སྐེ་བྲལ་བའི་དུས་སུ། སྤྱི་དཔོན་གྱི་བཀའ་ཕབ་བཞིན་དཔའ་ཁེར་རྒྱུགས་ཀྱིས་ཤ་ཤོར་ཤ་ལམ་དུ་ཕ་སྐྱེས་སྐྱེས་ཐམས་ཅད་མགོ་སྐེ་བྲེག སྨན་མོ་ལུས་ཡོད་ཚད་ར་བདས་བདས་བྱས་ནས་འགོག་གི་ཕ་ཆེན་སྤུན་གསུམ་བཙོན་ལ་ཁྲིད། ཧོར་གླིང་སྐབས་སུ་དཔའ་ཁེར་རྒྱུགས་ཀྱིས་ཧོར་དམག་ནང་ལ་མཆོངས་ནས་གུར་དཀར་ནག་གི་སྒར་ཡར་གཤགས་མར་གཤགས་བྱས་ཤིང་དམག་རྟ་མང་པོ་གྲི་ཡ་མེད་རྣོ་ཆོད་ཀྱི་ཁ་ལ་དྲངས་ནས་ཕེབས་པ་ན་ཐང་ནག་རྩེ་རྒྱལ་དང་འཕྲད་པས་དེ་གྲིའི་ངར་ལ་དྲངས། དེ་ནས་ཡང་ཧོར་གྱི་སྟོབས་ཆེན་གླང་པོ་ཁྲ་འབར་ཐོན་པ་ཕར་དེད་ནས་རྨ་ཆུའི་ཟུར་དུ་ཕུད། ཧོར་གྱི་སྒོ་སྲུང་ཤན་པ་ནག་པོ་འབྲོང་དུར་གྱི་མགོ་སྐེ་བྲེག་ཅིང་ཡ་གུའི་བླ་མའི་དོམ་ར་དང་། རས་གཟན་རྣམས་ཁྱེར་ནས་རྨ་ཆུ་བཅད་དེ་འོང་བ་ལ་སྟོབས་ཆེན་གྱིས་ལྐོག་ཏུ་ཞགས་པ་འཆོར་མེད་འཕྲུལ་གྱི་ལྕགས་ཀྱུ་དེ་འཕངས་པས་གཟིག་འཕེན་གྱི་སྐེ་ལ་ཕོག་པ་གཟིག་འཕེན་གྱིས་ཕྱིར་འཐེན་བྱས་པས་རྟ་དང་བྲལ་ཏེ་རྨ་ཆུར་ལྷུང་། སྐབས་དེར་ཁོང་གི་རྟ་ཕོ་རོག་སྟོང་འཆམ་དེས་འཚེར་སྐད་ལན་མང་རྒྱག་བཞིན་འོང་བ་ལ་ཨ་ནུའི་བསམ་པར་ང་མ་ཐར་ཀྱང་ཞགས་པ་འདི་མ་བཅད་ན་ཕྱིས་སུ་གླིང་དཔའ་རྟུལ་མང་པོའི་མགུལ་ལ་ཐེབས་ངེས་དགོངས་ནས་ཤུགས་ཅི་ཡོད་ཀྱིས་ཐག་པ་བཅད་པས་ཁོང་རྨ་ཆུའི་གཞུང་ལ་མར་ཁྱེར་སོང་ཟེར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།