ཉ་ཚ་ཨ་བརྟན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉ་ཚ་ཨ་བརྟན།
དཔའ་མི་འགྱུར་ཉ་ཚ་ཨ་བརྟན་ནི་སྟག་རོང་དཔོན་པོ་ཁྲོ་རྒྱལ་དང་སྲུ་ཁ་ར་བཟའ་ཡི་གསེར་མཚོ་མ་གཉིས་ལས་བུ་དྲུག་སྐྱེས་པའི་ཆུང་བ་དང་། རྟ་ཕོའི་མིང་ལ་གངས་རི་ལྡིང་ཤེས་ཟེར་ཞིང་། རལ་གྲི་དགུ་ཟི་ཡུ་སྔོན། མདའ་མོ་རྒོད་སྒྲོ་གློག་ལེ། ཁྲ་མདུང་ཉི་མ་རང་ཤར། སྒྲུང་ལས་བཤད་པ་ལྟར་ན་ཧོར་གླིང་འཁྲུག་སྐབས་དཔའ་བོ་ངར་འཐབ་ཀྱིས་སྐུ་བཀྲོངས་པས་དག་ཞིང་དུ་ཕེབས་མ་ཐུབ་པར་བྷེ་རའི་ཡུལ་དུ་ར་འདྲ་འཆི་བདག་ཡ་མེད་ཟེར་བའི་ལུས་བླངས། ཕྱིས་སུ་གླིང་ལ་འཁོར་ནས་གླིང་གེ་སར་རྒྱལ་པོའི་འཕྲིན་ལས་རྗེས་མ་དག་སྤེལ་བར་བྱས་རྗེས་མི་དམན་པ་བཞད་སྐད་དོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
年查阿旦
ཁོངས་གཏོགས།
གླིང་གི་དཔའ་བརྟུལ་སུམ་ཅུ་དང་ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ།
ཡབ།
སྟག་རོང་དཔོན་པོ་ཁྲོ་ཐུང་།
རིགས་དབྱེ།
གླིང་སྒྲུང་མི་སྣ།
ཡུམ།
སྲུ་ཁ་ར་བཟའ་ཡི་གསེར་མཚོ་མ།
ཕོ་བྲང་།
མི་འགྱུར་ཕོ་རོག་སྙིང་རྫོང་།
1 ​ངོ་སྤྲོད།

དཔའ་མི་འགྱུར་ཉ་ཚ་ཨ་བརྟན་ནི་སྟག་རོང་དཔོན་པོ་ཁྲོ་རྒྱལ་དང་སྲུ་ཁ་ར་བཟའ་ཡི་གསེར་མཚོ་མ་གཉིས་ལས་བུ་དྲུག་སྐྱེས་པའི་ཆུང་བ་དང་། བྱང་སྒོ་སྲུང་བའི་གྲུབ་ཆེན་གྱི་རྣམ་སྤྲུལ། གླིང་གི་ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ། སྤྱི་དཔོན་རྒྱལ་པོའི་ཚ་བོ་དང་གླིང་གེ་སར་རྒྱལ་པོའི་ཕ་སྤུན་ཡིན། ཁོང་ཆུང་བའི་དུས་ནས་སྐྱེས་གཟུགས་མཛེས་ལ་བློ་རིག་བཀྲ་བ། གྲོགས་ལ་བྱམས་ཤིང་དགྲ་ལ་སྡང་བ། རང་དོན་བསྐྱུར་ནས་གཞན་དོན་བསྒྲུབ་ཕོད་པ། གཏམ་ལ་མཁས་ཤིང་སྨྲ་སྒོ་དག་པ། མདའ་མདུང་གྲི་གསུམ་ལ་རང་དབང་འབྱོར་བ། དཔའ་བོའི་མཚན་སྙན་སྐུ་ན་གཞོན་པའི་དུས་ནས་བཟུང་ཡོངས་ལ་གྲགས་ཡོད།

2 མིང་གི་ཐོགས་ལུགས།

ཁོང་གི་མཚན་ལ་དཔའ་མི་འགྱུར་ཉ་ཚ་ཨ་བརྟན་ཞེས་ཐོགས་དོན་ལ་ཡང་ཁོང་ནི་དུས་ནམ་ཡང་བདུད་སྡེ་ཀུན་ལས་རྣམ་པར་རྒྱལ་བའི་དཔའ་ངར་ལྡན་ཞིང་འགྱུར་བ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས་དཔའ་མི་འགྱུར་ཞེས་དང་། ཉ་ཚ་ཟེར་དོན་ནི་ཐོག་མ་ཁྲོ་ཐུང་གི་བུ་འདི་སྐྱེས་པའི་དུས་སུ་བོད་ཀྱི་འབྲི་ཆུ་རྫ་ཆུ་གཉིས་ཀྱི་འདྲེས་མདོ་ན་ཉ་ཆེན་སྤྲ་བ་ཁ་ཆེ་ཟེར་བས་ཉམས་འགྱུར་གྱིས་འཁྱུག་འགྲོས་བརྒྱབ་སྟེ་ཆུ་ཡི་ཟེགས་མ་དགུང་ལ་གཏོར་ནས་བཀྲ་ཤིས་པའི་དར་དཀར་རིང་མོ་འཐེན་པའི་ལྟས་ངོ་མཚར་ལྡན་པ་མངོན་པ་ན། ཐམས་ཅད་སྤྲོ་བ་རབ་ཏུ་འཕེལ་ཏེ་བུ་འདི་ནི་ཉ་ཆེན་སྤྲ་བ་ཁ་ཆེའི་རིགས་རུས་ཆོ་འབྲང་ཞིག་ཡིན་པར་བསམས་ནས་བསང་མཆོད་དང་བཀུར་བསྟི་བླ་མེད་མཛད་ནས་མིང་ལ་ཉ་ཚ་ཞེས་ཡིག་འབྲི་གཉིས་བཏགས་པ་དང་། དེ་ནས་ཡུན་གྱིས་ཞིབ་གཟུགས་གནང་ནས་ཉ་ཚའི་ལྗགས་སྟེང་ན་རང་བྱོན་གྱི་ཨ་ཡིག་འགྱུར་མེད་བརྟན་པོ་ཞིག་བབ་འདུག་པས་ན་ཨ་བརྟན་ཞེས་ངེས་པ་དོན་གྱི་མིང་འདི་ཐོགས་པར་བཤད།

3 མཁར་རྫོང་།

ཉ་ཚ་ཁོང་ནི་སྐུ་ན་ཕྲ་བའི་རྐྱེན་གྱིས་ཁོང་གི་མཁར་རྫོང་ཞེས་ལོགས་སུ་གསར་བཞེངས་བྱས་མེད། ཁོང་གི་ཡབ་ཁྲོ་ཐུང་དཔོན་པོ་དང་མཉམ་དུ་མཁར་མི་འགྱུར་ཕོ་རོག་སྙིང་རྫོང་དུ་བཞུགས་ཡོད་སྐད། ཡང་རྫོང་མཁར་དེ་ལ་མིང་གཉིས་ཐོགས་ཡོད་པ་སྟེ། འགའ་རེས་ཕོ་རོག་སྙིང་རྫོང་ཞེས་འབོད་པ་དང་། ཡང་འགའ་རེས་བྱེ་རི་སྟག་རྩེ་ཟེར་བ་རེད། ཡིན་ངོ་མ་ཕོ་རོག་སྙིང་རྫོང་ཞེས་བོས་ན་འགྲིག་པར་སེམས། རྫོང་མཁར་དེའི་ཁྱད་ཆོས་གཙོ་བོ་ནི་བྱ་ཕོ་རོག་རྒྱུན་དུ་གནས་པའི་མཁར་རྫོང་རྩུབ་ཅིང་བཙན་པོ་ཞིག་ཡིན་པ་དང་། མཁར་གྱི་དབུས་སུ་ལྷ་རྟ་མགྲིན་དམར་པོའི་མཆོད་ཁང་བཞེངས་ཡོད་པ་དང་། མཆོད་ཁང་གི་སྟེང་དུ་གཡུ་འབྲུག་སྔོན་མོ་ཞིག་གི་ཁ་རུ་རྒྱ་མཚོའི་ཆུ་སྲིན་ལྟ་བུ་འཇིགས་སུ་རུང་བ་ཞིག་བཟུང་ནས་ཁ་ལྷོ་རུ་འཁོར་ཡོད། མཁར་གྱི་ཤར་ནུབ་གཉིས་ཀྱི་མཚམས་སུ་སྨི་གང་ཙམ་གྱི་གསེར་བཙོ་མ་ལས་གྲུབ་པའི་མི་ཆུང་ཞིག་བཞེངས་ཡོད། རྫོང་མཁར་གྱི་ལྷོ་ནུབ་གཉིས་ཀྱི་མཚམས་སུ་སེང་གེ་དཀར་མོ་ཞིག་གི་ཁ་རུ་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་མང་པོ་ཞིག་བཟུང་འདུག་པ་བཞེངས་ཡོད། མཁར་གྱི་ནུབ་བྱང་གཉིས་ཀྱི་མཚམས་སུ་སྟག་སྤྱན་མིག་གཅིག་ཅན་གྱི་གོང་ན་སེང་གེ་དཀར་མོ་ཞིག་དང་ཁྱུང་ཞིག་གིས་མནན་འདུག་པའི་གཟུགས་བརྙན་བཞེངས་འདུག མཁར་གྱི་ཤར་ནུབ་དང་ལྷོ་ཕྱོགས་གཉིས་ཀྱི་ངོས་སུ་རི་མོ་མི་འདྲ་བ་གང་མང་མཆིས་པ་དང་། དེ་དག་རེ་རེར་མཚོན་བྱེད་ཀྱང་མི་འདྲ་བའི་ལོ་རྒྱུས་ལྡན། ཁོང་གི་རལ་གྲིའི་མིང་ལ་དགུ་ཟི་ཡུ་སྔོན་ཟེར་ཞིང་། མདའ་མོ་རྒོད་སྒྲོ་གློག་ལྕེ། ཁྲ་མདུང་ཉི་མ་རང་ཤར། ཁྲབ་རྨོག་རྡོ་རྗེ་གོ་ཁྲབ་ཟེར་ཞིང་དེ་དག་ཚང་མ་རྨ་ཤེལ་བྲག་གི་གཏེར་སྒོ་འབྱེད་པའི་སྐབས་སུ་བླངས། ཁོང་གི་ཆིབས་པ་ལ་གངས་རི་ལྡིང་ཤེས་ཟེར་ཞིང་། སྤུ་ཁ་དཀར་པོ་དུང་ལས་དཀར། མགྱོགས་པ་ནམ་མཁའི་བྱ་ལ་འགྲན། སྡང་དགྲ་བོར་ཐུག་པའི་ཉིན་མོ་ལ། གླག་ངར་མ་ཐུར་དུ་བཅུམ་པ་འདྲ། རྟ་ཁྲ་ཁྱུ་མང་པོ་འདེད་པའི་དུས། དགུང་ནས་གློག་དམར་འཁྱུག་པ་འདྲ། རྟ་འདི་འདྲ་འཛམ་གླིང་ཀུན་ན་དཀོན་ཞེས་སྐད་གྲགས་ཡོངས་སུ་ཁྱབ།

4 མཛད་རྗེས།

ཁོང་གིས་མི་ཚེ་གང་བོར་གླིང་དཀར་སྟོད་ལ་བཞག་པའི་བྱས་རྗེས་ཆེ་ཆུང་གྲངས་ལས་འདས་པ་ཡོད་མོད། འདིར་ཉུང་བསྡུས་སྒོས་བརྗོད་ན། དེ་ཡང་ཧོར་གླིང་གཡུལ་འགྱེད་སྐབས་སུ། འཁོར་གསུམ་ལུས་ལ་བསྐོར་ནས་རྨ་ཆུ་གཤེགས་ཤིང་སོང་སྟེ་ཧོར་གྱི་ཤན་པ་དྲག་པ་གུང་རྗེ་གཡུ་ཡག་ཁྲི་བཙུན་དེས་ཉ་ཚའི་གདོང་བླངས་ཤིང་མདའ་རྩལ་དང་གྲི་རྩལ་འགྲན་པའི་ཐ་མར་གྲི་དགུ་ཟི་ཡུ་སྔོན་གྱི་ངར་ལ་དྲངས་ནས་བསད། དེ་ནས་ཡང་གླིང་གི་དཔའ་རྟུལ་རྣམས་ཀྱི་ནང་ནས་མི་ཆེན་རྒྱལ་བའི་ལྷུན་གྲུབ་དང་། ཡ་ཐའི་སྐྱེས་མཆོག་ཐར་བ། སྟག་རོང་ཉ་ཚ་ཨ་བརྟན། སྐྱ་ལོའི་སྣང་ངུ་འབྲུག་རྒྱལ་དང་བཞི་གཡག་ལའི་སུམ་མདོར་ཧོར་དམག་གི་ལམ་འགོག་པར་ཆས་པ་ན། ཧོར་པ་རྣམས་རྒྱ་མཚོ་བརྡོལ་བ་ལྟར་ནག་ཁྲིག་ཁྲིག་ལམ་ལ་མི་ཤོང་བར་ཉིན་མཚན་སྦྲེལ་ནས་འགྲོ་བའི་སྐབས་དང་འཕྲད་བྱུང་། དེར་ཧོར་གྱི་ཤན་པ་དྲག་ཆེན་སྟོང་ཁོང་འབྲུག་སྒྲ་དང་། མཆོང་ལྷ། མགར་བའི་ནག་ཤོམ་ངར་འཛོམ། གླང་པོ་ཁྲ་འབར་དང་བཞི་ཧོར་གྱི་འབུམ་དམག་གི་དཀྱིལ་ནས་ཡར་གཤགས་ཏེ་སླེབས་བྱུང་། དེར་གླིང་གི་དཔའ་རྟུལ་བཞིས་ལམ་བཀག་སྟེ་མི་ཆེན་གྱིས་ནམ་ཤོམ་ངར་འཛོམ་གྱི་སྐེ་དཔུང་མཚམས་ལ་གྲིས་བརྒྱབ་པས་རྟ་ལས་ལྷུང་སྟེ་ཤི། དེ་ནས་ཁོང་དཔའ་རྟུལ་བཞི་བོས་གཞན་ཤན་པ་མི་གསུམ་འགོག་པར་ཆས་གྲབས་སྐབས་སུ། ཧོར་གྱི་ཤན་པ་ཁྲ་འབར་དེ་གློ་བུར་དུ་ཕྱིར་འཁོར་ནས་རལ་གྲི་སྐེ་བྲེགས་ཏེ་བསད་པ་དང་། གཞན་དཔའ་རྟུལ་གསུམ་ལའང་གྲི་རྨས་ཐེབས་ནས་སོ་སོ་རྟ་ཐོག་ནས་ལྷུང་། དེར་ཧོར་དམག་རྣམས་རྒྱུགས་ཏེ་འབྲུག་རྒྱལ་གྱི་མགོ་ཁྱེར་ཞིང་། ཤན་པ་གསུམ་བྲོས་པ་ཡིན། ཉ་ཚ་དང་མི་ཆེན། ཐར་པ་གསུམ་ཤི་ལ་ཁད་དུ་ཡོད་སྐབས་གླིང་དམག་ཐོན་ཡང་བྱེད་ཐབས་མ་བྱུང་། དེར་གླིང་དམག་ནང་གི་མི་བཅུ་སྐོར་ཞིག་གིས་བེམ་པོ་སྲུང་བསྡད་ནས་སྤུར་བཞི་བ་སོགས་ཡང་དག་པར་བྱས། སྐུ་ན་ཕྲ་བའི་གླིང་གི་ཡང་རྟུལ་ཉ་ཚ་ཨ་བརྟན་གྱི་སྐུ་ཚེ་འདི་ལྟར་མཇུག་རྫོགས་སོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།