འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག
ཁྲ་མོ་གླིང་གི་དཔའ་རྟུལ་དམ་པ་བདུན་གྱི་ཡ་གྱལ། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་ལས་གླག་དར་མ་འདྲ་བའི་དཔའ་ཆེན་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་སྒ་སྡེ་མི་ཆེན་སེར་པོར་འབོད། རྟ་ཕོ་རླུང་ནག་འཚུབ་ཆེན། དགུང་ལོ་བརྒྱད་ཐོག་རྩལ་ཤུགས་སྤུར་རྒྱལ་བོད་དུ་གྲགས། ས་གླང་ལོར་ཕོ་བྲང་མཆོང་མཁར་སྨུག་པོ་འབྲུ་ཐང་སྟོད་ལྡང་ལ་གཡུ་ཐང་དུ་བཞེངས། མུ་ཁྱུད་ཤེལ་དང་མུ་མེན་རིན་པོ་སྣ་ཚོགས་ཀྱིས་བརྒྱན། དེ་ནས་འབྲུ་སྟོད་སྨད་བར་གསུམ་གྱི་དཔོན་པོར་བསྐོས་ནས་གླིང་གེ་སར་རྒྱལ་པོ་དང་མཉམ་དུ་དཔའ་བོའི་འཕྲིན་ལས་ཕྱོགས་བཅུར་སྤེལ་ཏེ་བདུད་རིགས་ཐམས་ཅད་མཐའ་ནས་བཅོམ། ཁོང་གི་སྲས་འབྲུ་སྲས་ནམ་མཁའ་ཐོག་རྒྱས་ཡིན་ཞིང་སྟག་གཟིག་དམག་འཐབ་ནང་སྐུ་བཀྲོངས་སོང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尕德却江外乃亥
ཁོངས་གཏོགས།
གླིང་གི་དཔའ་བརྟུལ་དམ་པ་སུམ་ཅུ་དང་ཡང་རྟུལ་དམ་པ་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ།
ཡབ།
སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག
རིགས་དབྱེ།
གླིང་སྒྲུང་མི་སྣ།
ཡུམ།
འབྲུ་བཟའ་བསམ་གཏན་དཔལ་ལྷ།
ཕོ་བྲང་།
མཆོང་མཁར་སྨུག་པོ།
1 ངོ་སྤྲོད།

འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་གླིང་འབྲིང་རྒྱུད་ཀྱི་རྒྱུད་ལས་སྐུ་འཁྲུངས། ཕ་སྐལ་ཁྲག་འཐུང་མགོན་ལ་བྱས།། མ་སྐད་སྲིད་པའི་མ་མོ་ཡིན།། གླིང་གེ་སར་རྒྱལ་པོའི་སྐུ་སྲུང་དང་།། རྩལ་ཆེན་བྲག་དམར་ཁྱུང་དང་འདྲ།། ཤེད་ཆེ་བས་རི་བོ་དཔུང་བས་འཕེན།། ཐབས་མཁས་པས་རླུང་ནག་སྤར་གྱིས་འཛིན།། ས་རྨུ་ཐག་ཞགས་པའི་བདག་པོ་ཡིན།། ཞེས་བཤད་སྲོལ་ཡོད། ད་དུང་ཁོང་ནི་མེ་སྒྱོགས་འཕེན་མཁན་སྐད་གྲགས་ཅན་ཞིག་དང་བསྐྱེད་རྫོགས་ཀྱི་གྲུབ་པ་བརྙེས་པའི་གྲུབ་ཆེན་པ་ཞིག་ཀྱང་ཡིན། གཞན་ཡང་ལྷོ་འཛམ་བུ་གླིང་གི་ས་ཆ་ན་རྩལ་ཆེན་ཐོགས་པའི་མི་གསུམ་ཡོད་པའི་ནང་གི་ཡ་གྱལ། ཁྲ་མོ་གླིང་གི་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་དང་། སེར་པོ་ཧོར་གྱི་རྩལ་ཆེན་ནམ་མཁའ་སྤར་འཛིན། རྒྱ་ནག་ཡུལ་གྱི་རྩལ་ཆེན་ཐོག་ཕབ་བཅས་ཡིན། སྨུག་པོ་ལྡོང་གི་རྒྱལ་རབས་ཞེས་པའི་ནང་དུ་བཀོད་པ་ལྟར་ན། སྒ་སྡེ་ཆོས་སྐྱོང་བེར་ནག་ནི་སྒ་སྟོད་དར་གྱི་ལྷ་ལུང་ཆོས་འཕེལ་པདྨ་ལྷ་ཐང་གི་འགྲམ་དུ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་། འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། མཚན་ལ་སྒ་སྡེ་མི་ཆེན་སེར་པོར་མངའ་གསོལ། དགུང་ལོ་བརྒྱད་ཐོག་རྩལ་ཤུགས་འཛམ་བུ་གླིང་ལ་གྲགས། དགུང་ལོ་བཅུ་གཉིས་ཏེ་ཤིང་རྟ་ལོར་འབའ་སངས་རྒྱས་མཚོར་ཁྱིམ་ཐབ་འཛིན་དུ་བཅུག་ནས་དགྱེས་སྟོན་མཛད། ཁོང་གི་སྲས་ནི་འབྲུ་སྲས་ནམ་མཁའ་ཐོག་རྒྱས་ཡིན་ཞིང་སྟག་གཟིག་དམག་འཐབ་ནང་སྐུ་ཤོར།

2 མིང་གི་ཐོགས་ལུགས།

ཁོང་ལ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཞེས་ཐོགས་དོན་ནི་འབྲུ་ནི་རུས་མིང་སྟེ་ཁོང་གི་ཡུམ་གྱི་མཚན་ལ་འབྲུ་བཟའ་བསམ་གཏན་དཔལ་ལྷ་ཞེས་འབོད་པས་འབྲུ་སྒ་སྡེ་ཞེས་དང་སྒ་སྡེ་ཞེས་པ་ཡབ་ཀྱི་མིང་ལ་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་ཟེར་བས་འབྲུ་སྒ་སྡེ་ཞེས་ཆགས། ཆོས་སྐྱོང་བེར་ནག་ཟེར་དོན་ནི་ལྷ་ཆོས་སྐྱོང་མགོན་པོའི་རྣམ་སྤྲུལ་དང་སྐུ་ལ་བེར་ནག་གི་ཆས་གསོལ་བས་དེ་ལྟར་ཐོགས་པར་བཤད།

3 འཁྲུངས་ཡུལ།

ཁོང་གི་སྐྱེས་ཡུལ་ནི་སྒ་སྟོད་དར་གྱི་ལྷ་ལུང་ཆོས་འཕེལ་པདྨ་ལྷ་ཐང་གི་འགྲམ་ཡིན།

4 ཐུན་མིན་གྱི་ཁྱད་ཆོས།

སྒ་སྡེ་ཆོས་སྐྱོང་བེར་ནག་གིས་དབུ་ལ་ཞྭ་ནག་གྱོན་པ་དང་། ལུས་ལ་རུས་ནག་གི་བེར་ལྭ་མནབས་པ། བྲང་དཀྱིལ་དུ་གསེར་གྱི་མེ་ལོང་ཞིག་བཏགས་ཡོད། ཁོང་ལ་དཔའ་རྟུལ་གཞན་ལ་མེད་པའི་མེ་སྒྱོགས་འཕེན་མཁས་ཀྱི་ལག་རྩལ་མངའ་བ་མ་ཟད། དགྲ་ལ་འཐབ་དུས་མཚོན་ཆས་འཛིན་པ་ཉུང་ལ་ལག་འཐབ་དང་སྤར་འཛིང་བྱེད་པ་ལས་གཞན་ད་དུང་རྦབ་རྡོ་འཕེན་ཞིང་སྔགས་ཀྱི་མཐུ་ནུས་གཏོང་བར་བྱེད།

5 ཕོ་བྲང་།

ཕོ་བྲང་གི་མིང་ལ་ཕོ་བྲང་མཆོང་མཁར་སྨུག་པོ་ཟེར་ཞིང་ས་གླིང་ལོར་འབྲུ་སྟོད་གདང་ལ་གཡུ་ཐང་དུ་བཞེངས། དབྱིབས་མཛེས་ལྡན་ཡིད་དུ་འོང་བ་དང་། མུ་ཁྱུད་ཤེལ་དང་མུ་མེན་རིན་ཆེན་སྣ་ཚོགས་ཀྱིས་ཁྲ་བཏབ་པ་ཞིག་ཡོད།

6 མཛད་རྗེས།

ཁོང་གིས་མི་ཚེ་གང་པོར་སེམས་ཅན་གང་ཟག་བདེ་བའི་གནས་སུ་བཀོད་པའི་སླད་དུ་བཞག་པའི་མཛད་རྗེས་ལ་མཐའ་མེད་ཅིང་འདིར་ཅུང་ཟད་ཅིག་བརྗོད་ན། དེ་ཡང་ཧོར་གླིང་གཡུལ་འཁྲུག་གི་སྐབས་སུ་ཧོར་རྩལ་ཆེན་ནམ་མཁའ་སྤར་འཛིན་གྱིས་མི་གསུམ་གྱིས་སྒུལ་མི་ཚུགས་པའི་ཕ་བོང་ཆེན་པོ་ཞིག་འུར་སྒྲ་དང་བཅས་གླིང་གི་དཔའ་རྟུལ་ཕྱོགས་སུ་འཕངས་བྱུང་བ་ལ་སྒ་སྡེས་དེ་མུར་རྡོ་ཕ་བོང་སུམ་འགྱུར་དུ་འཕངས་པ་ཐོ་ཐུག་སྟེ། ཧོར་གྱི་སྒྱོགས་རྡོ་ཕྱིར་ཧོར་དམག་གི་ཕྱོགས་སུ་དེད་ནས་གནམ་ས་སྒུལ་བའི་སྒྲ་བྱུང་ཞིང་། རེ་ཞིག་ནས་སྒྱོགས་རྡོ་གས་ཤིང་དུམ་ཅིག་ཧོར་སྒར་དཀྱིལ་དུ་ལྷུང་ནས་ཧོར་རྟ་དམག་མང་པོ་ཤི་རྨས་ཐེབས། ཡང་དུམ་གཅིག་གིས་གླིང་སྒར་དང་ཐག་མི་རིང་བའི་བྲག་རི་གཏོར་ནས་ཐལ་བས་ཉི་མ་སྒྲིབས་ཙམ་བྱས། དེ་མུར་སྒ་སྡེས་རྩལ་ཆེན་དང་སྤར་འཛིང་བྱས་པས་ཇ་ཡུན་ཙམ་གྱི་རིང་ལ་རྩལ་ཆེན་ཐང་ལ་བརྡབས། ནང་ཁྲོལ་ཕྱི་རུ་བཏོན། ལག་གཡས་མཐེབ་ཀོར་དང་བཅས་པ་ཧོར་ཤན་པའི་ཕྱོགས་སུ་འཕངས། ལག་གཡོན་ལྷམ་དང་བཅས་པ་སྟོབས་ཆེན་གྱི་ཐད་དུ་འཕངས། གློ་མཆིན་དང་ནང་ཁྲོལ་ཤེད་ཆེན་གྱི་ཕྱོགས་སུ་འཕངས། པགས་པ་མགོ་འབྱར་བ་དེས་གུར་དཀར་གྱི་ཁྲི་ལ་ལན་མང་དུ་བརྒྱབ། ཕྱི་ཤ་རྟ་ལ་བཏགས་ནས་ཕྱིར་གླིང་ཡུལ་དུ་ཕེབས། སོག་གླིང་སྐབས་སུ་སོག་ཨ་ཆེན་རྒྱ་སྒོ་གོང་མའི་འབྲོང་རྒོད་འཇིགས་སུ་རུང་བ་མགོ་ན་རྭ་ཆེན་བཅོ་བརྒྱད་ཡོད་པ་དེ་དཔའ་རྒོད་སུས་ཀྱང་འདུལ་དཀའ་བའི་གནས་སུ་ཡོད་སྐབས་སྒ་སྡེས་མཐོན་པོ་བྲག་ལ་བརྡབས་ནས་བསད་ཅིང་བདུད་དམག་ཁྲི་ཚོ་མང་པོའི་མགོ་སྐེ་བླངས། དམག་དཔོན་མདའ་ཁྲི་རྒྱལ་པོ་སྤར་འཛིན་སྒོས་གློ་སྙིང་ཕྱི་རུ་བཏོན་ནས་བསད། འཇང་གླིང་གི་སྐབས་སུ་འཇང་གི་དུག་མཚོ་ནག་པོ་དང་བྱེ་མ་ཆེན་པོས་འགྲོ་ལམ་བཀག་པ་མཐུ་ནུས་ཀྱིས་བགྲོད་ལམ་ཕྱེས། ཁ་གླིང་གཡུལ་འཁྲུག་གི་སྐབས་སུ་ཁ་ཆེའི་བྲག་སྒོ་བཙན་པོ་མདའ་ཡིས་གཏོར། དམག་དཔོན་བདུད་མགོན་དང་ངྷ་ར་ཁྲ་རྒོད་མིག་དམར་གཉིས་རལ་གྲི་ནག་པོ་ཐོག་ཆོད་ཀྱི་ངར་ལ་དྲངས་ཏེ། གླིང་དཀར་དམག་དཔུང་རྣམ་པར་རྒྱལ་བའི་རྨང་གཞི་བརྟན་པོ་བཙུགས་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།