གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན།
ལོ་སྟོང་དཔོན་ཨ་མྱེས་ཁྲ་རྒན་ནི་གླིང་རྒན་གྲས་རྣམས་ཀྱི་ཆེ་མགོ། ས་ཡོས་ལོའི་ཟླ་བརྒྱད་པའི་རི་ལུང་རྩྭ་ལྗང་གཡུ་འོད་ཀྱིས་ཁྱབ་པའི་དུས་སུ་ཡབ་ཆོས་འཕེན་ནག་པོ་དང་ཡུམ་རོང་བཟའ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་རོང་ཚ་ཁྲ་རྒན་གསོལ། གཞན་ཟླ་སྐྱེ་ལས་རོང་ཚ་ཞག་སྐྱེ་ཆེ་བས། དགུང་ལོ་བཅུ་གཉིས་ས་འབྲུག་ལ་ཆོས་བཟང་མ་ཞེས་ཆོས་རྗེ་ནོར་བུ་ཀ་བཟང་གི་སྲས་མོ་སྟེ། མཛེས་སྡུག་ལང་ཚོ་རབ་ཏུ་རྫོགས་པ། ཆུ་ཤེལ་ཟླ་བའི་རང་མདངས་ཅན། མཛེས་མའི་ཡོན་ཏན་ཐམས་ཅད་འཛོམས་པ་དེ་ཁབ་ཏུ་བཞེས་ནས་སྟོན་མོ་རྒྱ་ཆེན་མཛད་དེ། གླིང་ཆེ་ཁག་གསུམ་གྲོས་མཐུན་བྱུང་ནས་ཆུང་རྒྱུད་གླིང་གི་སྤྱི་དཔོན་ལ་བསྐོས། ཁོང་ལ་བུ་གསུམ་དང་བུ་མོ་གཅིག་ཡོད། ས་སྦྲུལ་ལོར་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་རྨ་རྫ་གཉིས་ཀྱི་མཚམས་སུ། གྱང་མཁན་དགུ་བརྒྱ་བོས་ཏེ། རྒྱུ་རིན་ཆེན་སྣ་ལྔ་བྱས་ནས་ཕོ་བྲང་གནམ་རྫོང་ཕྱུག་མོ་མཐོ་ཚད་ལ་ཚངས་པའི་འདོམ། རིང་ཚད་ལ་དཔག་དཀའ་བ་ངོ་མཚར་གྱིས་བརྟས་པའི་ཕོ་བྲང་ཞིག་བཞེངས། གླིང་གི་གཡུལ་འཐབ་གང་གི་ནང་དུའང་སྤྱི་དཔོན་མ་འདུས་ས་གཅིག་ཀྱང་མེད། དགུང་ལོ་བརྒྱ་ལྷག་གམ་སྟོང་ལ་བསྡད་པས་ལོ་སྟོང་དཔོན་ཨ་མྱེས་ཁྲ་རྒན་དུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岭国总管王
ཁོངས་གཏོགས།
གླིང་སྒྲུང་མི་སྣ།
1 ངོ་སྤྲོད།

སྤྱི་དཔོན་རོང་ཚ་ཁྲ་རྒན་ནི་ཧོར་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་སྐྱེས་མའི་ཡོན་ཏན་ཡོངས་སུ་ཚང་བའི་སྨན་མཆོག་རོང་བཟའ་མེ་ཏོག་མཚོ་མོ་ཞེས་པ་དེ་ཕོ་བྲང་ནང་གི་མེ་ཏོག་ལྡུམ་རའི་ཁྲོད་སྤྲོ་གསེང་ལ་ཕེབས་ཏེ་གཉིད་འདུག་པའི་སྐབས་སུ། སྐབས་གསུམ་ལྷ་ཡི་ཡུལ་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མེ་ཏོག་གི་ཟེའུ་འབྲུའི་སྟེང་དུ་ཆགས་པའི་བསིལ་ཆར་ཐིགས་པ་གཅིག་རོང་བཟའ་མའི་ཞལ་ལས་ཁོག་པར་ཐིམ་དུ་བཅུག་པའི་ཚེ། རོང་བཟའི་ཡིད་ལ་བདེ་སྣང་དང་བཅས་ལུས་ཡོངས་གསེར་འོད་ལམ་ལམ་དུ་གྱུར་ཞིང་བསིལ་ཆར་ཐིགས་པ་དེ་ལས་རོང་བཟའི་སྐུ་ལ་བུ་ཞིག་བལྟམས་པ་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ལ་དགུང་ནས་མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པའི་ལྟས་བཟང་དང་ཁྱབ་ཅིག་སྐུ་འཁྲུངས། ཁོང་ཉིད་ན་སོའི་ལང་ཚོ་དར་ལ་བབ་སྟེ་བཙུན་མོ་རྒྱ་བྱམས་པ་ཨམ་ཙུག་གི་སྲས་མོ་རྒྱ་བཟའ་དར་ཕྱར་ལྷ་མོ་ཁབ་ཏུ་བཞེས་ནས་སྲས་མིང་སྲིང་བཞི་ཡོད་པ་སྟེ། སྲས་ཆེ་བའི་མཚན་ལ་གླེན་པ་ཁ་འཐམ་ཟེར་ཞིང་འགོག་གླིང་གཡུལ་འཁྲུག་གི་སྐབས་སུ་སྲོག་ཤོར། སྲས་འབྲིང་བར་ལྷ་སྲས་ཉི་མ་སྟོབས་ཆེན་ཟེར་ཞིང་གྲུ་གུ་གོ་རྫོང་ཕབ་པའི་སྐབས་སུ་སྲོག་ཤོར། བུ་ཆུང་བར་སྣང་ངུ་གཡུ་སྟག་ཟེར་ཞིང་ཧོར་གླིང་གཡུལ་འཁྲུག་གི་སྐབས་སུ་སྲོག་ཤོར། སྲས་མོའི་མཚན་ལ་ལྷ་མོ་མེ་ཏོག་ཡང་མཛེས་ཟེར།

ཁོང་སྐུ་ན་ཕྲ་བའི་དུས་སུ་སྐུ་སྟོད་ལ་གསེར་གྱི་སྟོད་འགག་མནབས་ཤིང་དབུ་ལ་གསེར་གྱི་ཞྭ་མོ་གསོལ་བ། སྐེད་ལ་དར་སེར་པོའི་སྐ་རགས་བཅིངས་པ། རྐང་ལ་རྒྱ་ལྷམ་སྟག་མོ་རིས་མཛེས་གྱོན་པ། ཕྱག་གཡོན་པར་མུ་ཏིག་ཁྱུང་གི་སྒོ་ང་འདྲ་བའི་ཕྲེང་སེར་འཛིན་པ། ཕྲག་གཡས་པར་གསེར་གྱི་མདའ་དར་འཛིན་པ། དར་དེ་ཕྱོགས་བཞིར་གཡུགས་ན་ཆར་ཆུ་དང་ནོར་གཡང་འཁོར་བ། སེམས་ཅན་ནད་ལས་གྲོལ་བ་ཞིག་ཡོང་ངེས་ཡིན་པར་བཤད། ཁོང་ཕོ་ལོ་ཉེར་གཉིས་སྟེང་དམག་ཕྲ་མོའི་གོ་མཚོན་བསྒྲིགས་པའི་སླད་དུ་རྫུ་འཕྲུལ་གྱིས་སྟེང་ཕྱོགས་ལྷ་ཡུལ་ཁམས་ལ་ཆས་ཏེ་ལྷ་ཚངས་པར་གནས་ཚུལ་ཡར་ཞུ་དགོས་ལྷོ་འཛམ་བུ་གླིང་ན་མེད་པའི་གནམ་ལྕགས་ཤེལ་གྱི་རལ་གྲི་དང་། དུང་གཞུ་དཀར་མོ་གཡས་འཁྱིལ། མདའ་མོ་གནམ་ལྕགས་ཐོག་ཕབ། འདོ་བ་ཤ་རྐྱང་དྲེལ་མགོ། ཁྲབ་དཀར་སེར་བ་ཐོག་ཐུབ། ཉི་ཟེར་སྦྲུལ་གྱི་ཞགས་པ་བཅས་གནང་། སྐབས་དེ་ནས་བཟུང་དགེ་འདུན་པའི་བརྟུལ་ཞུགས་རྫོགས་ཏེ་དྲག་འཐབ་ལ་མཁས་པ་ཞིག་ཏུ་གྱུར་ཟེར།

2 མིང་གི་ཐོགས་ལུགས།

འདི་ལ་བཤད་ཚུལ་མང་ཡང་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་གསུངས་པ་ལྟར་ན། དང་པོ་ཕ་མ་བུ་སྤུན་མེད་པའི་ཚ་ཞིང་འདན་མ་བྱང་ཁྲ་གླིང་དཀར་སྟོད་ལ་ཕེབས་སྐབས་སྤྱི་དཔོན་གྱིས་རྒྱུ་ནོར་ཟས་གསུམ་གྱིས་དབུལ་བའི་མི་ཞིག་ཕེབས་པ་རྟོགས་ཏེ་ཡིད་ལ་སྙིང་རྗེ་སྐྱེས་ཤིང་རང་གི་རྒྱུ་ནོར་སུམ་བགོས་མཛད་དེ་འདན་མར་ཕྱིན། དེ་རྗེས་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་གྲས་ཀྱི་སྤྲུལ་བ་སེང་ཨ་དོམ་མི་ཡི་སྤྱང་ཀི་དེ་སྤྲང་གོག་ཞིག་ཏུ་སྤྲུལ་ནས་སྤྱི་དཔོན་གྱི་སྒོ་ཁར་ཟས་གོས་སློང་བར་རང་གི་རྒྱུ་ནོར་གྱི་ལྷག་མའི་ཉིས་ཆའི་གཅིག་ཕྱིན། དེ་འཕྲོའི་རྒྱུ་ནོར་གླིང་གི་བླ་མ་མི་གསུམ་དང་སྤྲང་པོ་མི་གསུམ་ལ་མང་ཉུང་མེད་པར་ཕྱིན་པས་གླིང་ཡུལ་སྤྱིའི་དཔོན་པོ་ལྟ་བུ་ཞིག་འདུག་ཟེར་ནས་སྤྱི་དཔོན་དུ་བཏགས། གཞན་ཁྲ་རྒན་ཞེས་པ་ཁོང་གི་མཁར་རྫོང་ལ་ཁྲ་སྟོད་གནམ་རྫོང་ཕྱུག་མོ་ཟེར་སྟབས་དེའི་བདག་པོ་རྒན་པ་ལ་ཁྲ་རྒན་ཞེས་ཐོགས། རོང་ཚ་ཞེས་པ་ནི་ཁོང་གི་ཡུམ་གྱི་མཚན་ལ་རོང་བཟའ་མེ་ཏོག་མཚོ་མོ་ཟེར་བའི་དབང་གིས་རོང་ཚའི་ཡིག་འབྲུ་གཉིས་ཁོང་གི་མཚན་ལ་འབྱོར་བར་བཤད།

3 རྫོང་མཁར།

དང་པོ་སྤྱི་དཔོན་མ་བུ་གཉིས་བཞུགས་སའི་རྫོང་མཁར་ལ་དཀར་མོ་གཤོག་དྲུག་ཟེར་ཞིང་། ཞིག་རལ་ཏུ་གྱུར་བ་ཞིག་ཡོད་པ་ལ་སྤྱི་དཔོན་ནར་སོན་རྗེས་དེའི་ས་གཤིས་ལེགས་ཤིང་རི་ཆུ་ནགས་ཚལ་དང་མེ་ཏོག་སོགས་འཛོམས་པའི་བཀྲ་ཤིས་རྟེན་བཟང་གི་ས་ཆ་ཞིག་ཡིན་པ་མཐོང་ནས་ཁོང་གི་དགོངས་པར་གནས་འདིར་རྫོང་མཁར་གཞན་དང་མི་མཚུངས་པ་ཞིག་བཞེངས་རྒྱུར་སེམས་ཐག་བཅད་ནས་གླིང་དཀར་སྟོད་ཀྱི་དཔོན་པོ་ཁྲོ་ཐུང་གི་གམ་དུ་སོང་ནས་སྟོད་རྒྱ་གར་དང་བར་དབུས་གཙང་སོགས་ནས་རྫོང་བཞེངས་ལ་མཁས་པའི་མི་ལག་རྩལ་ཅན་ཞིག་འཚོལ་བའི་རེ་བ་ཞུས་པར་ཁྲོ་ཐུང་གིས་ཕྲག་དོག་གིས་མ་བཙལ་བར་སྤྱི་དཔོན་ཁྲོས་ན་ཕྱིར་སོང་ནས་མ་བུ་གཉིས་ཀྱིས་བཞེངས་རྒྱུ་བྱས་པས་ཡུལ་ལྷ་གཞི་བདག་ལ་གསོལ་བ་ཡང་ཡང་བཏབས་པར་བརྟེན། དེའི་ནུབ་མོར་རྨི་ལམ་དུ་མི་དཀར་རྟ་དཀར་ཕྱག་གཡས་གཡོན་ལ་མདའ་དར་དང་ནོར་གཞོང་འཛིན་པ། བར་མཚམས་སུ་ནོར་བུ་ཀུན་འབྱུང་བཟུང་བ་ཞིག་གིས་སྤྱི་དཔོན་ལ་སེམས་ཁྲལ་མི་དགོས་ཚུལ་དང་། ཉིན་ཞག་བདུན་རིང་ལ་ཁོང་གི་སྐུ་མཁར་འགྲུབ་པའི་ལུང་བསྟན་ནས་གར་སོང་ཆ་མེད་དུ་གྱུར། དེ་ནས་སྟེང་ཕྱོགས་ལྷ་ནས་ལྷ་ཆེན་ཚངས་པས་ལྷ་ཕྲུག་ཀླུ་ཕྲུག་དང་བཅས་མང་པོ་མངག་ནས་གསེར་རྡོ་དངུལ་རྡོ་རག་རྡོ་གཡུ་རྡོ་སོགས་ཀྱིས་བྱས་པའི་ཐོག་ཁང་སུམ་ཅུ་སོ་དྲུག་ཅན་གྱི་མཁར་རྫོང་ཡིད་དུ་འོང་བ་ཞིག་བཞེངས་སྐྲུན་ལེགས་འགྲུབ་བྱུང་བར་ཁྲ་སྟོད་གནམ་རྫོང་ཕྱུག་མོ་ཟེར། རྫོང་མཁར་དེ་ཆགས་ཡུལ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་འབོད་པའི་ནང་རོལ་རྭ་རྒྱ་དགོན་པའི་ཤུལ་དེ་ཡིན་པར་བཤད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-28

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།