སེང་སྟག་ཨ་དོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེང་སྟག་ཨ་དོམ།
གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་འབྲིང་རྒྱུད་ཀྱི་གདོང་རྒྱུད་དེ། དཔའ་འགྲན་མེད་སེང་སྟག་ཨ་དོམ་ནི་གླིང་གི་དཔའ་རྟུལ་སུམ་ཅུ་ལས་ཡང་རྟུལ་དམ་པའི་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཏེ། མཁར་མི་འགྱུར་སྨུག་པོ་ལྕུག་དཀྲིས། རྟ་སྟོང་རི་ནོར་གྱི་བང་མཛོད། མཚོན་ལེབ་ཆེན་མི་ཡི་བཤའ་གྲི། སྲས་ཀྱི་མཚན་ལ་བཅོ་ལྔའི་དཔའ་གསར་ཟླ་བ་ཟེར་ཞིང་། ཧོར་གླིང་སྐབས་སུ་དཔའ་བོ་ངར་འཐབ་ཀྱིས་ཤི་སྟབས་དག་ཞིང་ལ་འགྲོ་མ་ནུས་པར་ཐོག་རུའི་ཡུལ་དུ་སེར་རྒོད་སྟོང་ཐུབ་ཀྱི་ལུས་བླངས། རྗེས་སུ་ཕ་བུ་ལྷན་འཛོམས་བྱུང་སྐད། སེང་སྟག་ཁོང་ནི་སེང་ཨ་དོམ་མི་ཡི་སྤྱང་ཀི་ཞེས་མཚན་སྙན་འཛམ་བུ་གླིང་ལ་ཁྱབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑德阿冬
ཁོངས་གཏོགས།
ཡང་རྟུལ་དམ་པ་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ།
རིགས་དབྱེ།
གླིང་སྒྲུང་མི་སྣ།
མཁར་རྫོང་།
མཁར་མི་འགྱུར་སྨུག་པོ་ལྕུག་དཀྲིས།
1 ​ངོ་སྤྲོད།

གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་འབྲིང་རྒྱུད་ཀྱི་གདོང་རྒྱུད་དེ། དཔའ་འགྲན་མེད་སེང་སྟག་ཨ་དོམ་ནི་གླིང་གི་དཔའ་རྟུལ་སུམ་ཅུ་ལས་དཔའ་རྒོད་ཕུལ་དུ་བྱུང་བ་ཞིག་ཡིན། ལྷོ་འཛམ་གླིང་གི་ས་ཆ་ན། སེང་ཨ་དོམ་མི་ཡི་སྤྱང་གི་ཡིན། མཚོན་ལེབ་ཆེན་མི་ཡི་བཤའ་གྲི་ཡིན། རྟ་སྟོང་རི་ནོར་གྱི་བང་མཛོད་ཡིན།། སེང་དོམ་བུས་མ་ཐུབ་དགྲ་སྐལ་མེད།། མཚོན་ལེབ་ཆེན་མ་ཆོད་ལས་གཅིག་མེད།། རྟ་སྟོང་རིས་མ་ཟིན་སུ་ཡང་མེད་ཅེས་མི་རྟ་མཚོན་གསུམ་གྱི་ཁྱད་ཆོས་བརྗོད་ཡོད་པ་དང་། ད་དུང་དང་པོ་རྟིང་མ་མདའ་ལ་འགྲན་པའི་ཉིན།། ཉག་ཕྲན་ནི་འཇག་སྐྱ་ཡར་ཡར་གྱིས།། ཕྱི་དགྲ་བོ་ཤིང་སྡོང་འགྱེལ་འགྱེལ་བྱོས།། དེ་ནས་བ་དན་མདོང་ལ་འགྲན་པའི་ཉིན།། བ་དན་ནི་མེ་སྟག་འཚུབ་འཚུབ་ཀྱིས།། སྡང་དགྲ་བོ་མེ་ལྕེ་སྲེག་སྲེག་བྱོས།། དེ་ནས་སྔོན་མོ་མཚོན་ལ་འགྲན་པའི་ཉིན།། རལ་གྲི་ནི་འཁོར་ལོ་བསྐོར་བསྐོར་གྱིས།། ཕྱི་དགྲ་བོ་ཟོར་བས་འབྲེག་འབྲེག་བྱོས།། ཞེས་དཔའ་རྒོད་ཀྱི་ཁྱད་ཆོས་བླ་ན་མེད་པ་བསྟན་ཡོད། སེང་ཨ་དོམ་འཁྲུངས་ཚུལ་ནི་ཤིང་འབྲུག་གི་ལོར་ཡབ་ཆེན་སེང་བློན་ཀ་མ་རི་སྐྱེས་ཀྱི་མཆོད་ཁང་དྲི་མེད་ཆོས་མཛོད་ཀྱི་མཆོད་ཁྲིའི་སྟེང་དུ་བྱ་ག་རུ་ཊ་ཡི་སྒོ་ང་དང་མཚུངས་པའི་དུང་སྦུབས་ཤིག་སྨིན་པ་ལ་བདག་སྐྱོང་གང་ལེགས་བྱས་དེ་ཁ་གས་ནས་ནང་དུ་ཁྱེའུ་ཡིད་དུ་འོང་བ་ཞིག་བྱུང་བ་དེ་ན་སོ་དར་ལ་བབ་པའི་དུས་ལྷོ་བཟའ་བེེཊཱརྱ་སྒྲོལ་མ་ཁབ་ཏུ་བཞེས་ནས་སྲས་གཅིག་ཡོད་པར་གྲགས།

2 མིང་གི་ཐོགས་ལུགས།

གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས་ཏེ་ཤར་རྨ་རྒྱལ་སྦོམ་རའི་གཏེར་སྒོ་འབྱེད་པའི་དུས། གླིང་གི་ཕུ་ནུ་ལྷན་དུ་འཛོམས་ནས་ཤེད་ཆེན་གྱིས་ཤེད་ངོམ་ཞིང་། སྟོབས་ཆེན་གྱིས་སྟོབས་ངོམ་པ། འདོ་བས་རྒྱུགས་ངོམ་པ། ཁ་བདེ་ཡིས་ལྕེ་ངོམ་པ། ད་དུང་མདའ་གྲི་མདུང་གསུམ་གྱི་ལྟད་མོ་སྟོན་སྐབས། སེང་ཨ་དོམ་ཉིད་སྔ་དྲོ་གངས་དཀར་སྟོད་ལ་སོང་། སེང་དཀར་མོ་ལག་པ་གཡོན་གྱིས་བཟུང་།། ཕྱི་དྲོ་རྒྱ་རྫོང་ནགས་ལ་སོང་།། སྟག་དམར་ཡག་ལག་པ་གཡས་ཀྱིས་བཟུང་།། དེ་ནས་སྟག་སེང་གཉིས་ཁ་སྤྲོད་བྱས་ནས་གླིང་གི་གུར་ཆེན་གྱི་སྒོ་ཁར་བཏགས་པ་ན་གླིང་དཀར་དཔའ་རྟུལ་རྣམས་ཧ་ལས་ཧོན་ཐོར། སྐབས་དེ་ནས་བཟུང་སེང་སྟག་ཨ་དོམ་ལ་སེང་སྟག་ཞེས་མིང་རང་ཤུགས་སུ་ཐོགས། དེ་ཡང་ཨ་དོམ་ཞེས་པར་བཞེད་པ་མི་འདྲ་བ་གཉིས་ཡོད་དེ། ཁ་ཅིག་གིས་སེང་ཨ་དོམ་ནི་ཨ་སྔོན་གནམ་ནས་མཆོངས་ནས་ཐོན་པ་ལྟ་བུའི་བུ་རྒོད་པོ་དོམ་ཞིག་དང་འདྲ་བས་དེ་ལྟར་ཐོགས་ཟེར་བ་དང་། ཡང་ལ་ལས་སེང་སྟག་དེ་ནི་ཕྱི་ཡུལ་ནས་ལྡོམ་ནས་འོང་བས་ཨ་ལྡོམ་ཟེར་བ་གདངས་འགྱུར་ནས་ཨ་དོམ་ཞེས་བོས་པར་གསུངས།

3 མཁར་ཤུལ།

གླིང་རྗེ་གེ་སར་སྐྱེས་བུའི་ལོ་རྒྱུས་དམངས་ཁྲོད་དུ་བྱུང་བའི་ངག་རྒྱུན་ཁུངས་མ་དང་ཁ་ཐག་ཉེ་བའི་གནའ་བོའི་དུས་ཀྱི་གླིང་སྒྲུང་རྙིང་ཤོས་དག་ན། གོ་འཇོ་ནི་གླིང་གི་དཔལ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་ཀྱལ་སེང་སྟག་ཨ་དོམ་མི་སྤྱང་གི་བཞུགས་གནས་ཡིན་པར་གསལ་ཁ་ཆེ་བ་ལྟར། གོ་འཇོའི་ཕྱོགས་སུ་གནའ་སྔ་མོ་ནས་ངག་རྒྱུན་དང་ལོ་རྒྱུས་ཡོད་པའི་དཔའ་བོ་སེང་སྟག་ཨ་དོམ་གྱི་མཁར་ཤུལ་ཡིན་ཟེར་བ་འདི་གླིང་གེ་སར་ཞིབ་འཇུག་པ་དག་ལ་དཔྱད་གཞི་རྩ་ཆེན་དངོས་ཡོད་ཅིག་ཡིན་པར་མཐོང་། དཔའ་སེང་སྟག་ཨ་དོམ་གྱི་མཁར་མིང་ལ་མཁར་མི་འགྱུར་སྨུག་པོ་ལྕུག་དཀྲིས་ཟེར།

4 མཛད་རྗེས།

དཔའ་འགྲན་མེད་སེང་སྟག་ཨ་དོམ་གྱིས་ཕྱི་དགྲ་བཏུལ་ནས་བྱས་རྗེས་བཞག་ཚུལ་ཉུང་ཙམ་བརྗོད་ན། ཧོར་གླིང་གཡུལ་འཁྲུག་གི་སྐབས་སུ་མགར་བའི་ཤོག་གི་པཱ་དུར་དགྲ་འདུལ་རྒྱལ་པོ་གཙོས་མི་རྟ་བརྒྱ་སྟོང་ལྷག་ཤི་རྨས་སུ་དྲངས། རེ་ཞིག་ཧོར་ཤན་པའི་དམག་རྣམས་ཁྲག་ཁོལ་ཁོལ་དུ་དཀྲུགས། དེ་བཞིན་མོན་གླིང་དང་གྲུ་གུ་གོ་རྫོང་སོགས་སུ་དགྲ་ཕྱོགས་ཀྱི་དཔའ་བོ་གང་དྲག་མཚོན་ལེབ་ཆེན་གྱི་ངར་ལ་དྲངས་བ་སོགས་བྱས་རྗེས་བརྗོད་ཀྱིས་མི་ལང་བ་བཞག་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།