རྒྱ་ཚ་ཞལ་དཀར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་ཚ་ཞལ་དཀར།
གླིང་གི་ཡང་རྟུལ་དམ་པ་མི་བདུན་གྱི་གཙོ་བོ། གླིང་རྗེ་གེ་སར་རྒྱལ་པོའི་སྐུ་མཆེད། དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ནི། སྐུ་ན་ཕྲ་བའི་དུས་ནས་དགྲ་སྡང་གྲོགས་བྱམས་ཀྱི་རང་གཤིས་ལྡན་ཞིང་། མདའ་མདུང་གྲི་གསུམ་གྱི་དྲག་པའི་མཚོན་ཆའི་རྩལ་ལ་རབ་ཏུ་བྱང་བ། ནག་ཕྱོགས་བདུད་སྡེ་མ་ལུས་གཞོམ་པར་ནུས་པའི་ཐུགས་སྟོབས་གཞན་དང་མི་མཚུངས་པ་ཞིག་མཆིས་པ་རེད། ཁོང་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་བློ་རྩེ་འཁེལ་བའི་དཔའ་རྒོད་ཕུལ་དུ་བྱུང་བ་ཞིག་ཀྱང་ལགས། དེར་ཡང་ཧོར་གླིང་གཉིས་ཀྱི་གཡུལ་འཁྲུག་གི་སྐབས་སུ། ཁོང་གིས་གླིང་དཀར་ལྷ་སྡེ་ཡོངས་ཀྱི་མ་འོངས་བདེ་སྐྱིད་ཀྱི་སླད་དུ་སྐུ་ན་གཞོན་པའི་ཚེ་སྲོག་བློས་བཏང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贾察霞尕尔
རིགས་དབྱེ།
གླིང་སྒྲུང་མི་སྣ།
ཡབ།
སེང་བློན་རི་སྐྱེས།
ཁོངས་གཏོགས།
ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ།
ཡུམ།
རྒྱ་བཟའ་ལྷ་དཀར་སྒྲོལ་མ།
རྫོང་མཁར།
དངུལ་ཆུ་ཁྲོ་རྫོང་།
1 ངོ་སྤྲོད།

དཔའ་རྒོད་རྒྱ་ཚ་ཞལ་དཀར་གྱི་ཡབ་ནི་གླིང་གི་མི་ཆེན་རྣམ་གསུམ་གྱི་ཡ་གྱལ་ཏེ་སེང་བློན་ར་སྐྱེས་ཡིན་པ་དང་། གླིང་སེང་ཆེན་དང་ཡབ་གཅིག་པ་ལགས། དེ་ཡང་སེང་བློན་གྱིས་རྒྱ་ནག་ཡུལ་ནས་རྒྱ་ནག་རྒྱལ་པོའི་སྲས་མོ་ལྷ་དཀར་སྒྲོལ་མ་ཁབ་ཏུ་བཞེས། དེ་ནས་འགོག་གི་ཡུལ་ནས་འགོག་ར་ལོ་སྟོན་པའི་སྲས་མོ་མགྲོན་དུ་བླངས། རོང་གི་ཡུལ་ནས་སྨན་མཆོག་ཤེལ་དཀར་སྒྲོལ་མ་བསུས། རྒྱ་ཚ་ཞལ་དཀར་ནི་རྒྱ་ནག་རྒྱལ་པོའི་སྲས་མོ་ལྷ་དཀར་སྒྲོལ་མའི་སྲས་ཡིན།

2 མི་གཤིས།

གདོང་འབུམ་པའི་རྒྱ་ཚ་ཞལ་ལུས་དུས་སྐབས་དང་གནས་བབ་མི་འདྲ་བའི་འོག་ཏུ་གླུ་ཚིག་དང་ངག་རྟ་མི་འདྲ་བ་རེ་བླངས་ཡོད་པ་དེས་ཁོང་གི་རང་གཤིས་མངོན་པར་མཚོན་ཡོད་དེ། ཧོར་ལ་ཇག་ཏུ་ཆས་སྐབས་དང་སྲས་དགུ་ལྷ་རྩེ་རྒྱལ་མ་བུ་གཉིས་ལ་ཁ་ཆེམས་འཇོག་དུས། ཧོར་གུར་དཀར་ལ་འཕྱ་གཏམ་སྒྲོག་དུས། སྤྱི་དཔོན་དང་མ་འགོག་བཟའ་སོགས་ལ་ལེ་ལན་བྱེད་དུས། སྤུན་མཆེད་ལྷའུ་བསད་རྗེས་ཡིད་གདུང་གི་མཆི་མ་བྱུང་དུས། ཤན་པའི་མདུན་ནས་རང་སྲོག་ཤོར་དུས་སོགས་ཀྱི་གླུ་རྟ་དང་གླུ་ཚིག་ལ་བལྟོས་བཅས་ཀྱིས་འཇམ་རྩུབ་གཉོམ་དྲག་གི་ཁྱད་པར་ཅུང་ཞིག་མཆིས་མོད། སྤྱིར་བཏང་དུ་རྒྱ་ཚའི་རང་གཤིས་དང་མཐུན་པའི་ངག་རྟ་དང་གླུ་ཚིག་ཕལ་ཆེར་འགྱུར་མེད། ཁུ་བོ་སྤྱི་དཔོན་གྱིས་འབུམ་པའི་རྒྱ་ཚ་ཞལ་ལུ་ལགས། མ་ཁྲོ་ཐུགས་རྗེས་ཆེན་པོ། ཁྲོས་ན་ཁྲོ་བོ་རྟ་མགྲིན། མི་ལ་ཡོད་ན་སྨོན་རྒྱུ། རང་ལ་ཡོད་ན་ངོམ་རྒྱུ། ཟེར་བ་བཞིན། ཁྲོས་པའི་ཚེ་ན་སྤྱི་དཔོན་ཡིན་རུང་སྡིགས་ལན་དང་གཤེ་གཤེ་གཏང་སྲིད་དེ། ཨ་ཁུ་སྤྱི་དཔོན་རྒྱལ་པོ་ལགས། གཏམ་གླ་བོ་ཅི་འདྲ་ཟེར་འདོད་ཡིན། ཡང་མིན་ན་རྒས་ནས་འཆོལ་ལེ་རེད། འཆོལ་ནས་འཆོལ་གཏམ་ཡ་མེད་རེད། ཡང་མིན་ན་ཆུང་ནས་རྩེ་ལོ་རེད། ཆུང་བྱིས་པའི་ཡེར་གཏམ་ཡ་མེད་རེད། གནའ་མི་བོད་ཀྱི་གཏམ་དཔེ་ལ། གཏམ་ཡ་མེད་དཔོན་པོའི་བཙན་གཏམ་ཡིན། ཞེས་པ་ལྟ་བུ་རེད། ད་དུང་ཧོར་གྱི་སྟོང་ཤོར་འབུམ་ཐུབ་ལ་ངག་རྟ་དཔའ་གླུ་ཐུང་ཐུང་ལ་དྲངས་པ། ཁྱོད་སྟོང་ཤོམ་འབུམ་ཐུབ་མགོ་བྱས་པའི། དམག་འཕྲུ་ཁྲ་ཅན་ལ་རྒྱ་མཚོ་བཅུ། གཏམ་བཤད་མི་གཅིག་ལས་གཏོང་རྒྱུ་མིན། མགོ་ཉུང་རྡོག་འབྲེག་འབྲེག་མི་བྱེད་རི། ཧོར་རྐང་ལྕང་ལོ་གཏུབ་གཏུབ་གཅིག ཧོར་ཁྲག་ཡུར་ཆུ་འཐེན་འཐེན་གཉིས། སྒང་སྒང་རོ་ཡིས་ཁེངས་ལེ་གསུམ། གཤོང་གཤོང་ཁྲག་གིས་བཀང་ལེ་བཞི། ཞེས་པ་ལྟ་བུར་ཚིག་རྟིང་མནའ་ཡིས་བསྒས་ཏེ་རྒྱ་ཚ་ཞལ་ལུས་རང་ལ་འགྲོ་གཞོམ་གྱི་དཔའ་ངར་ཇི་འདྲ་ཞིག་གདའ་བ་མངོན་པ་དང་ཆབས་ཅིག གཡུལ་སའི་དམག་འཁྲུག་གི་འཇིགས་རུང་དང་དྲག་ཤུལ་གྱི་འགུལ་རྣམ་ཞིག་ཀྱང་དཔེའི་ལམ་ནས་རང་ཤུགས་ཀྱིས་ཚིག་གསེང་དུ་ཐོན་འདུག་སྟེ། མི་མགོ་ཉུང་རྡོག་འབྲེག་འབྲེག་དང་ཧོར་རྐང་ལྕང་ལོ་གཏུབ་གཏུབ་ཀྱིས་ཧོར་ཁྲག་ཡུར་ཆུ་འཐེན་འཐེན་དང་སྒང་སྒང་རོ་ཡིས་ཁེངས་ཤིང་གཤོང་གཤོང་ཁྲག་གིས་བཀང་བའི་རྣམ་པ་ཞིག་ཆགས། ཞལ་ལུའི་ཞུམ་མེད་ཀྱི་དཔའ་རྩལ་དང་ལས་སྣང་མ་དག་པའི་སྡུག་འབྲས་སོགས་ཀྱང་ཞར་ལ་མི་གསལ་ལམ། གེ་སར་གྱིས་བདུད་ཡུལ་ནས་ལྷ་འབོད་དང་མདའ་རྫོང་གི་གླུ་ཞྭ་དཀར་ལྡེམ་གླུའི་ངག་རྟར་དྲངས་ནས་མདའ་ཡིག་སྤྲིངས་དུས་ཞལ་དཀར་གླེན་པ་ཁ་འཐམ་ལ་མཚམས་དང་སྒྲུབ་པ་ལ་འབུངས་ཤིག་གྱིས། ཕ་དམག་ཁྲ་བོའི་ཟུར་ལ་མ་འབུད་གྱིས། ཞེས་ཆེད་དུ་ཞལ་དཀར་ལ་སྐད་བསྐུར་དོན་ཡང་འདི་ལྟའི་བྱ་སྤྱོད་ལ་ཐུག་གོ་སྙམ་ཞིང་། ཞལ་དཀར་ཁོང་གིས་ཀྱང་ངག་རྟ་སྙན་པའི་མེ་ཏོག་ལ་དྲངས་པའི་གསུང་སྙན་གླུའི་མཐའ་མ་གླུ་ཐ་ལ་་་་་་གླུ་ཨ་ལ་་་་་་།། གནས་དག་པ་དབྱིངས་ཀྱི་ཞིང་ཁམས་སུ།། མགོན་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། བྱིན་རླབས་དངོས་གྲུབ་མེ་ཏོག་ཆར། གཡང་ཆགས་པའི་ས་ནས་དབབ་ཏུ་གསོལ། ཞེས་གེ་སར་རྒྱལ་པོར་སྤྲིན་འཕྲིན་བཏང་བའི་ཁྲོད་བྱིན་རླབས་རྫུ་འཕྲུལ་ཁོང་ལ་ཡོད།། དཔའ་རྩལ་སྙིང་སྟོབས་ཞལ་ལུ་བཟང་།། ཞེས་གསུངས་པས་ན། ཞལ་ལུའི་རང་གཤིས་དང་མཐུན་པའི་གོང་གི་དཔའ་གཏམ་འདི་འདྲ་མ་ཞིག་ངག་རྟ་དཔའ་གླུ་ཐུང་ཐུང་གི་དབྱངས་སུ་གྱུར་ཚེ་རྟུལ་ཕོད་སྟག་གི་མཆེ་བའི་གསེང་ནས་ཕྱུང་བའི་ངར་སྐད་ཅིག་ཅིས་ཀྱང་ཐོན་སྲིད་ལ་ཕྱི་ནང་གཉིས་མེད་ཀྱི་རོལ་དབྱངས་མཉམ་མཉམ་ཞིག་ཀྱང་འབྱུང་ངོ་།།

3 རྫོང་མཁར།

རྒྱ་ཚའི་རྫོང་མཁར་གྱི་མིང་ལ་དངུལ་ཆུ་ཁྲོ་རྫོང་ཟེར་བ་དང་། རྫོང་མཁར་དེར་ཐོག་ཁང་སུམ་ཅུ་སོ་དྲུག་ཡོད། ཁྲ་བོ་གཟི་ཡི་སྐེ་སྟེགས་སུམ་བརྒྱ་དྲུག་ཅུ་ཡོད། མུ་མེན་མཆོང་གི་རབ་གསལ་ཡོད། ཕྱོགས་བཞིའི་གྲུ་ཁ་ན་སྟག་སེང་ཁྱུང་འབྲུག་གི་རྒྱལ་མཚན་བཙུགས་ཡོད། རྫོང་ཁྲ་མོ་དེའི་གཡས་ནས་བལྟས་ན་དཔའ་བོ་ཇག་ལ་ཆས་པ་འདྲ། རྫོང་ཁྲ་མོ་དེའི་རྒྱབ་ནས་བལྟས་ན་སངས་རྒྱས་སྟོང་སྐུ་བཞེངས་པ་འདྲ། རྫོང་ཁྲ་མོ་དེའི་མདུན་ནས་བལྟས་ན་སྡེ་ཚོ་ཆེན་མཐའ་ནས་བསྐོར་བ་འདྲ་བར་བཤད། རྫོང་ལ་དངུལ་ཆུ་ཁྲོ་རྫོང་ཐོགས་དོན་ཡང་རྫོང་སྨད་ནག་པོ་ཐོ་ཡིས་བརྡུངས་པ་དང་། རྫོང་སྟོད་ཁམ་པ་དངུལ་དང་། རྫོང་སྐེད་སེར་པོ་གསེར་གྱིས་བཞེངས་པས་ནི་དེ་ལྟར་ཐོགས། བཤད་པ་ལྟར་ན་རྒྱ་ཚའི་རྫོང་ནི་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གི་ལྕང་ར་ས་ཆ་ལྕང་ར་ཆུས་ཁམས་བོད་གཞུང་ལམ་འགྲམ་རོལ་གྱི་རི་ངོགས་ན་ལྕགས་ར་བསམ་འགྲུབ་རྩེའི་དགོན་པར་ཆགས་ཡོད་ཟེར།

4 མཛད་རྗེས།

རྒྱ་ཚ་ཁོང་ཉིད་དགུང་ལོ་ཕྲ་བའི་དུས་ནས་བཟུང་གླིང་སེང་ཆེན་རྒྱལ་པོར་དཔུང་རོགས་མཛད་དེ་འཇིགས་རུང་གཡུལ་གྱི་ལས་ལ་དཔའ་རྒོད་གདོང་མཆོངས་དང་དགྲ་འདུལ་ཐབས་མཁས་ཀྱི་མཛད་རྗེས་བླ་ན་མེད་པ་བཞག་ཡོད། གླིང་སེང་ཆེན་བྱང་ཕྱོགས་བདུད་ཡུལ་ལ་ཆས་ཤུལ་ནས་ཁྲ་མོ་གླིང་གི་རྒྱལ་ས་བསྐྱངས། ཁོང་གིས་དགུང་ལོ་གཞོན་དུས་གླིང་དམག་ལ་མགོ་བསྡུ་བྱས་ཤིང་འགོག་གླིང་གཡུལ་འཁྲུག་ལ་ཞུགས་ཤིང་འགོག་བཟའ་ལྷ་མོ་གླིང་ལ་འཕྲོག རྨ་ཤེལ་བྲག་གི་གཏེར་སྒོ་འབྱེད་པའི་སྐབས་སུ་བཙན་པོ་ཕོ་སྟག་རྒྱལ་པོའི་བླ་སྟག་ངར་མ་ཆམ་ལ་ཕབ། ཧོར་གླིང་གཡུལ་འཁྲུག་གི་དུས་སུ་གུར་དཀར་ས་ལ་བརྡབས། ལས་མདུང་རུ་མཚོན་དུམ་བུ་གསུམ་དུ་གཤགས། ཧོར་གྱི་ཉིན་སྲིབ་ནས་རྟ་བསྡུས་ནས་དེད་པའི་ར་མདའ་སྟོང་ཤོམ་འབུམ་ཐུབ་བསད། དམག་དཔོན་ཟི་ར་ཐོག་རྒྱལ་བསད། ཧོར་གྱི་ཐེའུ་རང་བླ་ལྕགས་ཐལ་བར་གཏོར། ཧོར་གུར་དཀར་གྱི་སྲས་ལྷ་བུ་ལེགས་པ་བཀྲོངས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-12

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།