གླིང་རྗེ་གེ་སར་རྒྱལ་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་རྗེ་གེ་སར་རྒྱལ་པོ།
གླིང་རྗེ་གེ་སར་རྒྱལ་པོའམ་ཇོ་རུ་ནི་གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ལས་ཆུང་རྒྱུད་ཚང་གི་གདུང་རྒྱུད་དུ་ཡབ་སེང་བློན་དང་ཡུམ་འགོག་བཟའི་སྲས་སུ་སྤྱི་ལོ1038ལོར་ཁམས་སྡེ་དགེ་ཨ་ཕྱུགས་རྩྭ་ཐང་ནས་འཁྲུངས་ཤིང་བྱམས་དང་སྙིང་རྗེ་ཆེ་བ། མཐུ་དང་རྫུ་འཕྲུལ་ལྡན་པ་ཞིག་ཡིན། ཁོང་གིས་ལོ་བཅུ་གཉིས་སྟེང་གླིང་གི་རྟ་རྒྱུགས་རྒྱལ་འཇོག་སྟེང་ལྷ་རྟ་རྐྱང་རྒོད་འཕེར་བ་བཅིབས་ནས་འགྲན་སྡུར་ལ་ཞུགས་ཤིང་མཐར་ཀུན་ལས་རྣམ་པར་རྒྱལ་ཏེ་སྐྱ་ལོའི་རྒྱུ་བདག་དང་། གླིང་གི་མགོ་བདག འབྲུག་མོའི་སྐྲ་བདག་བཅས་བྱས་ནས་མཐའ་བཞིའི་རྒྱལ་ཕྲན་དང་ཚོ་བ་བརྒྱ་དང་ལྔ་བཅུར་ལོན་པ་ཞིག་ཆབ་འབངས་སུ་བསྒྱུར་ཅིང་། སྤྱི་ལོ1119ལོར་དགོངས་པ་རྫོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格萨尔王
མིང་གཞན།
ཇོ་རུའམ་ལྷ་སྲས་ཇོ་སྐྱིད་དམ་པ། གེ་སར་ནོར་བུ་དགྲ་འདུལ། འཛམ་གླིང་གེ་སར་རྒྱལ་པོ།
ཕྱི་ཡིག་གི་མིང་།
King Gesar
རུས།
སྨུག་པོ་ལྡོང་།
ཡབ།
སེང་བློན་རི་སྐྱེས།
ཡུམ།
འགོག་བཟའ།
རྫོང་མཁར།
སེང་འབྲུག་སྟག་རྩེ།
1 ངོ་སྤྲོད།

གླིང་གེ་སར་རྒྱལ་པོ་ནི་ཡབ་རྒྱུད་རི་ནས་ཆད་པའི་སེང་བློན་རྒྱལ་པོ་དང་། ཡུམ་རྒྱུད་མཚོ་ལས་ཆད་པའི་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ1038ལོར་སྐུ་འཁྲུངས། ཆུང་དུས་སུ་མཚན་ལ་ཇོ་རུ་གསོལ། ཨ་ཁུ་ཁྲོ་ཐུང་གིས་བསམ་ངན་སྣ་ཚོགས་འཐེན་ནས་མ་བུ་གཉིས་རྨ་སྨད་ཡུལ་དུ་སྤྱུགས་ནས་དཀའ་སྡུག་གི་འཚོ་བ་རོལ་ཏུ་བཅུག རྗེས་སུ་གླིང་དཀར་སྟོད་ཀྱི་རྟ་རྒྱུགས་ལས་རྣམ་པར་རྒྱལ་ཏེ་མི་འཇིག་གསེར་ཁྲིར་རྒྱལ་པོར་མངའ་གསོལ། ཕོ་བྲང་ལ་སེང་འབྲུག་སྟག་རྩེ། རྟ་ཕོ་རྐྱང་རྒོད་འཕེར་བ། རལ་གྲི་བཏབ་པ་ལན་མེད། གཞུ་མོ་རྭ་རྒོད་འཁྱིལ་བ། དགྲ་ལྷའི་གོ་མཚོན་སྣ་དགུ། སེང་ལྕམ་འབྲུག་མོ་གཙོ་བྱས་པའི་ཇ་མ་མིང་ཆེན་བཅོ་བརྒྱད་ཁབ་ཏུ་བཞེས། རིམ་གྱིས་འཕྲིན་ལས་རྒྱ་ཆེར་སྤེལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཚེ་བའི་ནག་ཕྱོགས་བདུད་རིགས་ཏེ། ཕྱོགས་བཞིའི་དགྲ་བཞི་གཙོ་བྱས་པའི་རྫོང་ཆེན་བཅོ་བརྒྱད་དང་རྫོང་འབྲིང་ཉེར་གཅིག་ཆམ་ལ་ཕབ་ནས་ནོར་གཡང་མ་ལུས་ཁྲ་མོ་གླིང་ལ་གདན་དྲངས་ཤིང་། དགུང་ལོ་གྱ་གཅིག་པར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།

2 མིང་གི་ཐོགས་ལུགས།

གེ་སར་ཅེས་པ་སྤྱིར་མེ་ཏོག་ཞིག་ལ་གོ་ཡང་འདིར་བརྗོད་པའི་གླིང་རྗེ་གེ་སར་གྱི་གེ་སར་ནི་ན་ཚོད་སྨིན་ཞིང་འདབས་ལག་རྒྱས་པ་སྟེ་རང་མགོ་ཐོན་པའི་དོན་ལ་གོ།

3 འཁྲུངས་ལོ།

མདོ་སྨད་ཆོས་འབྱུང་ལས་བོད་ལྕགས་བྱི་སྤྱི་ལོ1000དང་ཆུ་སྦྲུལ་སྤྱི་ལོ993ལ་འདོད་མཁན་གཉིས་དང་། ཁམས་བདུད་འཇོམས་སྐུ་ཕྲེང་གཉིས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དགོངས་པ་ལྟར་ན་སྤྱི་ལོ1038ལོར་འཁྲུངས་པར་འདོད།

4 མཛད་རྗེས།

ཁོང་ཉིད་སྐུ་འཁྲུངས་པའི་ཉིན་གསུམ་པར་བདུད་ཕྲུག་ལྕགས་ཀྱི་ལྟོ་ལྡིར་དམ་ལ་བཏགས། དགུང་ལོ་གཅིག་ཡས་མས་སུ་མི་རྟགས་སྒོམ་པ་ར་ཛ་གཙོས་རྩལ་ཆེན་བྱ་ནག་སྤུན་གསུམ་དམ་ལ་བཏགས། དགུང་ལོ་གཉིས་པར་ཨ་བྲ་སྲིན་པོ་མགོ་དགུ་དམ་ལ་བཏགས། དགུང་ལོ་ལྔ་པར་ལྷོ་ཚ་བ་རོང་གི་མདའ་རྫོང་ཕབ་སྟེ་མདའ་སྨྱུག་དང་པོ་ལྷ་ལ་ཕུལ་བ་དང་མདའ་སྨྱུག་གཉིས་པ་གཉན་ལ་ཕུལ། གསུམ་པ་འཛམ་བུ་གླིང་ལ་དྲངས། ཚ་བའི་མིག་བརྒྱ་བཙན་པོ་དམ་ལ་བཏགས། མ་རུང་བདུད་ཕྲུག་བདུན་པོ་དབང་དུ་བསྡུས། བོད་གངས་ཅན་ཡུལ་ལ་མདའ་སྨྱུག་དར་བར་བྱས། དགུང་ལོ་བདུན་པར་བསེ་ཁ་སེར་རྒྱལ་པོ་དམ་ལ་བཏགས། དགུང་ལོ་དགུ་པར་འདན་ཁྲི་དཀར་རྒྱལ་པོ་ཆམ་ལ་ཕབ་སྟེ་སྔོན་མོ་ནས་ཀྱི་འབྲུ་གཡང་གླིང་དཀར་སྟོད་ལ་དྲངས། དགུང་ལོ་བཅུ་པར་གླིང་དཀར་མི་ཕྱུགས་ཁང་ཆགས་ལས་བསྐྱབས། དགུང་ལོ་བཅུ་གསུམ་སྟེང་དུ་ཨ་མྱེས་རྨ་ཆེན་གྱི་རྨ་ཤེལ་བྲག་ནོར་བུའི་གཏེར་སྒོ་ཕྱེས་ནས་གསེར་ཁྲབ་དངུལ་ཁྲབ་དུང་ཁྲབ་དང་། བྱུར་རྨོག་མེ་རི་འབར་བ། ཉི་ཟེར་སྦྲུལ་གྱི་ཞགས་པ། ཟླ་ཟེར་ཨ་ལོང་འཕྲུལ་ཆེན། དགྲ་འགུགས་ལྕགས་ཀྱུ་དམར་པོ། རལ་གྲི་ངོ་དམར་གདོང་གཤག་དང་། སྟ་ཆེན་བྲག་རི་ཧར་གཤགས། ཚེ་གོས་སྟོང་སྡེ་འཇིགས་མེད། སྐུ་ཆིངས་དགྲ་ལྷའི་ཚེ་མདུད་སོགས་གླིང་ལ་དྲངས། དགུང་ལོ་བཅུ་བཞི་པར་གླིང་གི་དཔའ་རྟུལ་ཐམས་ཅད་བསྡུས་ཏེ་གླིང་གི་ལྷ་བསང་ཕུལ་ནས། བདུད་ཀྱི་བླ་འབྲོང་ཟངས་རྭ་རྩེ་དགུ་ཅན་དམ་ལ་བཏགས། དགུང་ལོ་བཅོ་ལྔའི་ཐོག་བདུད་གླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད་ནས་བདུད་སྡེ་དམ་པའི་ཆོས་ལ་བསྒྱུར། དགུང་ལོ་ཉེར་བཞིའི་སྟེང་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་དེ་ཕམ་པར་བརྒྱབ། དགུང་ལོ་སོ་གསུམ་སྟེང་དུ་འཇང་ས་དམ་རྒྱལ་པོ་དམ་ལ་བཏགས། དགུང་ལོ་སོ་དྲུག་སྟེང་མོན་རྒྱལ་ཤིང་ཁྲི་བཙན་པོ་དམ་ལ་བཏགས། དགུང་ལོ་སོ་དགུའི་སྟེང་རྩེ་པོ་ཏ་ལ་རུ་ལོ་གཅིག་རིང་མཚམས་ལ་བཞུགས་ནས་དགྲ་བཏུལ་ཚུལ་ཚང་མའི་རྣམ་ཤེས་དག་པའི་ཞིང་མཆོག་ཏུ་དྲངས་པ་ཡིན་ཟེར། དགུང་ལོ་བཞི་བཅུའི་ཐོག་སྟག་གཟིག་རྒྱལ་པོ་དམ་ལ་བཏགས་ནས་སྟག་གཟིག་ཡུལ་གྱི་གསེར་དངུལ་གཡུ་བྱུར་གྱི་གཏེར་སྒོ་ཕྱེས་ནས་དབུལ་ཕྱུག་གཉིས་ཀྱི་འདོད་བློ་བསྐང་། དགུང་ལོ་ཞེ་གཉིས་པར་ཁ་ཆེའི་ཁྲི་བཙན་རྒྱལ་པོ་དམ་ལ་བཏགས་ནས་གཡུ་དྲུག་དཀར་དང་དྲུག་དམར་དྲུག་སེར་སོགས་རྒྱ་བོད་གཉིས་ལ་དར་བར་བྱས། དགུང་ལོ་ཞེ་གསུམ་པར་ལྷོ་ནུབ་སྲིན་པོའི་ཡུལ་གངས་རི་མི་ནུབ་དར་རྫོང་གི་མི་ནུབ་རྨ་བྱ་རྒྱལ་པོར་ཤ་འཁོན་བརྩད་ནས་གོས་རིགས་སྣ་ཚོགས་ཀྱི་དར་རྫོང་བླངས། དགུང་ལོ་ཞེ་བཞི་པར་ཞང་ཞུང་རྒྱལ་པོ་ལྷུན་གྲུབ་གྲགས་པ་ལྔ་བའི་ལམ་དུ་དྲངས་ནས་མུ་ཏིག་རྫོང་བླངས། དགུང་ལོ་ཞེ་དྲུག་པར་ཨ་གྲགས་གཟི་རྫོང་ཆམ་ལ་ཕབས་ནས་གཟི་སྣ་མི་གཅིག་ཁྲི་ཚོ་བརྒྱད་བརྒྱ་ཡོད་པ་གླིང་ལ་དྲངས། དགུང་ལོ་ཞེ་བདུན་པར་གྲུ་གུའི་རྒྱལ་པོ་ཐོག་རྒོད་ཆམ་ལ་ཕབ་ནས་གྲུ་གུའི་གོ་རྫོང་བླངས་ཤིང་གོ་མཚོན་གྱི་གཏེར་སྒོ་ཕྱེ་ནས་གནམ་མཐའ་གོ་བ་གཤོག་རིང་དང་། ས་མཐའ་རྦབ་རྡོ་འདྲིལ་ཆེན། མེ་དམར་གློག་གི་འཕྲུལ་མདའ་སོགས་གོ་མཚོན་མང་པོ་གླིང་དུ་དྲངས། དགུང་ལོ་ཞེ་དགུ་པར་མེ་གླིང་གསེར་ཁྲི་རྒྱལ་པོ་ཕམ་པར་བྱས་ནས་གསེར་གྱི་རྫོང་ཆེན་གྱི་གཏེར་སྒོ་ཕྱེ་ནས་གསེར་སྣ་མི་གཅིག་པ་མང་པོ་དང་གསེར་གྱི་ཁྲབ་རྨོག་འཁོར་གསུམ་དང་། གསེར་གྱི་ཇོ་བོ་ར་མ་སོགས་གླིང་དཀར་ཡུལ་ལ་དྲངས། དགུང་ལོ་ང་གཅིག་པར་སྨུ་གུའི་ཡུལ་ནས་སྨུ་གུ་ཉི་མ་རྒྱལ་མཚན་ཕམ་པར་བྱས་ནས་དྲེལ་གྱི་རྫོང་ཆེན་ཕབ་པ་དང་། རྒྱ་དྲེལ་དཔའ་བོ་ཁ་ཁྲ། སོག་དྲེལ་མེ་རི་དམར་པོ། བོད་དྲེལ་རྣ་འབྱོག་རྩེ་བཞི་བོད་ཀྱི་ཡུལ་དུ་དྲངས་ནས་བོད་ལ་དྲེལ་རྒྱུད་དར་བར་བྱས། དགུང་ལོ་ང་གཉིས་པར་སོག་པོ་མེ་རི་ཐོག་རྫོང་ཕབ་སྟེ། སོག་པོའི་རྒྱལ་པོ་ཉི་མ་ལྷུན་གྲུབ་དམ་ལ་བཏགས། མེ་རི་ཐོག་རྫོང་གི་གཏེར་སྒོ་ཕྱེས་ཏེ་ཐོག་རྡོའི་སྒྱོགས་ཆེན་ཆིག་ཁྲི་བདུན་སྟོང་དང་། ཐོག་མདའ་མེ་དམར་རང་འཇོམས་བཞི་བརྒྱ་བཅས་གླིང་དུ་དྲངས། དགུང་ལོ་ང་གསུམ་པར་སྟོད་མངའ་རིས་ཡུལ་གྱི་གསེར་རྫོང་ཆེན་པོ་ཕབ། མངའ་རིས་བྲག་རི་རྒྱལ་པོ་ཆམ་ལ་ཕབ། གསེར་གྱི་ཤཱཀྱ་ཐུབ་པ་རང་བྱོན་བཏོན། དགུང་ལོ་ང་ལྔ་པར་གངས་རིའི་ཤེལ་རྫོང་ཕབ། རྒྱལ་པོ་གངས་དཀར་བཙན་བདུད་ཡ་མེད་ཕམ་པར་བཟོས། རིན་ཆེན་ཆུ་ཤེལ་མེ་ཤུལ་གྲངས་མང་དྲངས་ནས་ཤེལ་མེད་པ་ནས་ཡོད་པར་བྱས། དགུང་ལོ་ང་དྲུག་པར་ལྷོ་ནུབ་ཡུལ་གྱི་ཙ་རི་སྨན་རྫོང་ཕབ་པར་ཆས་ཏེ་ཙ་རིའི་རྒྱལ་པོ་དབང་ཆེན་སྟོབས་ཀྱི་གྲགས་པ་ཕམ་པར་བཏང་ནས་ནད་བརྒྱ་འཇོམས་པའི་སྨན། བཟང་དྲུག་བདུད་རྩིའི་སྨན། ལོ་བརྒྱ་ཐུབ་པའི་སྨན་བཅས་གངས་ཅན་བོད་དུ་དྲངས། དགུང་ལོ་ང་བརྒྱད་སྟེང་བྱེ་རིའི་བྱུར་རྫོང་ཕབ་ནས་བྱུ་རུ་གངས་ཅན་ལྗོངས་ལ་དར་བར་བྱས། དགུང་ལོ་རེ་གཅིག་པར་རྒྱ་ནག་ཇ་རྫོང་ཕབ་ནས་རྒྱ་ཇ་བོད་ལ་དྲངས། དགུང་ལོ་རེ་གསུམ་པར་ཁོང་གིས་སྡིག་སྒྲིབ་བཤགས་པའི་ཆེད་དུ་ཤར་ཙོང་ཁ་ར་བའི་གཟིམ་ཆུང་བཀྲ་ཤིས་རྟགས་བརྒྱད་དུ་ལོ་གཅིག་ལ་མཚམས་སུ་བཞུགས། དགུང་ལོ་རེ་བཞི་པར་དུང་དཀར་སྟག་རྫོང་ཕབ། དོང་དཀར་རྒྱལ་པོ་སྟག་ཐུབ་བཙན་པོ་ཕམ་པར་བཟོས། དུང་ཁྲབ་དུང་མདའ་དུང་ཞགས་སོགས་གླིང་དཀར་སྟོད་ལ་དྲངས། དགུང་ལོ་རེ་བདུན་བཞེས་པའི་སྐབས་སུ་རྒྱ་གར་ཡུལ་གྱི་ཆོས་རྫོང་ཕབ། རྒྱལ་པོ་ཆོས་ལུང་ཉི་མ་རང་ཤར་དམ་ལ་བཏགས། གསེར་འབུམ་དང་དངུལ་འབུམ་གཡུ་འབུམ་བཅས་ཀྱི་ཆོས་དམ་པའི་པོ་ཏི་ཁྲི་འབུམ་གྲངས་མང་བོད་ལ་དྲངས། དགུང་ལོ་རེ་བརྒྱད་པར་ལྷོ་ཕྱོགས་ཡུལ་གྱི་བལ་བོའི་འབྲས་རྫོང་ཕབ། རྒྱལ་པོ་བལ་རི་བཙན་པོ་ཆམ་ལ་ཕབ། འབྲས་དཀར་ཁྱུང་གི་སྒོ་ང་། འབྲས་དམར་མུ་ཏིག་གི་གཟུགས་བརྙན། འབྲས་དཀར་སེར་རྒྱ་མཚོ་འཁྱིལ་བ་ལྟ་བུ་བཏོན་ནས་བོད་ལ་འབྲས་ཟ་བའི་སྲོལ་བྱུང་། དགུང་ལོ་རེ་དགུ་པར་བྷེ་རའི་ཡུལ་གྱི་ལུག་རྫོང་ཕབ། བྷེ་རའི་ཁྱུང་ཁྲི་རྒྱལ་པོ་དམ་ལ་བཏགས། ལྷ་ལུག་གྭ་བ་རྭ་རིང་དང་། གཉན་ལུག་དམར་པོའི་ཆོས་ཅན། ཀླུ་ལུག་ཁྱུང་གི་སྒོ་ང་། ལུག་དཀར་ནག་ཁྱ་གསུམ་སོགས་གཡང་དཀར་ལུག་གི་རྒྱུད་བཟང་དར་བར་བྱས། དགུང་ལོ་རེ་དགུ་ནས་བརྒྱད་ཅུའི་བར་དུ་ཐོག་གླིང་གཡུལ་འགྱེད། སོག་ཕྱི་གླིང་གསེར་རྫོང་། པོ་རི་གཟི་རྫོང་། ཕྱི་གླིང་ཁྲབ་རྫོང་། སྨར་ཁམས་བྱུ་རུའི་རྫོང་། སྡེ་དགེ་ཆོས་རྫོང་། ཁྱུང་ཆེན་སྒྲོ་རྫོང་། སྤྱི་དཔོན་ཤེལ་རྫོང་། སྒ་སྡེ་ཁྲོ་རྫོང་། རྒྱ་ཚའི་དངུལ་ཆུ་ཁྲོ་རྫོང་། གོ་གུ་ཁྱི་རྫོང་། ཨ་སྟག་ཤ་རྫོང་། ལི་ཁྲིའི་རྟ་རྫོང་། སྲིན་མོའི་རྫོང་། བལ་བོའི་ལུག་རྫོང་། ཨ་བསེ་འབྲི་རྫོང་། ཞང་ཞུང་སྨན་རྫོང་། རྒྱ་ཚའི་གྲི་རྫོང་། འདན་མའི་མདའ་རྫོང་། ཁྲོ་ཐུང་ལྕགས་རྫོང་སོགས་དང་ད་དུང་ཕྱི་གླིང་སྐབས་རྫོང་ཆུང་གྲངས་མེད་བླངས།

5 འབྲེལ་ཡོད་མི་སྣ།

སྤྱི་དཔོན་རོང་ཚ་ཁྲ་རྒན། རྒྱ་ཚ་ཞལ་དཀར། ལྷ་སྲས་དགྲ་ལྷ་རྩེ་རྒྱལ། ཁྲོ་ཐུང་། འདན་མ། སེང་ཨ་དོམ་མི་ཡི་སྤྱང་ཀི འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག དར་འཕེན་དུག་གི་སྡོང་བོ། འཇིང་ཕྲུག་གཡུ་ལྷ་ཐོག་འགྱུར། སྡུག་གཅོད་ཤན་པ་རྨེའུ་རུ། དུང་སྐྱོང་སྟག་ལྷ། ག་དར་ཕྱིང་སྔོན།

6 འཁྲུངས་ཡུལ།

ཨ་ཕྱུགས་རྩྭ་ཐང་། ཚབ་ཚ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ། རྒྱུ་དར་གྱི་དར་ས་ནག་ལུང་ཡིན་ཡང་ཟེར།

7 རུས་རྒྱུད།

གླིང་ཚང་རྒྱལ་པོ་ནས་དེད་པའི་གླིང་གི་ཆེ་རྒྱུད་རོང་བཟའ་དགའ་བཟའ་རྨུ་བཟའ་གསུམ་ལས་ཐ་ཆུང་རྨུ་བཟའ་ལ་སེང་བློན་འཁྲུངས་ཤིང་དེ་ལ་ཇོ་རུའམ་གེ་སར་འཁྲུངས།

8 ཤུལ་རྟེན།

ཇོ་རུའི་ཅོག་ར། གེ་སར་རྟ་ཕུར། གེ་སར་འགྱོག་རྡོ། གེ་སར་གྱི་བཞུགས་ཁྲི་དང་མདུན་ཅོག གེ་སར་བ་རྡོ། གེ་སར་རྟ་རྒྱུགས་ཐང་། ཇོ་རུའི་ཞབས་རྗེས། གེ་སར་གྱི་ཞབས་རྗེས་དང་ཕྱག་རྗེས། གེ་སར་གྱི་ལྷ་མདའ་འཕངས་ཤུལ། གེ་སར་གྱིས་སྤྱི་བསང་ཕུལ་ཤུལ། ད་དུང་སྟོད་མངའ་རིས་ཀྱི་དགོན་པ་ཞིག་དུ་དམངས་གཙོའི་བཅོས་བསྒྱུར་གོང་དུ་གེ་སར་གྱི་མདའ་མདུང་གྲི་གསུམ་དང་རྟ་སྒ། བཙན་ཁང་དུ་གོ་ཁྲབ་བདུན་བདག་གཉེར་བྱས་ཡོད། སྡེ་དགེའི་གླིང་རྒྱལ་པོའི་རྒྱལ་ས་དེ་ན་གླིང་གེ་སར་གྱི་སྦྲ་ཤུལ་དང་གོ་མཚོན། བ་སོའི་ཕྱག་ཐམ་སོགས་ཡོད། མགོ་ལོག་ཕྱོགས་སྐྱོང་ན་གླིང་གི་རི་བཤོལ་ཟེར་བའི་རིའི་ངོས་ན་གླིང་གི་དུས་ཀྱི་ལྕགས་ཀྱི་མདེའུ་མཐོ་གང་རེ་ཅན་རྙེད་རྒྱུ་ཡོད་ཟེར། ཡུལ་ཤུལ་ནང་ཆེན་རྫོང་གི་རྟ་རྣ་དགོན་ཞེས་པ་དེར་མཆོད་རྟེན་ཆེ་ཆུང་བརྒྱ་ལྷག་ཡོད་པའི་ནང་དུ་གེ་སར་གྱི་ན་བཟའ་དང་རྨོག དཔའ་རྟུལ་སུམ་ཅུའི་གདུང་འབུམ་མཆོད་རྟེན་བཅས་ཡོད་པ་མ་ཟད། མཆོད་རྟེན་སྟེང་དུ་གསེར་ཡིག་ལས་བྲིས་པའི་དཔའ་རྟུལ་སུམ་ཅུའི་མཚན་བྱང་དང་གོ་གནས་གསལ་བོར་མཐོང་ཐུབ་ཟེར། དགོན་པའི་ནང་དུ་གེ་སར་རྒྱལ་པོའི་དབུ་ཞ་དང་གསེར་སྒ། གསེར་ཁྲབ། མདའ་མདུང་གྲི་གསུམ་དང་གཞན་དཔའ་རྟུལ་ཚོའི་དངུལ་སྒ་དང་དམག་ཆས། འབྲུག་མོ་དང་དཔའ་རྟུལ་སུམ་ཅུས་བཀོལ་མྱོང་བའི་རྒྱན་ཆ་སོགས་ཡོད་སྐད།

9 མངའ་འབངས།

རྫོང་ཆེན་བཅོ་བརྒྱད་དང་རྫོང་འབྲིང་བཅོ་བརྒྱད། རྫོང་ཆུང་བཅོ་བརྒྱད་བཅས་ཡོད།

10 གནའ་ཤུལ།

ལྡེ་དགེ་ལྕང་ར་ན་གླིང་གེ་སར་རྒྱལ་པོའི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་དམག་བསྡད་མྱོང་བའི་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ་དང་། རྔ་བ་བོད་རིགས་ཁུལ་གྱི་རྐ་ཆུའི་ཆུ་འགྲམ་ན་གླིང་གི་ཕོ་བྲང་སེང་འབྲུག་སྟག་རྩེའི་ཤུལ་ཡིན་ཟེར་བའི་མཁར་ཤུལ་ཞིག་ཡོད། དེ་མིན་རྐ་ཨ་མོ་ཁོག་ཟེར་བར་མཁར་ཤུལ་ཞིག་ཡོད་པ་དེ་འགོག་བཟའི་རྟ་ར་ཡིན་པར་བཤད། དམུ་དགེ་དགོན་པའི་གླིང་བར་ན་ས་དོང་མི་རྟ་བརྒྱ་ཕྲག་ཡིབས་ཆོག་པ་ཞིག་ཡོད་པ་དེ་ནི་ཧོར་དམག་གིས་བཟོས་པའི་འཐབ་ར་ཡིན་པར་བཤད། མགོ་ལོག་ཁུལ་དགའ་བདེ་རྫོང་གི་ཁོ་མདོ་ན་ཁྲོ་ཐུང་གི་མཁར་རྫོང་ཕོ་རོག་སྙིང་རྫོང་གི་ཤུལ་ཡོད། དར་ལག་རྫོང་གི་བསང་རུ་མ་རུ་ཨ་སྟག་ལྷ་མོའི་རྡོ་མཁར་གྱི་ཤུལ་ཡིན་ཟེར་བ་ཞིག་ཡོད། སྟག་གཟིགས་སུམ་མདོ་ན་རླངས་བྱང་ཆུབ་ཨ་མྱེས་འདྲེ་བཀོལ་གྱིས་གླིང་གི་རྗེ་འབངས་རྣམས་ལ་ཆོས་གསུངས་པར་གྲགས་པའི་ཤུལ་ཡོད། ཨ་ཆུང་ཚང་ཡག་ཁ་ཟེར་བའི་ཉག་ག་ན་སྟག་རོང་གཟིག་འཕེན་གྱི་མཁར་ཤུལ་ཡོད། དར་ཆུའི་སྟོད་རྒྱུད་ན་གེ་སར་གྱི་མཁར་ཤུལ་ངོ་མ་ཡིན་ཟེར་བ་ཞིག་ཡོད། རྨ་ཆུ་དང་མཚོ་སྐྱ་རེངས་འདྲེས་མདོའི་ལྷོ་མཐའི་རི་བོ་ཆུང་ཆུང་ཞིག་གི་ངོས་ན་མཁར་ཤུལ་ཞིག་ཡོད་པ་དེ་ནི་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི་མཁར་ཤུལ་ཡིན་ཟེར། མཚོ་ལྷོའི་གོང་ཧོ་རྫོང་སྤྲེལ་ནག་ཤིང་གཡང་གཟར་བྲག་རི་དང་ནགས་ཚལ་ཡོད་ས་དེར་ཤན་པའི་རྡོ་མཁར་ཞེས་པ་ཞིག་ཡོད་སྐད། བོད་ལྗོངས་ནག་ཆུའི་སོག་རྫོང་ན་ཙན་དན་དགོན་པ་ཞེས་པ་ཞིག་ཡོད་པ་དེར་འགོག་བཟས་ཇོ་རུ་གསོས་དུས་ལྟེ་ཁྲག་འཕོས་པ་ལས་ཙན་དན་གྱི་སྡོང་བོ་སྐྱེས་པས་དེ་བཅད་ནས་དགོན་པའི་ནང་རྟེན་བྱས་པས་མིང་དེ་ལྟར་ཐོགས་པར་གྲགས། དེ་མིན་མཚོ་ལྷོ་བྲག་དཀར་རྫོང་ཆུ་ཁོལ་ཤིང་གནམ་ཐང་གི་སར་གླིང་བྲོས་ཞེས་ལུང་པ་ཞིག་ཡོད་ལ་དེ་ནས་ཧོར་གླིང་འཐབ་པས་གླིང་དམག་གིས་འཐབ་ཡ་མ་ལོན་པར་བྲོས་པས་གླིང་བྲོས་ཞེས་ཐོགས་པར་བཤད་ལ། དེ་དང་ཐག་མི་རིང་སར་ཧོར་འཛུལ་ཞེས་པའི་ལུང་པ་ཞིག་ཡོད་སར་ཧོར་དམག་གིས་གླིང་དམག་ལ་མགོ་བཏགས་པའི་ས་ཡིན་པས་དེ་ལྟར་ཐོགས་པར་བཤད། ལུང་པ་དེ་གཉིས་ཀྱི་ཁ་གཏད་ཀྱི་ལུང་ཆེན་ཞིག་གི་རྐེད་ན་རང་སྐྱེས་ཀྱི་ས་བྲག་འབྲེལ་བའི་བྲག་ཐོ་ཆེན་པོ་ཞིག་ཡོད་པའི་རྩེར་ཤུག་པའི་སྡོང་བོ་དབུ་རྨོག་འདྲ་བ་ཞིག་ཡོད་པ་དེ་རྒྱ་ཚའི་དབུ་རྨོག་ཡིན་པར་བཤད།

11 ཇ་མ།

སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ། ནེའུ་ཆུང་ལུ་གུའི་ཚར་ཡག ལྷ་མོ་ཨ་སྟག་ཀླུ་མོ་སོགས་ཇ་མ་མིང་ཆེན་བཅོ་བརྒྱད་ཁབ་ཏུ་བཞེས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-12

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།