དྲི་ཆུར་ཁྲག་འདྲེས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲི་ཆུར་ཁྲག་འདྲེས་པ་ནི་ཆུའི་ནང་དུ་ཕྲ་ཕུང་དམར་པོ་ཕྱིར་འབུད་ཚད་མང་དུ་བྱུང་བ་ལ་ཟེར་བ་དང་། སྤྱིར་བཏང་དུ་མིག་མཐོང་ཆུ་ཁྲག་དང་ཤེལ་འོག་ཆུ་ཁྲག་གཉིས་སུ་དབྱེ་ཡོད། མིག་མཐོང་ཆུ་ཁྲག་ནི་སྤྱིར་བཏང་དུ་ཤ་བཀྲུས་པའི་ཆུ་འདྲ་བ་དང་། སྐབས་རེར་ཁྲག་རྡོག་འདྲེས་པ་ཡིན། ཤེལ་འོག་ཆུ་ཁྲག་ནི་དྲི་ཆུ་ལ་ཕྱི་ངོས་ནས་བལྟས་ཚེ་རྒྱུན་ལྡན་ཡིན་ཡང་། ཕྲ་མཐོང་མེ་ཤེལ་འོག་ཏུ་ཕྲ་ཕུང་དམར་པོ་མཐོང་ཐུབ་པ་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小便带血
རིགས་དབྱེ།
མཁལ་མའི་ནད་རིགས།
1 རྒྱུ་རྐྱེན།

དྲི་ཆུར་ཁྲག་འདྲེས་པ་ནི་ཆུའི་ནང་དུ་ཕྲ་ཕུང་དམར་པོ་ཕྱིར་འབུད་ཚད་མང་དུ་བྱུང་བ་ལ་ཟེར་བ་དང་། སྤྱིར་བཏང་དུ་མིག་མཐོང་ཆུ་ཁྲག་དང་ཤེལ་འོག་ཆུ་ཁྲག་གཉིས་སུ་དབྱེ་ཡོད། མིག་མཐོང་ཆུ་ཁྲག་ནི་སྤྱིར་བཏང་དུ་ཤ་བཀྲུས་པའི་ཆུ་འདྲ་བ་དང་། སྐབས་རེར་ཁྲག་རྡོག་འདྲེས་པ་ཡིན། ཤེལ་འོག་ཆུ་ཁྲག་ནི་དྲི་ཆུ་ལ་ཕྱི་ངོས་ནས་བལྟས་ཚེ་རྒྱུན་ལྡན་ཡིན་ཡང་། ཕྲ་མཐོང་མེ་ཤེལ་འོག་ཏུ་ཕྲ་ཕུང་དམར་པོ་མཐོང་ཐུབ་པ་ལ་ཟེར་བ་ཡིན། ཤེལ་འོག་ཆུ་ཁྲག་ནི་དཔེར་ན་ལྡབ་འགྱུར་མིག་མཐོང་འོག་དྲི་ཆུ་ལ་བརྟག་དཔྱད་ཐེངས1ནས2བྱས་ཚེ་ཕྲ་ཕུང་དམར་པོ3ལས་མང་ན། དེ་ལ་གནས་སྐབས་རང་བཞིན་གྱི་ཆུ་ཁྲག་ཟེར། མང་ཆེ་བ་ནི་ཟླ་མཚན་དང་། ནད་དུག་གིས་རེད་པ། ལུས་རྩལ་འགུལ་སྐྱོད། བརྡབས་རྨས་ཅུང་ཙམ་བྱུང་བ། ཡང་ན་ཟས་སྐོམ་མམ་མེ་ཏོག་གི་རྡུལ་ཚོར་ཐལ་བྱུང་བ་སོགས་ལས་བསྐྱེད་པ་ཡིན། སེམས་ཁུར་བྱེད་དགོས། སྤྱིར་བཏང་དུ་ནད་འགྱུར་གྱི་ནང་དོན་མེད། གལ་ཏེ་ཐེངས་མང་བོར་བརྟག་ཚེ་ཕྲ་ཕུང་དམར་པོ3ལས་མང་བའམ་མཚུངས་པ་དང་། ཡང་ན་ཐེངས་གཅིག་ལ་ཕྲ་ཕུང་དམར་པོ100ལས་ཆེ་ན། མང་ཆེ་བ་ནི་གཅིན་ཟགས་མ་ལག་གི་ནད་ཡིན་པ་སྟོན་བཞིན་ཡོད།

ཆུ་ཁྲག་བྱུང་བ་དེའི་མཚོན་དོན་ནི་མཁལ་མ་དང་། གཅིན་འདྲེན་སྦུ་གུ་དང་། མདུན་ཆགས་གཤེར་རྨེན། ལྒང་བ་དང་ཕྱིའི་གཅིན་ལམ་གྱི་ནད་འགྱུར་རམ། ཡང་ན་ལུས་ཡོངས་ཀྱི་མ་ལག་གཞན་པའི་ནད་རིགས་ཀྱིས་གཅིན་ཟགས་མ་ལག་ལ་གནོད་སྐྱོན་བཟོས་པ་ལས་བྱུང་བ་ཡིན། ཆུ་ཁྲག་འབྱུང་བའི་སྐབས་སུ་ངེས་པར་དུ་གཤམ་གྱི་རྫུན་གཤིས་ཆུ་ཁྲག་གི་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས། དཔེར་ན། གཅིག་གི་བུ་སྣོད་དང་། གསང་ལམ། གཞང་། གཞང་འབྲུམ་གྱི་ཁྲག་དང་ཟླ་མཚན་གྱི་ཁྲག་གཅིན་དང་འདྲེས་པ། གཉིས་ནི་ཟས་རིགས་དང་། སྨན་རྫས། ཚོན་རྩི། ཚོད་སྦྱོར་ཁ་ཤས་ཀྱིས་ཆུ་མདོག་དམར་པོར་བསྒྱུར་པ་དང་། ཆུ་ལ་བརྟག་ན་ཕྲ་ཕུང་དམར་པོ་མེད། དཔེར་ན། ལ་ཕུག་སྨུག་པོ་དང་། ཚོད་མ་དམར་པོ་དང་། རི་ཧྥན་ཕི་སྲིན(སྲིན་འགོག་རྒྱུ)དང་། གདུབ་བཞི་རྒྱུ་སོགས།

2 ནད་རྟགས།

ནད་རིགས་སྣ་ཚོགས་ཀྱིས་བསྐྱེད་པའི་ཆུ་ཁྲག་ལ་མངོན་ཚུལ་མི་འདྲ་བ་རེ་རེ་ཡོད། ཆུ་ཁྲག་དང་མཉམ་དུ་བྱུང་བའི་མངོན་ཚུལ་ལ་གཞིགས་ཏེ་ཆུ་ཁྲག་འབྱུང་བའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་དགོས།

1.གཟེར་མེད་རང་བཞིན་གྱི་ཆུ་ཁྲག དེ་ནི་རྐྱང་བའི་ཆུ་ཁྲག་ཡིན། ཆུ་ཁྲག་འབྱུང་བ་དང་ལྷན་དུ་མི་བདེ་བའི་ཚོར་སྣང་གང་ཡང་མེད། ནད་པ་འདི་དག་ཕལ་ཆེར་ནི་གཅིན་ཟགས་མ་ལག་གི་སྐྲངས་འབྲས་ཡིན། དེ་ལས་ལྒང་བའི་སྐྲངས་འབྲས་མཐོང་རྒྱུན་ཆེས་མང་བ་ཡིན། གནས་ཚུལ་ཁ་ཤས་ཀྱི་འོག་ཏུ། མཁལ་མའི་གློ་གཅོང་དང་། མཁལ་མའི་རྡོ་སྐྲན་དང་། མདུན་ཆགས་གཤེར་རྨེན་ཆེར་རྒྱས་པ་དང་། ཁུག་མང་མཁལ་མ་སོགས་ཀྱིས་ཀྱང་གཟེར་མེད་རང་བཞིན་གྱི་ཆུ་ཁྲག་བསྐྱེད་སྲིད་པ་དང་། གཅིན་ཟགས་མ་ལག་གི་ཁྲག་རྩའི་ནད་འགྱུར་དང་ཁྲག་ཐོན་རང་བཞིན་གྱི་ནད་རིགས་སོགས་ཀྱིས་ཀྱང་གཟེར་མེད་རང་བཞིན་གྱི་ཆུ་ཁྲག་བསྐྱེད་ཐུབ།

2.ཆུ་ཁྲག་དང་མཉམ་དུ་མཁལ་གཟེར་བྱུང་བ། གསུས་པ་དྲག་ཏུ་ན་བ་དང་ལྷན་དུ་ཆུ་ཁྲག་འབྱུང་བ་ནི་མཁལ་མ་དང་གཅིན་འདྲེན་སྦུ་གུའི་རྡོ་སྐྲན་གྱི་ཁྱད་ཆོས་ཤིག་ཡིན། སྤྱིར་བཏང་དུ་རྡོ་སྐྲན་གྱི་ཁྱད་ཆོས་ནི། མཁལ་མ་གཟེར་བའི་སྐབས་ཆུ་ཁྲག་འབྱུང་བ་དང་། ཟུག་ཞི་ན་ཆུ་ཁྲག་མི་འབྱུང་བ་ཡིན།

3.ཆུ་ཁྲག་འབྱུང་བ་དང་མཉམ་དུ་གཅིན་སྙི་བ་དང་། གཅིན་འཚབ་པ། གཅིན་ཟུག་པ་ཡོད་ན། མང་ཆེ་བ་ནི་གཅིན་ལམ་སྨད་ཀྱི་གཅིན་ཟགས་མ་ལག་རེད་པ་སྟོན་པ་དང་། དཔེར་ན། མྱུར་གཤིས་ལྒང་ཚད་ནི་མཐོང་རྒྱུན་ཆེས་མང་བ་ཡིན། དུས་ལྟར་གསོ་བཅོས་ཉིན་འགའ་ལ་བྱས་ན་བདེ་རུ་འགྲོ་བ་ཡིན། གལ་ཏེ་ནད་པར་ཚ་མཐོན་པོ་བརྒྱག་པ་དང་། གྲང་ཤུམ་བྱེད་པ། རྐེད་པ་ན་བའི་སྐབས་སུ་ཕལ་ཆེར་མཁལ་ཕོར་མཁལ་ཚད་དམ་ཡང་ན་མདུན་ཆགས་གཤེར་རྨེན་གྱི་ཚ་ནད་ཡིན་པར་བསམ་བློ་གཏོང་དགོས། མི་དར་མ་ལ་ཆུ་ཁྲག་འབྱུང་བ་དང་མཉམ་དུ་གཅིན་སྙི་བ་དང་། གཅིན་འཚབ་པ། གཅིན་ཟུག་པ་དང་། ནད་ཡུན་ཅུང་རིང་བ་དང་སྲིན་འགོག་རྒྱུ་ཡིས་གསོ་བཅོས་བྱས་ཀྱང་ཕན་སྐྱེད་མེད་ན། མཁལ་མའི་འདུས་འདྲིལ་གྱི་ནད་ཡོད་མིན་ལ་བསམ་བློ་གཏོང་དགོས།

4.ཆུ་ཁྲག་དང་ལྷན་དུ་གཅིན་པ་གཏོང་དཀའ་བ་ནི། ཕལ་ཆེར་མདུན་ཆགས་གཤེར་རྨེན་ཆེར་རྒྱས་པའམ། མཁལ་མའི་རྡོ་སྐྲན་ལ་མཐོང་རྒྱུ་མང་བ་དང་། ཡང་ན་གཅིན་ལམ་སྐྲངས་འབྲས་ལ་ཡང་མཐོང་རྒྱུ་ཡོད།

5.ཆུ་ཁྲག་དང་ལྷན་དུ་རྐེད་པ་ན་བ་ནི། ཕལ་ཆེར་མྱུར་གཤིས་མཁལ་ཕོར་མཁལ་ཚད་དང་། མཁལ་མའི་རྡོ་སྐྲན། མཁལ་ཁོག་གློ་གཅོང་། མཁལ་འབྲས། ཁུག་མང་མཁལ་མར་མཐོང་རྒྱུ་ཡོད།

6.ཆུ་ཁྲག་དང་ལྷན་དུ་ཁྲག་ཤེད་མཐོ་བ་དང་། ཚ་བརྒྱག་པ། ཁྲག་བྱུང་བའི་མངོན་ཚུལ་ཡོད་ན། ཆུ་ཁྲག་བྱུང་བའི་རྒྱུ་རྐྱེན་ནི་ཕལ་ཆེར་མཁལ་མའི་ནད་དང་ཁྲག་གི་ནད་རིགས་ཡིན་པ་སྟོན་བཞིན་ཡོད།

7.ཆུ་ཁྲག་དང་ན་ཚོད། རྟེན་ཕོ་མོའི་འབྲེལ་བ།

མི་གཞོན་ནུའི་ཆུ་ཁྲག་ནི་གཅིན་ཟགས་མ་ལག་རེད་པའི་རང་བཞིན་གྱི་ནད་དང་། མཁལ་རིལ་ཆུང་བའི་ནད། ལྷན་སྐྱེས་རང་བཞིན་གྱི་གཅིན་ཟགས་མ་ལག་རྒྱུན་ལྡན་མིན་པ་མཐོང་རྒྱུ་མང་། དར་མའི་ནད་པ་ནི་གཅིན་ལམ་རེད་པ་དང་། རྡོ་སྐྲན། ལྒན་བའི་སྐྲངས་འབྲས་ལ་མཐོང་རྒྱུ་མང་། ལོ40ནས60ཡི་ནད་པ་ལས་ཕོ་ལ་ལྒང་བའི་སྐྲངས་འབྲས་དང་མཁལ་མའམ་གཅིན་འདྲེན་སྦུ་གུའི་སྐྲངས་འབྲས་མཐོང་རྒྱུ་མང་བ་དང་། མོ་ལ་གཅིན་ལམ་རེད་པ་དང་། རྡོ་སྐྲན་མཐོང་རྒྱུ་མང་། ལོ60ལས་ཆེ་བའི་ནད་པ་ལས་ཕོ་ལ་མདུན་ཆགས་གཤེར་རྨེན་ཚོ་རྒྱས་དང་མདུན་ཆགས་གཤེར་རྨེན་སྐྲངས་འབྲས གཅིན་ལམ་རེད་པ་མཐོང་རྒྱུ་མང་། མོ་ལ་གཅིན་ལམ་རེད་པ་དང་། མཁལ་མའམ་གཅིན་འདྲེན་སྦུ་གུའི་སྐྲངས་འབྲས་མཐོང་རྒྱུ་མང་།

8.འགུལ་སྐྱོད་རང་བཞིན་གྱི་ཆུ་ཁྲག

འགུལ་སྤྱོད་མང་བའི་རྗེས་སུ་གློ་བུར་དུ་ཁྲག་བྱུང་བ་དང་། ཁྲག་གི་བྱུང་ཚད་ནི་འགུལ་སྐྱོད་ཀྱི་ཚད་དང་མཐུན་པ་དང་། གཅིན་སྙི་བ་དང་གཅིན་འཚབ་པ། གཅིན་ཟུག་པ་སོགས་མེད། སྤྱིར་བཏང་དུ་འགུལ་སྐྱོད་བྱས་རྗེས་དུས་ཚོད24ནས72ཚུན་དུ་མེད་པར་འགྱུར་བ་ཡིན།

3 སྔོན་འགོག

མི་ཐེག་པ་འཁུར་བ་དང་ཤུགས་ཆེན་པོ་འདོན་པ་སོགས་སྤྱོད་ལམ་དྲག་པོ་སྤྱོད་མི་རུང་བ་དང་། མཁལ་ནད་དང་ལྒང་བའི་ནད་སོགས་བྱུང་ན་སྔ་མོ་ནས་གསོ་བཅོས་བྱས་ཏེ་ནད་གཞུག་མི་ལུས་པར་བྱ་དགོས།

4 གསོ་ཐབས།

1.ཆུ་ཁྲག་བྱུང་ན། རྒྱུ་རྐྱེན་གང་ལས་བྱུང་ཡང་ངལ་གསོ་བྱེད་དགོས།

2.ཆུ་ཁྲག་མྱུར་དུ་མེད་པར་འགྲོ་བའི་དབང་དུ་བཏང་ན་ཡང་། རྒྱུན་པར་ཆུ་ཁྲག་གི་འགྱུར་ལྡོག་ལ་མཉམ་འཇོག་པ་དང་། ལོ་ཕྱེད་ཀྱི་ནང་དུ་གཅིན་གྱི་རྒྱུན་སྲོལ་བརྟག་དཔྱད་ཐེངས་གཅིག་བྱེད་དགོས།

3.གཅིན་ཟགས་མ་ལག་རེད་པར་དོགས་པ་ཟ་བའི་ནད་པས་ཆུ་མང་དུ་འཐུང་ན་བཟང་།

4.གལ་སྲིད་ཆུ་ཁྲག་བྱུང་ན། དུས་ལྟར་སྔ་མོ་ནས་སྨན་ཁང་དུ་སོང་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་དགོས།

5.བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་སཱར་ཁྱུང་། ཨར་ཁྱུང(ཨ་རུ་བཅུ་པའི་སྟེང་ཁྱུང་ལྔ་བསྣན་པ) ཆོས་ཉིད་དམར་པོ། སྐྱེར་ཁྱུང(སྐྱེར་ཤུན་བརྒྱད་པའི་སྟེང་ཁྱུང་ལྔ་བསྣན་པ)ལྟ་བུ་བཏང་ནས་གཉན་ཁ་གཅོག་པ་དང་། ན་ཟུག་ཞི་རྗེས་པད་རག་མདོག་ལྡན་དང་། གོ་ཡུ་དགུ་སྦྱོར། ཨ་རུ་ཟགས་གཅོད། ཉི་ཟླ་གྱེན་ཟློག་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་གང་འཚམ་ལྟར་བསྟེན་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།