ར་ལུག་རྡོ་སྲེག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ར་ལུག་རྡོ་སྲེག་ཅེས་པའང་གནའ་བོའི་བོད་དམངས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་དམར་ཟས་ཀྱི་འཚོ་བ་རོལ་སྟངས་ཤིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་ཤ་བཙོ་སྐབས་ཐབ་རྡོ་འཛུགས་མི་དགོས་ལ། ཤ་བཙོ་བྱེད་ཀྱི་ཅ་ལག་སླ་ང་དང་། ཆུ་སོགས་ཅི་ཡང་མི་དགོས་པས་སྔོན་ཆད་ཡིན་ན་རི་ཀླུང་བརྒལ་ནས་རི་དྭགས་རྔོན་པ་དང་། ཚོ་ཁག་བརྒྱུད་ནས་ཇག་བྱེད་སྐབས་ཧ་ཅང་སྟབས་བདེ་བའི་འཚོ་བ་རོལ་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ཟས་རིགས་ཀྱི་སྐོར།
1 ངོ་སྤྲོད།

བོད་རིགས་དམངས་ཁྲོད་ཀྱི་འཚོ་བའི་ཐད་ཀྱི་ཟས་རིགས་ལ་སྣ་ཁ་མང་མོད། སྤྱིར་བཏང་དུ་དཀར་ཟས་དང་དམར་ཟས་གཉིས་སུ་དབྱེ། ཁ་རྒྱུན་ལ་ཞིང་བའི་ནས་དཀར་དྲུག་མའི་རྩམ་པ་དང་། འབྲོག་པའི་སུམ་ཡུར་འབྲི་མོའི་མར་ལོ་གཉིས། ད་དུང་བསིལ་སྐམ་བྱས་པའི་ཕྱུར་བ་གསུམ། མཉམ་དུ་བརྫིས་པའི་རྩམ་པ་དཀར་ཟས་ཡིན་ཞེས་པ་དང་། གཡག་སྐམས་འབྲོང་ལ་འགྲན་པའི་སྐམས་ཤ་དང་། ཤ་གཟན་གཉན་ལ་དོ་བའི་ལུག་ཤ་གཉིས། ཚོན་པོ་ལ་ཕུག་བཞིན་གྱི་ཕག་ཤ་སོགས། བོད་མིས་རྒྱུན་དུ་ཟ་བའི་དམར་ཟས་ཡིན་ཞེས་བརྗོད་སྲོལ་ཡང་ཡོད། ར་ལུག་རྡོ་སྲེག་ཅེས་པའང་གནའ་བོའི་བོད་དམངས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་དམར་ཟས་ཀྱི་འཚོ་བ་རོལ་སྟངས་ཤིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་ཤ་བཙོ་སྐབས་ཐབ་རྡོ་འཛུགས་མི་དགོས་ལ། ཤ་བཙོ་བྱེད་ཀྱི་ཅ་ལག་སླ་ང་དང་། ཆུ་སོགས་ཅི་ཡང་མི་དགོས་པས་སྔོན་ཆད་ཡིན་ན་རི་ཀླུང་བརྒལ་ནས་རི་དྭགས་རྔོན་པ་དང་། ཚོ་ཁག་བརྒྱུད་ནས་ཇག་བྱེད་སྐབས་ཧ་ཅང་སྟབས་བདེ་བའི་འཚོ་བ་རོལ་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན།

2 ཤ་བཤའ་བའི་རྣམ་པ།

ར་ལུག་གང་ཡིན་ཡང་ཤ་བཤའ་སྐབས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཤ་བཤའ་བ་བཞིན་རྩ(རྐང་རྩ་དང་ལག་རྩ)བྱས་ནས་པགས་བཤུས(ཐང་བཤུས)བྱེད་མི་རུང་། ངེས་པར་དུ་ར་ལུག་གི་སྐེ་ནས་འགོ་བཙུགས་ཏེ་སྐྱ་བཤུས་བྱེད་པའི་རྣམ་པ་ལྟར་བཤའ་དགོས། སྐྱ་བཤུས་བྱེད་སྐབས་དང་ཐོག་སྐེ་ཤ་ཤ་སྐྱའི་སྟེང་ལ་སྦྱོར་མི་དགོས། གལ་ཏེ་སྐེ་ཤ་གཙང་མར་བཀོལ་ཏེ་ཤ་སྐྱའི་སྟེང་ལ་སྦྱར་ན་རྗེས་ནས་རྐང་རུས་དང་ལག་རུས་སོགས་ཤ་སྐྱའི་ཁ་ནས་ལེན་དགོས་པས་སྟབས་བདེ་མོ་དེ་འདྲ་མ་ཡིན། སྐེ་ཚུགས་བླངས་སྟེ་ལག་རུས་ལེན་སྐབས་ངེས་པར་དུ་ཤ་རྣམས་རུས་པ་ལས་གཙང་མར་བཀོལ་ཏེ་ཤ་སྐྱའི་སྟེང་ལ་སྦྱོར་དགོས། ཡིད་འཇོག་ནན་མོ་ཞིག་བྱེད་དགོས་པ་ནི་ཤ་བཤའ་མཁན་གྱིས་རྐང་ལག་གི་ཚུགས་མཚམས་དང་ཤ་སྲབ་ས་ནས་སྐྱ་བཤུས་བྱེད་སྐབས་ཕྱི་པགས་ལ་སེམས་ཆུང་ནན་མོ་བྱེད་དགོས། གལ་ཏེ་ཕྱི་པགས་ལ་བུ་ག་སོགས་བཏོད་ན་རྡོ་སྲེག་བྱ་དུས་ཤ་ཁུ་དང་ནང་དབུགས་ཕྱི་ལ་ཤོར་ནས་རྡོ་སྲེག་ལེགས་པོ་བྱ་མི་ཐུབ། དེ་ལྟར་རུས་རྐང་རེ་རེ་བྱས་ནས་བླངས་ཏེ་ནང་ཁྲོད་ཕྱི་ལ་འདོན་སྐབས་ངེས་པར་དུ་གཡོས་རྒྱུ་ཁྲུ་གང་གི་མཚམས་ནས་བཅད་དེ་ཤ་སྐྱའི་སྟེང་ལ་སྦྱར་ན་རྡོ་སྲེག་བྱ་སྐབས་དེ་ལ་ནང་དབུགས་ཕྱི་ལ་མི་ཤོར་བའི་དབུགས་འགོག་གི་ནུས་པ་ལྡན།

3 རྡོ་འདེམ་པ་དང་སྲེག་པ།

རྡོ་འདེམ་སྐབས་ངེས་པར་དུ་ཉིན་ཕྱོགས་ཀྱི་རྡོ་འདེམ་དགོས། ཉིན་ཕྱོགས་ཀྱི་རྡོ་ནི་རྒྱུན་དུ་ཉི་མའི་འོད་ཀྱི་ནུས་པས་ཅུང་སྲེག་ཡོད་པས་རྡོ་དེ་དག་མེ་ལ་སྲེག་སྐབས་བཀད་ནས་ཆག་གྲུམ་ཤོར་མི་ཐུབ། རྡོའི་ཆེ་ཆུང་དང་མང་ཉུང་ལ་རྐང་རྡོ་ཞེས་རྡོ་ཁུ་ཚུར་འདྲ་བ་གཉིས་དང་ལག་རྡོ་ཞེས་པའི་རྡོ་བྱ་སྒོང་ལས་ཅུང་ཆེ་བ་གཉིས། དེ་ལས་གཞན་ད་དུང་ཁོག་རྡོ་ཞེས་པའི་རྡོ་བཅུ་ལྷག་ཅིག་དགོས་ལ་ཆེ་ཆུང་ཕལ་ཆེར་གོང་དང་འདྲ། དབྱིབས་ལ་རྡོ་འཇོང་འཇོང་དང་རིལ་བུ་གང་ཡིན་ཡང་ཆོག རྡོ་དེ་དག་གིས་ཐེངས་གཅིག་ལའང་ར་ལུག་བསྲེགས་མ་མྱོང་བའི་རྡོ་སོ་མ་ཡིན་ན་རྡོ་སྲེག་སྐབས་མཉམ་འཇོག་བྱེད་དགོས་པ་ནི་རྡོ་དེ་དག་མེ་ལ་སྲེག་ནས་རྡོ་མདོག་ནག་པོ་ནས་སྐྱ་བོར་གྱུར་ན་རྡོ་ལ་ལ་བཀད་ནས་ཆག་གྲུམ་ཤོར་སྲིད། ཆག་གྲུམ་མ་ཤོར་བའི་རྡོ་རྣམས་མུ་མཐུད་དུ་སྲེག་ན་མདོག་དཀར་བོར་གྱུར་ནས་ཚ་སོབ་སོབ་ཀྱི་སྨིག་རྒྱུ་རྡོ་ཐོག་ནས་རྒྱུ་སྐབས་ད་གཟོད་ར་ལུག་རྡོ་སྲེག་གི་མགོ་རྩམ་ཆོག རྡོ་སྲེག་བྱེད་སྐབས་ཆག་གྲུམ་ཤོར་བའི་རྡོ་དང་རྡོ་ཟུར་ཅན་གྱིས་རྡོ་སྲེག་བྱེད་མི་རུང་། གལ་ཏེ་རྡོ་ཟུར་ཅན་གྱི་རྡོ་སྲེག་བྱས་ན་ར་ལུག་གི་ཤ་སྐྱའི་ཕྱི་པགས་ལ་བུ་ག་བཏོད་ཉེན་ཆེ་བས་རྡོ་ཟུར་ཅན་བཀོལ་མི་རུང་།

4 རྡོ་སྲེག་དངོས།

ཐོག་མར་ཤ་སྐྱའི་ནང་ལ་ཚྭ་ཁུ་དང་བྲོ་སྨན་སོགས་བཞག་ནས་ཕུར་ཕུར་འགའ་བྱས་རྗེས་རྐང་རྡོ་ཞེས་པའི་རྡོ་དེ་མེ་ཕུང་ལས་སྐམ་པ་ཞེས་པའི་ཚུགས་མ་གཏོར་བའི་ལག་རུས་ཀྱིས་བཙུར་ནས་ཤ་སྐྱའི་ནང་ལ་བཅུག་སྟེ་རྐང་བའི་རུས་པ་བླངས་ཤུལ་དུ་བཞག་སྟེ་ལག་པ་གཉིས་ཀྱིས་ཕྱི་ནས་རྡོ་བཅུག་ཡོད་པའི་རྐང་བ་དེ་དམར་པོར་འགའ་བཙིར་བ་དང་། རྐང་རྡོ་གཞན་པ་དེ་ཡང་དེ་ལྟར་འཇོག་དགོས། རྐང་རྡོ་དེ་གཉིས་བཞག་རྗེས་སླར་ཡང་རྡོ་གསུམ་བདམས་ནས་ཤ་སྐྱའི་ནང་ལ་བཅུག་སྟེ་བརླ་ཤ་དང་སྦྱར་ནས་ཤ་སྐྱའི་ནང་དུ་འཇུག་དགོས། མཇུག་མཐར་ལག་རྡོ་ཞེས་པའི་རྡོ་གཉིས་ལག་རུས་བླངས་ཤུལ་དུ་བཅུག་ནས། སྐེ་ཚུགས་བླངས་ཤུལ་གྱི་སྐྱ་ཁ(ཤ་སྐྱའི་ཁ)ལྕགས་སྐུད་ཕྲ་མོ་ཞིག་གིས་བསྡམ་སྟེ་ཤ་སྐྱའི་ཕྱི་ངོས་མེ་ལ་བསོ་དགོས། ཕྱི་མེ་ཧ་ཅང་བཙན་ན་སྐྱ་ཁ་ལྷོད་ནས་ནང་དབུགས་ཕྱི་ལ་གཏོང་བ་དང་། ཡང་ན་ཕྱི་མེ་དལ་འབུད་བྱེད་དགོས། གལ་ཏེ་ཕྱི་མེ་བཙན་དྲག་པ་དང་སྐྱ་ཁ་མ་ལྷོད་ན་ཤ་སྐྱ་འགད་ཉེན་ཆེ། དེ་ལྟར་བསྲེགས་ནས་ཕྱི་པགས་ཚད་ལྡན་ཞིག་འཚིག་སྟེ་ཤ་མཐུག་ནས་ཕྱི་པགས་བཀད་དེ་ཚིལ་ཁུ་ལ་མེ་འབར་དུས་ཕྱི་མེ་ཧ་ཅང་དལ་འབུད་བྱེད་དགོས། དེ་ལྟར་སེམས་ཆུང་གིས་བསྲེས་ནས་ཤ་སྐྱའི་ཕྱི་ངོས་ཁ་མདོག་དམར་སེར་དུ་གྱུར་དུས་ད་གཟོད་ར་ལུག་རྡོ་སྲེག་བཟང་པོ་ཞིག་བྱེད་ཐུབ་པ་ཡིན།

རྡོ་སྲེག་ལེགས་པོ་བྱུང་བའི་ཤ་སྐྱ་ཟླུམ་པོ་དེ་ཅི་ལྟར་བཤའ་དགོས་ཞེས་ན། ཤ་སྐྱ་ཟླུམ་པོ་དེ་སྡེར་གཞོང་ཆེན་པོ་ཞིག་གི་སྟེང་བཞག་ནས་སྲོལ་རྒྱུན་གྱི་ར་ལུག་བཤའ་བ་བཞིན་བྲང་གི་དཀྱིལ་ནས་དྲང་ཐད་དུ་མར་བཤས་ན་སྣས་སྤྱོད་ཡུལ་དུ་གྱུར་བའི་དྲི་མ་ཞིམ་པོ་ཞིག་གིས་ཤ་ལས་བྱེད་མཚམས་རེ་ཞིག་ལ་འཇོག་དགོས་པ་གདོན་མི་ཟ། དེ་ནས་རྐང་རྩ་དང་ལག་རྩ་ལྟར་བཤས་ན་ཁོག་ལ་བཅུག་ཡོད་པའི་རྡོ་དང་རུས་པ་རྣམས་བླངས་ཏེ་ཤ་སྐྱའི་ནང་ལ་བབས་ཡོད་པའི་གདུས་ཁུ་ཞེས་པའི་ཤ་ཁུ་མངར་མོ་དེའི་བྲོ་བ་ནི་ངོ་མའི་བརྗོད་དཀའ་བ་ཞིག་རེད། སྤྱིར་རྡོ་སྲེག་གི་ཤའི་བྲོ་བ་དང་། ལྷག་པར་དུ་རྡོ་སྲེག་བྱས་པའི་ཤ་ཁུ་ནི་ཤ་དང་ཤ་ཁུ་གཞན་པ་ལས་བརྒྱ་འགྱུར་གྱིས་མངར་བས་དམངས་ཁྲོད་ཀྱི་ཁ་རྒྱུན་ལ། ཤ་ཟ་ན་རྡོ་སྲེག་བསྲེགས་མ་ཟ། དེ་མིན་ན་ཤ་སྐམ་རློན་པ་ཟ། ཁུ་འཐུང་ན་རྡོ་སྲེག་ཁུ་བ་འཐུང་། དེ་མིན་ན་ཁྲག་རྒྱུ་དྲོན་མོ་འཇིབ། ཅེས་པའི་བཤད་སྲོལ་ཡོད་པ་ལྟར་རོ།།

5 རྡོ་སྲེག་གི་ཕན་ནུས།

རྒྱུས་ལོན་བྱས་པ་ལྟར་ན་རྡོ་སྲེག་གི་རྡོ་ཚ་མོ་དེ་མཁལ་མ་དང་སྐེད་པ་ན་བའི་ནད་པའི་རྐང་མཐིལ་ལ་བརླན་ནས་རྡོ་སྲེག་གི་ཤ་ཁུ་ཚ་མོ་དེ་ཧུབ་ཀྱིས་འཐུང་སྟེ་དྲོས་ཕྱུང་ན་ཕན་ཐོག་མངོན་སུམ་དུ་ཡོད་པ་ར་སྤྲོད་བྱས་ཡོད། ལྷག་པར་དུ་གཅིན་པ་མངར་འགྱུར་གྱི་ནད་པས་ར་ལུག་རྡོ་སྲེག་དང་ཕྱི་བ་རྡོ་སྲེག་གི་ཤ་དང་ཤ་ཁུ་འཐུང་བ་དང་། ཟས་ན་ནད་གཞི་གཏིང་ལོན་དུ་འགྲོ་བ་མཚོ་ལྷོ་མང་རྫོང་གི་ནད་པ་འགས་ར་སྤྲོད་བྱས་ཡོད།

ར་ལུག་རྡོ་སྲེག་བྱེད་པ་འདི་གནའ་བོའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཞིག་ཡིན་ལ། ད་ལྟའང་ས་ཆ་ལ་ལ་ཞིག་ན་སྲོལ་འདི་མ་ཉམས་པར་གནས་ཡོད། བདག་གིས་ཀྱང་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མང་ར་ཡུལ་ཚོ་ལོ་བ་ཞོལ་མ་སྡེ་བ་ནས་ཐེངས་དང་པོར་མཐོང་བ་དང་རྡོ་སྲེག་གི་ཤའི་བྲོ་བའང་དེ་ནས་ཐོག་དང་པོར་མྱང་བ་ཡིན་པས་ལྕགས་ཐུར་སྟེང་གི་ཤ་སྲེག་མ་དང་རྡོ་སྲེག་གཉིས་ཀྱི་ཤའི་བྲོ་བ་དང་། ཞིམ་མངར་གྱི་ཁྱད་པར་ནི་གནམ་སའི་ཁྱད་པར་འདུག ལྷག་པར་དུ་རྡོ་སྲེག་གི་ཤ་ཁུའི་བྲོ་བ་དེ་ལྟ་བུ་ཞིག་ནང་ལོགས་ཀྱི་ཆེད་ལས་མཐོ་རིམ་པའི་ཇ་མ་ཞིག་གིས་ཀྱང་ལས་བསྣོན་བྱེད་མི་ཐུབ་པ་ཁ་མཚོན་བཅད་ཆོག དེ་བས་ང་ཚོ་བོད་དམངས་ཁྲོད་ཀྱི་ར་ལུག་རྡོ་སྲེག་ཅེས་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་འདི་གྲོང་ཁྱེར་དང་མི་གྲངས་མང་བའི་ཟས་རིགས་ཀྱི་ཚོང་རྭར་དར་སྤེལ་དང་། ཁྱབ་བརྡལ་བྱེད་ཐུབ་ན་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཞིག་ཡོད་པ་གདོན་མི་ཟ་བ་དང་། འདི་ལྟ་བུའི་དམངས་སྲོལ་ལོ་རྒྱུས་ཀྱི་སྟེགས་བུ་སྟེང་ནས་འཇིག་ཉེན་ཡོད་པས་གཟབ་པར་འཚལ་ལོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-05

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།