ལྷུག་རྩོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷུག་རྩོམ།
སྒྲ་ཡངས་འཇུག་གི་ལྷུག་རྩོམ་ཞེས་པ་ནི་ཚིག་ལྷུག་གིས་བརྩམས་པའི་རྩོམ་ཡིག་ཡོད་ཚད་ལ་ཟེར་པ་དང་། སྒྲ་དོག་འཇུག་གི་ལྷུག་རྩོམ་ཞེས་པ་ནི་སྙན་ངག་དང་བརྩམས་སྒྲུང་། ཟློས་གར་བཅས་དང་འགྲོགས་པའི་རྩོམ་རིག་གི་རིགས་ཤིག་ལ་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
散文
ཕྱི་ཡིག་གི་མིང་།
Prose;essay
1 གོ་དོན།

ལྷུག་རྩོམ་ལ་གོ་དོན་གཉིས་ཡོད་ཅིང་།  སྒྲ་ཡངས་འཇུག་གི་ལྷུག་རྩོམ་ཞེས་པ་ནི་ཚིག་ལྷུག་གིས་བརྩམས་པའི་རྩོམ་ཡིག་ཡོད་ཚད་ལ་ཟེར་པ་དང་།  སྒྲ་དོག་འཇུག་གི་ལྷུག་རྩོམ་ཞེས་པ་ནི་སྙན་ངག་དང་བརྩམས་སྒྲུང་།  ཟློས་གར་བཅས་དང་འགྲོགས་པའི་རྩོམ་རིག་གི་རིགས་ཤིག་ལ་བརྗོད་པ་ཡིན་ལ། 

རྩོམ་གྱི་ཕྱིའི་རྣམ་པའི་མཚོན་བྱེད་ལ་དམིགས་ནས་སྙན་ངག་ལ་ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་ཞེས་བཀར་ཡོད་པ་ཕལ་ཆེར་གཅིག་འདྲ་ཡིན་པར་འདོད་དེ། དེ་ནི་རྩོམ་ལུས་ལ་མ་བལྟས་པར་རྩོམ་ཡིག་གྱི་ཕྱིའི་རྣམ་པའི་ཐོག་ནས་བཀར་བ་ལགས་མོད།། ཕྱིའི་རྣམ་པ་ལ་མ་དམིགས་པར་གཙོ་བོ་ལུས་ལ་དམིགས་པའི་སྒྲུང་དང་སྙན་ངག ཟློས་གར། རྩོམ་ལྷུག་བཅས་སུ་དབྱེ་ཡོད་པའི་ལྷུག་རྩོམ་ཞེས་པ་དེ་ཡིན། དེའི་གོ་དོན་ལ《དོན་བརྗོད་རྩོམ་ཡིག་ལ་འཇུག་པའི་རྨང་གཞི་ཤེས་བྱ》(མཚོ་སྔོན་མི་རིགས་སློང་གླིང་གིས་བསྒྲིགས)ལས“མཚོན་བྱ་མཚོན་བྱེད་གཉིས་འདུས་ཀྱི།། སོ་སོར་ཁྱད་ཆོས་དོ་མཉམ་པ།། མཚོན་བྱེད་ངག་གིས་སྤྲོས་པ་ལས།། མཚོན་བྱ་བསྡུས་ཏེ་ལྷུག་མའི་ཕྲེང་།། ཐུང་ཞིང་མྱུར་དུ་རབ་བཀོད་ནས།། ཡོངས་རགས་དྲང་གི་བརྗོད་ཐབས་གང་།། འདོད་པ་ཇི་བཞིན་སྟོན་ནུས་པ།། སྦྱོར་ཐབས་ཉིད་ནི་ལྷུག་རྩོམ་བྱ།།”ཞེས་ཀྱང་བཀོད་ཡོད།

2 བྱུང་འཕེལ།

ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་དུས་ནས་བཟུང་ཚིགས་བཅད་དང་ཚིགས་བཅད་མ་ཡིན་པ་གཉིས་དབྱེ་བ་ཕྱེ་ནས་ཚིག་ལྷུག་མའི་རྩོམ་ཡིག་ཚང་མ་ཚིགས་བཅད་མིན་པའི་ཁོངས་སུ་འདུས་ཡོད་ཅིང་རྣམ་ཐར་དང་ལོ་རྒྱུས་ཀྱང་ལྷུག་རྩོམ་ཁོངས་ལ་བསྡུས།  དེའི་རྗེས་སྙན་ངག་ཕུད་པའི་རྩོམ་རིག་གི་རྣམ་པ་ཚང་མར་ལྷུག་རྩོམ་ཞུ་ཡི་ཡོད།  ལྔ་བཞིའི་ལས་འགུལ་རྗེས་བརྩམས་སྒྲུང་དང་སྙན་ངག  ཟློས་གར་བཅས་དང་མཉམ་དུ་འགྲོགས་པའི་རྩོམ་རིག་གི་རིགས་ཤིག་ཆགས་པ་དེར་ལྷུག་རྩོམ་ཟེར་བ་ཡིན།

3 ཁྱད་ཆོས།

ལྷུག་རྩོམ་གྱི་རྩ་བའི་ཁྱད་ཆོས་མདོར་བསྡུས་ན་འདི་འདྲ་འགའ་ཡོད་པ་སྟེ།

གཅིག   བརྗོད་བྱ་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་ལ་རང་དབང་ཆེ་བ་སྟེ།  རྩོམ་པ་པོས་མི་སྣ་དང་ཡུལ་ལྗོངས།  བྱ་དངོས།  ཡུལ་སྲོལ་གོམས་གཤིས་དང་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ།  སྲོག་ཆགས་དང་སྐྱེ་དངོས།  གནའ་དེང་གི་འཚོ་བ་སོགས་སྤྱི་ཚོགས་ཀྱི་འཚོ་བའི་ནང་གནས་ཡོད་པའི་བྱ་དངོས་མཐའ་དག་རྩོམ་འབྲི་བྱས་ཆོག་པ་མ་ཟད།  རྩོམ་ལུས་འདི་ནི་བརྩམས་སྒྲུང་ལྟར་ཅུང་ཟད་ཆ་ཚང་བའི་འཚོ་བའི་དོན་རྐྱེན་དང་མི་སྣའི་གཟུགས་བརྙན་ཞིག་མི་དགོས་ལ།  ཟློས་གར་གྱི་རྩོམ་རིག་ལྟར་འགལ་བ་མངོན་གསལ་དོད་པོ་ཞིག་རྩོམ་འབྲི་བྱེད་མི་དགོས་པ་ཞིག་ཡིན།

གཉིས།  ལྷུག་རྩོམ་ནི་འཚོ་བའི་བདེན་དོན་གྱི་ཆ་མངོན་གསལ་དོད་ཅིང་མཚོན་ཐབས་མྱུར་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་རྐྱེན།  མི་དང་བྱ་དངོས་ཡུལ་ལྗོངས་སོགས་གང་ཞིག་བྲིས་ནའང་མྱོང་བའམ་རྟོགས་པ་ཁྱད་པར་བ་རེ་ཡིད་ངོར་སྣང་ཚེ་འཕྲལ་དུ་རྩོམ་འབྲི་བྱས་ཆོག་ལ་དེར་མི་སྣ་གཙོ་བོར་བཟུང་སྟེ་བྱུང་རིམ་ཆ་ཚང་ཞིག་ཡོད་མི་དགོས་པ་མ་ཟད།  ཡིག་འབྲུ་མང་ཉུང་ཅི་དགར་ཡོད་ཆོག་པ་ཡིན།

གསུམ།  སྒྲིག་གཞིའི་ཐད་རང་དབང་ཆེ་ཞིང་རྣམ་པ་སྣ་ཚོགས་ཡོད་ཆོག་པ་ཞིག་ཡིན།  དེ་ནི་རྩོམ་ལུས་འདིའི་ཁྱད་པར་བའི་ཆ་ཡིན་ལ།  ལྷུག་པ་ཞེས་པའང་ཚིག་བཅད་པ་དང་སྤེལ་མ་མ་ཡིན་པའི་ལྷུག་པ་ཁོ་ན་ཙམ་ལ་མི་གོ་བར་གཙོ་བོ་སྒྲིག་གཞིའི་ཁྱད་ཆོས་རང་དབང་ལས་ཐོན་པའི་ཁྱད་ཆོས་ཤིག་ཡིན།

4 རིགས་དབྱེ།

ལྷུག་རྩོམ་ལ་དེང་རབས་ཀྱི་ལྷུག་རྩོམ་དང་གནའ་དུས་ཀྱི་ལྷུག་རྩོམ་རིགས་གཉིས་ཡོད།  གནའ་དུས་ལྷུག་རྩོམ་ལ་མཆེད་རྒྱ་ཆེན་པོ་ཡོད་ཅིང་།  ཤགས་འགྱེད་དང་གླེང་བ།  ཆེད་བརྗོད།  མཆོད་བརྗོད།  གཏམ་རྒྱུད།  རྣམ་ཐར་སོགས་ཚང་མ་ལྷུག་རྩོམ་གྱི་ཁོངས་ལ་འདུ་བ་ཡིན།  དེང་དུས་ཀྱི་ལྷུག་རྩོམ་ལ་དོན་བརྗོད་ལྷུག་རྩོམ་དང་དུང་བརྗོད་ལྷུག་རྩོམ།  གླེང་བརྗོད་ལྷུག་རྩོམ་བཅས་ཁག་གསུམ་ལ་དབྱེ་ཡོད།  མི་སྣ་དང་དོན་བརྗོད་རྒྱུ་གཙོ་བོ་བྱས་ནས་དུང་བརྗོད་དང་གླེང་བརྗོད་མཉམ་དུ་བསྡུས་པའི་ལྷུག་རྩོམ་ལ་དོན་བརྗོད་ལྷུག་རྩོམ་ཟེར་ཞིང་།  དེའི་ཁོངས་སུ་སྙན་ཞུའི་རྩོམ་ཡིག་དང་རྣམ་ཐར་རྩོམ་ཡིག་ཀྱང་ཡོད།  དུང་བརྗོད་ཀྱི་ལྷུག་རྩོམ་ཞེས་པ་ནི་འཚོ་བའི་མྱོང་བ་དང་བསམ་བློའི་བརྩེ་དུང་མཚོན་པར་བྱ་རྒྱུ་གཙོ་བོ་བྱས་པའི་ལྷུག་རྩོམ་ལ་ཟེར།  གླེང་བརྗོད་ལྷུག་རྩོམ་ཞེས་པ་ནི་དཔྱད་གླེང་དང་གསལ་བཤད་བྱ་རྒྱུ་མཚོན་ཐབས་གཙོ་བོ་བྱས་པ་མ་ཟད་རྩོམ་རིག་རང་བཞིན་ངེས་གཏན་ཡོད་པའི་ལྷུག་རྩོམ་དང་འབོལ་རྩོམ་ལ་སོགས་པ་དེའི་ཁོངས་སུ་གཏོགས་ཀྱི་ཡོད།


བརྡ་འགྲེལ་གདོང་འཛར།

རྩོམ་རིག ལྷུག་རྩོམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།