གསང་སྔགས་བདེ་ཆེན་རབ་རྒྱས་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་སྔགས་བདེ་ཆེན་རབ་རྒྱས་གླིང་ནི། ལྷ་ཁང་ཐང་ཞང་གི་ཁོངས་གཏོགས་ས་དཔྱད་ལེགས་ཤིང་འདུ་འཛིས་དབེན་པ། ཉི་མ་འཆར་སྔ་ཞིང་ནུབ་འཕྱི་བ། ཐོས་བསམ་སྒོམ་པའི་གནས་ལ་མཆོག་ཏུ་ཤིས་པའི་ཉི་མ་ལུང་བ་ཞེས་པར་ཡོད། ཐོག་མར་རབ་ཉི་ཡར་སྔོན་དུ་སྒོ་མེ་གོང་འོག་ཀུན་གྱི་གྲྭ་པ་རྣམས་མཆོད་རྟེན་སྐེ་དགོན་པའི་གནས་སྙིང་བཀྲ་ཤིས་ཆོས་གླིང་དུ་ཡོད་ལ། ཕྱིས་སུ་དགོན་གནས་སྤོར་བ་སོགས་རྐྱེན་འགའ་ཞིག་གི་དབང་གིས་ཁམས་རིས་བླ་མ་སྐུ་ཕྲེང་དང་པོས་རབ་ཉིའི་ས་གླང་ཕྱི་ལོ1709ལོར་ད་ལྟའི་གནས་འདིར་གསར་འདེབས་མཛད།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ1709ལོ།
བཞེངས་མཁན།
ཁམས་རིས་བླ་མ་སྐུ་ཕྲེང་དང་པོ།
རིགས་དབྱེ།
དགོན་པ།
གནས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་།
1 ངོ་སྤྲོད།

གསང་སྔགས་བདེ་ཆེན་རབ་རྒྱས་གླིང་ནི། ལྷ་ཁང་ཐང་ཞང་གི་ཁོངས་གཏོགས་ས་དཔྱད་ལེགས་ཤིང་འདུ་འཛིས་དབེན་པ། ཉི་མ་འཆར་སྔ་ཞིང་ནུབ་འཕྱི་བ། ཐོས་བསམ་སྒོམ་པའི་གནས་ལ་མཆོག་ཏུ་ཤིས་པའི་ཉི་མ་ལུང་བ་ཞེས་པར་ཡོད། ཐོག་མར་རབ་ཉི་ཡར་སྔོན་དུ་སྒོ་མེ་གོང་འོག་ཀུན་གྱི་གྲྭ་པ་རྣམས་མཆོད་རྟེན་སྐེ་དགོན་པའི་གནས་སྙིང་བཀྲ་ཤིས་ཆོས་གླིང་དུ་ཡོད་ལ། ཕྱིས་སུ་དགོན་གནས་སྤོར་བ་སོགས་རྐྱེན་འགའ་ཞིག་གི་དབང་གིས་ཁམས་རིས་བླ་མ་སྐུ་ཕྲེང་དང་པོས་རབ་ཉིའི་ས་གླང་ཕྱི་ལོ1709ལོར་ད་ལྟའི་གནས་འདིར་གསར་འདེབས་མཛད། 
        དེ་ནས་སྐུ་ཕྲེང་གསུམ་པ་གཞོན་ནུའི་སྐབས་རབ་བྱུང་བཅུ་གསུམ་པའི་སྨད་ཕྱི་ལོ1788—1791ལོ་ཙམ་ལ་དགོན་མགོར་ཀུན་མཁྱེན་འཇིགས་མེད་དབང་བོར་ཕུལ། དེ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་གྱུར་ནས་མཆོད་རྟེན་སྐེ་དགོན་པར་འབྲེལ་བ་ཅང་མ་བྱུང་བ་འདྲ། དེ་དུས་སུ་ཀུན་མཁྱེན་མཆོག་དང་བྱང་ཀྱཱ་བླ་མ་སོགས་རྒན་གྲས་རྣམས་ཐུན་མོང་གིས་བཅའ་ཡིག་ཆེན་མོ་གསར་རྩོམ་གནང་སྟེ་ཆོས་སྤྱོད་བཅུའི་རིམ་པ་རྣམས་དམ་པ་གོང་མའི་ཕྱག་བཞེས་བཞིན་སླར་སོར་ཆུད་པ་བྱུང་། དེའི་རྗེས་སུ་བླ་བྲང་དུ་བཀའ་བཅུ་རབ་འབྱམས་པ་ཤེས་རབ་རྒྱ་མཚོ་སྐུ་ཚབ་ཏུ་མངགས་གཏོང་མཛད། འདི་བས་དངུལ་སྲང་བཞི་བརྒྱ་ལྷག་གི་ཡོན་སྦྱར་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆ་ཚང་བར་བཙུགས། དེའི་རྗེས་རབ་འབྱམས་པ་བཀྲ་ཤིས་སོགས་བླ་ཚབ་རིམ་བསྐོས་ཀྱིས་ཁམས་རིས་བླ་མ་སྐུ་ཕྲེང་རིམ་བྱོན་དང་མཉམ་དུ་ལེགས་པར་བསྐྱངས་པས་དུས་འཁོར་སྒྲུབ་མཆོད་དང་ལྔ་མཆོད། སྨོན་ལམ་སོགས་བཙུགས་ཏེ་ཆོས་སྲིད་གཉིས་དར་རྒྱས་ཆེན་པོ་བྱུང་། དེའི་རྗེས་སུ་འཇམ་དབྱངས་བཞད་པ་ཐར་འདོད་རྒྱ་མཚོ་མཆོག་སྡེ་འདིར་དབྱར་དགུན་རེས་མོས་སུ་བཞུགས་ཤིང་། ཉིན་གཅིག་སྐྱབས་མཆོག་འདི་བས་དགོན་པའི་མདུན་རིའི་ངོས་སུ་རྣམ་སྲས་རྟ་བདག་བརྒྱད་ཀྱི་གཟིགས་སྣང་བྱུང་། ཁོང་གིས་རྟེན་འབྲེལ་དུ་དགོངས་ནས་སྡེ་འདིར་རྣམ་སྲས་རྟ་བ་བརྒྱད་ཀྱི་གར་འཆམ་བཙུགས་ཤིང་དེར་མཁོ་བའི་ཡོ་བྱད་ཆ་ཚང་བསྩལ། དུས་དེར་སྡེ་འདི་ཧ་ཅང་དར་རྒྱས་ཆེན་པོ་བྱུང་སྟེ་གྲྭ་ཤག་རྣམས་ཆགས་ལུགས་ཀྱིས་ཚོགས་ཆེན་འདུ་ཁང་དགོན་འདབས་སུ་ལས་པ་དམ་པ་འདི་བས་ད་ལྟའི་འདུ་ཁང་གི་གནས་འདིར་སྤོ་དགོས་པའི་ཐུགས་བཀོད་མཛད། བླ་བྲང་ནས་ཨ་ཁུ་རྨ་ཆེན་ཟེར་བ་སྐུ་ཚབ་ཏུ་མངགས་ནས་འདུ་ཁང་གི་རྟེན་བརྟེན་པ། བྱམས་ཁང་ཆེན་མོ་དང་བཙན་ཁང་སོགས་གསར་བཞེངས་མཛད། དེའི་རྗེས་རབ་རྒྱལ་ལྕགས་རྟ་ཕྱི་ལོ1930ལོ་ནས་བླ་བྲང་ཨ་ཁུ་བརྩོན་འགྲུས་ཀྱིས་བདག་སྐྱོང་མཛད། འདིའི་ཡན་དུ་བླ་བྲང་ནས་ལོ་གསུམ་རེའི་ནང་སྐུ་ཚབ་རེ་མངགས་དགོས་པའི་སྲོལ་ཡོད། འདི་བས་ཐུགས་བཀོད་དང་མཐུན་རྐྱེན་གང་དགོས་སྦྱར་ཏེ་ཐོག་མར་འཇམ་དབྱངས་སྒར་བ་དང་རིམ་གྱིས་སྤྱི་ཆེན་ཁང་སོགས་ཞིག་གསོ་གང་ལེགས་བྱས། འདུ་ཁང་ཆེན་མོའི་སྟེང་དུ་གསེར་ཏོག་ཆེ་ལེགས་དང་། རྒྱལ་མཚན་ཆ་གཅིག ཆོས་འཁོར་རི་དྭགས་སོགས་དང་། ནང་དུ་བཟང་གོས་སྣ་ཚོགས་ལས་གྲུབ་པའི་མཆོད་རྫས་ཀྱི་རིགས། གཞན་ཡང་ཆོས་སྐྱོང་རྣམས་ཀྱི་ཞལ་འབག་དང་འཆམ་ལྭ་སྣ་ཚོགས་ཀྱི་འཇོག་པ་རྒྱ་ཆེར་གནང་། དེ་ནས་བཟུང་ཁོང་གིས་འདུ་ཁྲིམས་གཙང་དག་དང་སྔར་སྲོལ་གྱི་སྒྲིག་ལམ་སླར་གསོ་གནང་ནས་ཆོས་སྲིད་གང་ངོས་ནས་དབྱར་མཚོའི་དཔལ་ལ་འགྲན་པ་བྱུང་། སྐབས་དེར་དགེ་འདུན་པའི་ཞལ་གྲངས་ཆིག་བརྒྱ་ལྷག་ལ་འཕེལ་ཞིང་གྲྭ་བའི་སྒོམ་ཁང་དྲུག་ཅུ་ལྷག་ཙམ་ཡོད། འདི་བས་འཛིན་བདག་མཛད་པ་ནས་བཟུང་བླ་བྲང་ནས་སྐུ་ཚབ་ཟུར་དུ་མ་མངགས་པར་སྔ་ཕྱིར་ལོ་ངོ་ཉེར་བཞིའི་རིང་ཆོས་སྡེ་འདི་ལེགས་པར་བསྐྱངས། ། 
        ཆོས་སྡེ་འདི་འདེབས་པ་པོ་ནི་ཁམས་རིས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཆོས་སྲིད་གང་ངོས་ནས་བདག་སྐྱོང་གནང་བ་ཐེ་ཚོམ་མེད་ནའང་སྐུ་ཕྲེང་དྲུག་པའི་བར་གྱི་མཚན་དང་མཛད་རྗེས་སོགས་ཞིབ་ཏུ་འགོད་པར་དཔྱད་གཞི་མ་རྙེད་ལ། སྐུ་ཕྲེང་བདུན་པ་དགེ་འདུན་བཤད་སྒྲུབ་རྒྱ་མཚོས་ངོས་འཛིན་གནང་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བརྩེ་བས་བསྐྱངས། རབ་བྱུང་དང་བསྙེན་རྫོགས་ཀྱི་བླ་མའང་བླ་ཁོ་རིན་པོ་ཆེ་ཡིན། 
        ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དང་། དངུལ་ཆུ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་སོགས་བསྟེན་ཏེ་ཆོས་བཀའ་མང་དུ་གསན། པཎ་ཆེན་སྐུ་ཕྲེང་དགུ་པའི་སྐུ་གོང་མའི་མཁན་ཐོབ་ཀྱི་བཀའ་ཤོག་གནང་བ་ང་བརྒྱད་ཡར་སྔོན་དུ་ཡོད། དམ་པ་འདིའི་སྐུ་ཚེ་གང་བོར་ཐུགས་དམ་ཉམས་ལེན་ལ་བརྩོན་པའི་ངོས་དགོན་པའི་ཆོས་སྲིད་ཟུང་གི་བྱ་བ་མཐའ་དག་ལ་རྒྱབ་སྐྱོར་ཆེན་པོ་གནང་། ཀྲུང་གོ་གསར་བའི་སྐབས་སུ་མཚོ་ལྷོ་ཁུལ་སྲིད་གྲོས་ཁོངས་མིའི་འགན་འཁུར་ནས་བསྟན་པ་དང་སེམས་ཅན་ལ་ཕན་བདེ་བསྒྲུབས། 
        རིག་གསར་གྱི་རླུང་འཚུབ་ནང་དུ་སྐུ་ཚེགས་མང་པོ་མྱངས་པ་སྨོས་མ་དགོས་ལ་རབ་རྒྱལ་ལྕགས་ཕག་ཕྱི་ལོ1971ལོའི་ཟླ10ཚེས15ཉིན་རང་ཡུལ་རྡོ་ར་ནས་དགོངས་པ་རྫོགས། དེའི་སྤྲུལ་སྐུ་མཚོ་སྔོན་པོའི་ཉེ་འགྲམ་དུ་འཁྲུངས། ད་ལྟ་ཁྲིར་བཀོད་དེ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་གནང་བཞིན་ཡོད། དེ་ལས་གཞན་སྡེ་འདིར་ཕེབས་བཞུགས་མྱོང་ཞིང་བཀའ་དྲིན་ཆེ་བའི་སྐྱེས་ཆེན་དམ་པ་བྱང་ཀྱཱ་བླ་མ་དང་། ཨ་ཀྱཱ་ཚང་སྐུ་སྔ་ཕྱི། སྒོ་མེ་ཨ་ཇོ་ཚང་། སྐུ་ལོ་ཚང་། ཐོ་བ་ཚང་སོགས་དང་ཀུན་མཁྱེན་མཆོག་ནས་མངགས་པའི་རྒྱ་པཎ་ཐེག་ཆེན་སྨྱུང་གནས་པ་ཞུ་བ་ཉིན་མཚན་ཏུ་དགེ་སྦྱོར་ལ་ཆུ་བོའི་རྒྱུན་བཞིན་གཞོལ་བ་ཞིག་བཅས་དང་། རབ་རྒྱལ་ལྕགས་འབྲུག་ཡས་མས་སུ་དངུལ་ཆུ་རིན་པོ་ཆེ་སྡེ་འདིར་ཕེབས་ནས་རྒན་གཞོན་ཀུན་ལ་ཆོས་བཀའ་མང་དུ་གནང་བ་དང་། ད་ལྟའི་གཞི་བདག་གི་གར་འཆམ་གསར་འཛུགས་གནང་བ་སོགས་སྐུ་དྲིན་ཆེ། དེ་རྗེས་ལྷོ་རྒྱུད་བསྟན་པའི་སྒྲོན་མེ་བླ་ཁོ་རིན་པོ་ཆེ་སྡེ་འདིས་གདན་ཞུས་ལྟར་འཇམ་དབྱངས་སྒར་བར་བཞུགས་ནས་གཞིས་བྱེས་ཀྱི་མཇལ་བ་མང་པོར་ཕྱག་དབང་དང་འདོད་ཆོས་དུ་མས་གདུལ་བྱ་སོ་སོའི་ཡིད་ཀྱི་རེ་བ་ཡོངས་སུ་བསྐངས་ཏེ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་ཀྱིས་བཀའ་དྲིན་བླ་ལྷག་ཏུ་ཆེ། ། 
        རྟེན་དང་བརྟེན་པའི་སྐོར་ལ། ཚོགས་ཆེན་འདུ་ཁང་དང་བྱམས་ཁང་། བཙན་ཁང་བཅས་ཀྱི་ནང་དུ་གསེར་ཟངས་ལས་གྲུབ་པའི་དུས་འཁོར་གྱི་སྐུ་བྱིན་རླབས་ཀྱི་གཟི་འབར་བ་ཁྲུ་གང་ཙམ། བླ་བྲང་ནས་གདན་དྲངས་པའི་ཇོ་སྐུ་མི་ཚད་ཙམ། སྨན་འདམ་ལས་གྲུབ་པའི་ཀུན་རིག་གི་སྐུ་ཆེ་ལེགས་དང་བྱམས་པ། རྗེ་རིན་པོ་ཆེ། སྨན་བླ་བདེ་གཤེགས་བརྒྱད་སོགས་གསེར་ཟངས་ལས་གྲུབ་པའི་ཛམ་ལྷའི་སྐུ་ཁྲུ་གང་ཙམ་ལ་དངུལ་གྱི་དབུ་རྒྱན་གསེར་གྱི་པ་ཏྲས་བརྒྱན་པ། གཞན་ཡང་དངུལ་གྱི་ཛམ་ལྷའི་སྐུ་བྱོན་ལེགས་སོགས་དང་། ཐང་གའི་སྐོར་ལ། སངས་རྒྱས་ཀྱི་མཛད་བཅུ་དང་པཎ་ཆེན་འཁྲུངས་རབས་བཅས་ཀྱི་སྒྲིལ་ཤིང་སྣེ་གཉིས་དངུལ་གྱིས་བརྒྱན་པ། ཡུམ་འབུམ་པ་གསེར་བྲིས་མ་དང་བཀའ་འགྱུར་རིན་པོ་ཆེ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་བཞུགས། བཙན་ཁང་ནང་དུ་ཆོས་སྐྱོང་གི་སྐོར་ལ། དཔལ་ལྡན་ལྷ་མོའི་ཞལ་ཐང་། དམ་ཅན་མགར་ནག་དང་ཡུལ་ལྷ་གཉིས་ཀྱི་རྟེན་ཐང་སོགས་བཞུགས། གཞན་ཡང་ལྷ་ཁང་སོ་སོའི་ནང་མཆོད་པའི་ཡོ་བྱད་ཀྱི་སྐོར་ལ། པཎ་ཆེན་སྐུ་ཕྲེང་དགུ་བས་བསྩལ་བའི་དངུལ་ལྔ་བཅུ་མ་བཅུ་ལས་གྲུབ་པའི་དུང་ཆེན་ཆ་གཅིག་དང་། རྒྱ་གླིང་ཆ་གཅིག སྤོས་ཕོར་ཆ་གཉིས། མཎྜལ་བཅས་ཡོད། གཞན་དངུལ་རྐོང་ཆེ་ཆུང་མང་པོ། བླ་བྲང་བརྩོན་འགྲུས་ཀྱིས་གནང་བའི་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ཞེས་པ་ཞིག་དང་འཆི་བདག་རྒྱལ་པོའི་བཞད་སྒྲ་ཞེས་པའི་སྦུབས་ཆ། གདུགས་དང་རྒྱལ་མཚན་ཀ་ཕན་སོགས་དང་། འཆམ་གོས་ཞལ་འབག་སོགས་མཁོ་དགུའི་ཡོ་བྱད་མ་ཚང་བ་མེད་པ་རེ་རེ་ནས་བརྗོད་ཀྱིས་མི་ལང་བ་ཡོད། གཞན་ཡང་སྡེ་འདིར་སྒར་ཁག་གི་སྐོར་ལ་འཇམ་དབྱངས་སྒར་བ། ཁམས་རིས་སྒར་བ། བྱང་ཀྱཱ་སྒར་བ། ཨ་ཀྱཱ་སྒར་བ། ཨ་ཇོ་སྒར་བ། སྐུ་ལོ་སྒར་བ། མཐོ་བ་སྒར་བ་བཅས་སྒར་ཁག་བདུན་ཡོད་ལ་དེ་དག་གི་གཟིམ་ཆུང་དང་མཆོད་ཁང་ཀུན་དགའ་ར་བར་ཡང་སྐུ་གསུང་ཐུགས་རྟེན་གྱ་ནོམ་པ་བཞུགས། དགོན་པར་བདག་དབང་ཡོད་པའི་ས་ཞིང་མུའུ་བརྒྱ་ལྷག་ཡོད་པ་བཅས་ནི་ང་བརྒྱད་ཡར་སྔོན་གྱི་གནས་ཚུལ་ལོ། ། 
དེང་འདིར་ཉམས་པ་སླར་གསོ་བྱས་པའི་ཚུལ་ནི། མི་རིགས་ཆོས་ལུགས་སྲིད་ཇུས་དངོས་འབེབས་བྱས་པར་བརྟེན། རབ་རྒྱལ་ལྕགས་བྱ་ཕྱི་ལོ1981ལོར་རང་སའི་ཆོས་དད་མང་ཚོགས་ཀུན་གྱི་འདོད་མོས་བཞིན་གྲྭ་རྒན་ཁ་ཤས་ཕེབས་ནས་རང་འགུལ་གྱིས་གཞི་བཟུང་། རབ་རྒྱལ་ལྕགས་ཁྱི་ལོར་གོང་ནས་ཆོག་མཆན་གནང་སྟེ་གསང་སྔགས་བདེ་ཆེན་རབ་རྒྱས་གླིང་གི་ཆོས་སྒོ་ཕྱེས། དེ་ནས་དགོན་པ་འདིའི་ལྷ་སྡེ་རྫོང་མགོ་དང་རྡོ་ར་གོང་མ། སྟག་ལུང་དང་གཡག་ལུང་ཐང་མགོ་དང་ཐང་ཞོལ་མཛོ་སྣ་སྣེ་སྣ་བཅས་གཙོ་བྱས་པའི་དད་གཏོང་ཆེ་བའི་སྦྱིན་བདག་རྣམས་ཀྱིས་མ་བསྐུལ་དྭང་བླང་སྒོས་འདུ་ཁང་དང་བྱམས་ཁང་བཙན་ཁང་བཅས་རྟེན་དང་བརྟེན་པ་བཟོ་བཀོད་ཕུན་སུམ་ཚོགས་པར་གསར་བཞེངས་མཛད། 
        འདུ་ཁང་ནང་དུ་རྟེན་གྱི་གཙོ་བོ་སྟོན་པ་གཙོ་འཁོར་གསུམ་དང་རྗེ་ཡབ་སྲས་གསུམ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། ཇོ་བོ་ཤཱཀྱ་མུ་ནེ། དུས་འཁོར། ཀུན་རིག བྱམས་པ་སོགས་ཀྱི་འབག་སྐུ་དང་། གྱན་ཐང་བཅུ་གཉིས། ཐང་ཀ་བཅུ། བཀའ་འགྱུར་རིན་པོ་ཆེ་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་བཞུགས། བྱམས་ཁང་ནང་རྟེན་གྱི་གཙོ་བོ་རྣམ་འདྲེན་ལྔ་པ་མི་ཕམ་མགོན་པོའི་སྐུ་བརྙན་མཐོང་བ་དོན་ལྡན། དུས་འཁོར་དང་བདེ་གསང་འཇིགས་གསུམ་གྱི་ཐང་ཀ་བཅས་བཞུགས། བཙན་ཁང་ནང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་ཐང་དང་། ལྷ་མོ་དམག་ཟོར་མ། དམ་ཅན་མགར་ནག་ཡུལ་ལྷ་གསུམ་གྱི་འབག་སྐུ་བཅས་བཞུགས། ། 
        ད་ལྟ་གྲྭ་ཤག་སུམ་ཅུ་ལྷག་དང་གྲྭ་པ་བགྲེས་གཞོན་ལྔ་བཅུ་ལྷག་བཞུགས་པ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་ངོས་སྔོན་གྱི་ཕྱག་ལེན་བཞིན་ལོ་རེའི་ཆོས་ཐོག་གི་རིམ་པ་ནི། ཟླ་དང་པོར་སྨོན་ལམ་ཆེན་མོ་དང་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་ཆོས་སྐྱོང་རྣམས་ཀྱི་གར་འཆམ་དང་བྱམས་པ་གླིང་བསྐོར། ཟླ་གཉིས་པར་ཚོགས་མཆོད། ཟླ་གསུམ་པར་རྡུལ་ཚོན་ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད། མཇུག་ཏུ་དུས་འཁོར་གྱི་གར་འཆམ་དང་བཅས་པ། ཟླ་དགུ་བར་ཀུན་རིག་སྒྲུབ་མཆོད། ཚེས་བཅོ་ལྔའི་ཉིན་སྨན་བླའི་སྟོང་མཆོད། ཉེར་གཉིས་ཉིན་རབ་གནས་རྒྱས་པ། ཟླ་བཅུ་བར་ལྔ་མཆོད། ཟླ་བཅུ་གཅིག་པར་གཏོར་སྒྲུབ་དང་ཟླ་བཅུ་གཉིས་པར་ཟླ་ཟད་བསྐང་གསོ་དང་བཅས་ཚང་མའི་འདོན་རྟ་དབྱངས་གསུམ་དང་ཆོ་གའི་ཕྱག་ལེན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་ཇི་ལྟ་བ་བཞིན་མ་ནོར་བར་འཁོར་ལོ་གསུམ་གྱི་བྱ་བ་རྣམས་ཡར་ཟླ་བཞིན་འཕེལ་བ་དེང་སྐབས་ཀྱི་གནས་ཚུལ་ལོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-06

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།