གནའ་རྫས་རྟོག་ཞིབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་རྫས་རྟོག་ཞིབ།
གནའ་རྫས་རྟོག་ཞིབ་ཅེས་བརྗོད་ཚེ། མི་རྣམས་ཀྱི་སྣང་ངོར་ལྐོག་གྱུར་དང་རྒྱུས་མེད་ཅིག་ཡིན་ཤོས་ཆེ་མོད། དོན་དངོས་སུ་སློབ་འབྲིང་གི་ལོ་རྒྱུས་སློབ་དེབ་ཁྲོད་ནས་པེ་ཅིང་གི་གནའ་གནའ་བོའི་སྤྲ་མི་དང་། པན་ཕོའི་གདོད་མའི་ཚོ་བ། ཨེ་ཇིབ་ཀྱི་འདྲ་གཟུགས་ཡི་གེ། ཨ་ཧྥན་སིའི་འགོག་སྲུང་མཁར་སོགས་བསླབས་མྱོང་བ་དང་། འདི་དག་ཚང་མ་ནི་གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ་རེད། ལོ་རྒྱུས་རྟེན་མཛོད་ཁང་གི་བཤམས་སྟེགས་སུའང་རིག་དངོས་འདྲ་མིན་མང་བོ་བཤམས་ཡོད་པ་ལས་མང་ཆེ་བ་ནི་གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
考古
ཕྱི་ཡིག་གི་མིང་།
Archaeology
ཞིབ་འཇུག་བྱེད་ཡུལ།
གནའ་མིའི་འཚོ་བའི་རྗེས་ཤུལ་དང་དངོས་རྫས།
གཞི་རྩའི་བྱེད་ཐབས།
ས་རིམ་རིག་པ། རྣམ་པ་རིག་པ།
1 ངོ་སྤྲོད།

གནའ་རྫས་རྟོག་ཞིབ་ནི་གནའ་ཤུལ་དང་གནའ་རྫས་གཞིར་བཟུང་ནས་གནའ་བོའི་ལོ་རྒྱུས་ཕྱིར་དྲན་བྱེད་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་ལོ་རྒྱུས་ཞིབ་འཇུག་གི་ཆེད་དུ་ཡིན། གནའ་རྫས་སྔོག་འདོན་ནི་ཧ་ཅང་ཞིབ་ཚགས་ཆེ་བའི་ལས་ཤིག་ཡིན་ཞིང་། དུས་རབས18པའི་དུས་མཇུག་ནས་ཡོ་རོབ་གླིང་དུ་གནའ་རྫས་སྔོག་འདོན་བྱས་ཡོད་ཀྱང་། ཆེས་ཐོག་མར་དེ་ནི་རིན་ཆེ་བའི་གནའ་རྫས་འཚོལ་བའི་སླད་ཁོ་ན་ཡིན་ལ། དེའི་རྐྱེན་གྱིས་གནའ་ཤུལ་མང་བོ་ཞིག་ལ་གཏོར་བརླག་ཐེབས། དེའི་རྗེས་སུ་དུས་རབས19བའི་ལོ་རབས60བར་དབྱི་ཐ་ལིའི་གནའ་རྫས་རྟོག་ཞིབ་མཁནG.ཧྥེ་ཨོ་ལེ་ལེ་ཡིས་ཕང་བྷེ་གནའ་མཁར་སྔོག་འདོན་བྱས་པས། ད་གཟོད་ཆེས་ཐོག་མར་གནའ་ཤུལ་གྱི་རྣམ་པ་སོར་འཇོག་བྱ་རྒྱུ་དམིགས་ཡུལ་དུ་བཞག དེའི་རྗེས་སུ་ཐེ་ལོ་ཡིའའི་གནའ་མཁར་རྟོགས་པའི་འཇར་མན་གྱི་གནའ་རྫས་རྟོག་ཞིབ་པH.ཞེ་ལེ་མན་གྱིས་གནའ་རྫས་སྔོག་འདོན་བྱེད་པར་ཚན་རིག་གི་ཟིན་ཐོ་དགོས་པ་གཏན་ལ་ཕབ་པ་དང་། མཁས་པ་འདི་གཉིས་ཀྱིས་ད་དུང་ས་རིམ་རིག་པའི་རྣམ་གཞག་སྤྱད་དེ་རིམ་ན་ལྟར་སྔོག་འདོན་བྱས་པས། གནའ་རྫས་སྔོག་འདོན་དེ་ཚན་རིག་གི་ལམ་བུར་བསྐྱོད་པར་བྱས།

གནའ་མི་དག་ཡུན་རིང་འཚོ་སྡོད་བྱེད་པའི་གནས་སུ། འཛུགས་སྐྲུན་གྱི་རྗེས་ཤུལ་དང་དངོས་པོ་གཞན་པ་འདྲེས་པའི་ས་རིམ་སྤུངས་ཡོད་པ་དེར་རིག་གནས་རིམ་པ་ཞེས་ཟེར་བ་དང་། དུས་ཡུན་རིང་བོ་ཕྱིན་པ་ན། དེ་དག་རིམ་པ་ལྟར་བརྩེགས་ཏེ། སྔ་མའི་དུས་ཀྱི་དངོས་པོ་རྣམས་འོག་རིམ་དུ་མནན་པ་དང་། ཕྱི་མའི་དུས་ཀྱི་དངོས་པོ་རྣམས་དེའི་སྟེང་དུ་བརྩེགས་འགྲོ་བས། གལ་ཏེ་གང་འདོད་དུ་བརྐོས་ཚེ། དུས་སྐབས་མི་འདྲ་བའི་དངོས་པོ་དག་མཉམ་བསྲེས་བྱས་ཏེ་ཞིབ་འཇུག་གི་རིན་ཐང་ཡལ་འགྲོ་ཞིང་། ཕྱི་མ་ནས་སྔ་མའི་དུས་ཀྱི་རིམ་པ་རེ་རེ་བཞིན་ཕྱིར་བཏོན་ན་ད་གཟོད་དུས་སྐབས་མི་འདྲ་བའི་དངོས་པོ་དག་གི་ཁྱད་པར་འབྱེད་ཐུབ་པ་དང་། དུས་སྐབས་གང་དུ་གཏོགས་མིན་གྱི་སྔ་ཕྱི་གསལ་བོར་འབྱེད་ཐུབ། དེར་བརྟེན། གནའ་རྫས་རྟོག་ཞིབ་ཀྱི་བྱ་བའི་ཁྲོད་དུ་རིམ་པ་ལྟར་སྔོག་པའི་བྱ་ཐབས་རྒྱུན་སྐྱོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། ། ཕུགས་བསམ་ཁྲོད་ཀྱི་སྔོག་གནས་དེ་འཚོལ་ཕྱིར། གནའ་རྫས་རྟོག་ཞིབ་པ་དག་གིས་གནམ་གྲུ་དང་མིས་བཟོས་འཁོར་སྐར་སྤྱད་དེ་རྒྱང་གི་རྒྱུ་ཆ་ལེན་ཐབས་བྱེད་ཀྱི་ཡོད་པ་དང་། དངོས་ལུགས་འཚོལ་དཔྱད་ཀྱི་ལག་རྩལ་སྤྱད་དེ་ས་འོག་ཏུ་གནའ་རྫས་སྦས་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་ཡོད། སྔོག་འདོན་གྱི་ལས་ཡུལ་དངོས་སུ་ལས་ཀར་གོ་རིམ་ཧ་ཅང་ལྡན་ཏེ། ལས་ཡུལ་དུ་གྲུ་བཞི་དབྱིབས་ཀྱི་ས་དོང་རེ་རེ་བཞིན་གྲལ་སྟར་བསྒྲིགས་ཡོད་ཅིང་། དེ་ནི་སྔོན་དུ་འཆར་གཞིར་བཀོད་པའི་སྔོག་འདོན་གྱི་སྡེ་ཚན་ཡིན་ལ། དེར་འཚོལ་ཕྱོགས་ཞེས་བརྗོད། སྔོག་འདོན་པ་དག་གིས་འཚོལ་ཕྱོགས་ནས་ལས་ཀ་སྒྲུབ་ཅིང་ས་རིམ་ཞིབ་ཕྲ་དབྱེ་འབྱེད་བྱས་ནས་གནའ་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་སྔོག་འདོན་བྱེད་ཞོར་དུ་ཡི་གེས་ཟིན་ཐོ་འགོད་ཀྱི་ཡོད་ལ། སྐབས་ལ་རེར་ད་དུང་ཐིག་རིས་འབྲི་བ་དང་པར་ལེན་པ་སོགས་ཀྱང་བྱེད་ཀྱི་འདུག སྔོག་འདོན་མཇུག་རྫོགས་རྗེས། རྒྱུ་ཆ་ལེགས་སྒྲིག་བྱས་ཏེ་གནའ་རྫས་རྟོག་ཞིབ་ཀྱི་སྙན་ཞུ་འབྲི་དགོས། ཡང་སྐབས་རེར་གནའ་རྫས་རྟོག་ཞིབ་པ་དག་གིས་སྔོག་འདོན་བྱས་ཟིན་པའི་རྗེས་ཤུལ་སྲུང་སྐྱོབ་བྱས་ཏེ་མི་རྣམས་ལ་ལྟ་སྐོར་བྱེད་དུ་འཇུག་གི་ཡོད། མིང་དུ་གྲགས་པའི་ཞི་ཨན་གྱི་པན་ཕོ་རྟེན་མཛོད་ཁང་དང་པེ་ཅིང་ཏཱ་པའོ་ཐའེ་ཧན་བང་སོའི་རྟེན་མཛོད་ཁང་ནི་འདི་ལྟ་བུའི་རྗེས་ཤུལ་རེད། དུས་རབས20བའི་ལོ་རབས50བའི་རྗེས་སུ། ཆུ་འོག་གི་གནའ་རྫས་རྟོག་ཞིབ་ལག་རྩལ་འཕེལ་རྒྱས་ཕྱིན་ཞིང་། དེ་ནས་བཟུང་གནའ་རྫས་སྔོག་འདོན་དེ་སྐམ་ས་ནས་ཆུ་ནང་དུ་རྒྱ་བསྐྱེད་མགོ་བརྩམས།

ལོ་ངོ་བརྒྱ་ལྷག་གི་རིང་ལ། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གནའ་རྫས་རྟོག་ཞིབ་པ་ལ་ཧ་ལས་པའི་གྲུབ་འབྲས་ཐོན་ཡོད་པ་དང་། ཁོ་ཚོས་ནེ་ཨན་ཏི་ཐིའི་མི་དང་པེ་ཅིང་སྤྲ་མིའི་འགྱུར་རྡོ་ཤེས་རྟོགས་བྱུང་སྟེ། མིའི་རིགས་ཀྱི་ཡབ་མེས་ནི་སྤྲ་མི་ཡིན་པ་བདེན་དཔང་བྱས་པས། དཀོན་མཆོག་གིས་མི་སྐྲུན་པའི་ལྷ་སྒྲུང་རྩིས་མེད་དུ་བཏང་བ་རེད། ཧྥེ་གླིང་དུ་ལོ་ངོ་ཁྲི400སྔོན་གྱི་ལྷོ་ཕྱོགས་སྤྲ་མིའི་འགྱུར་རྡོ་དང་ཕལ་ཆེར་ལོ་ངོ་ཁྲི200སྔོན་གྱི་གནའ་བོའི་རྡོ་ཆས་རྙེད་བྱུང་ལ། ཁོ་ཚོས་ད་དུང་ཡ་གླིང་ནུབ་མ་དང་ཀྲུང་གོའི་སྔ་དུས་ཀྱི་ཞིང་ལས་རིག་གནས་ལ་ཞིབ་འཇུག་བྱས་ཏེ། ལོ་ངོ་ཁྲི་གཅིག་གི་སྔོན་དུ་གདོད་མའི་མིས་གྲོ་དང་ཆ་འབྲས་འདེབས་གསོ་བྱས་ཡོད་པ་ཡང་ཤེས་བྱུང་། དཀའ་ཚེགས་ཆེ་བའི་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀས་ད་དུང་སྐམ་ས་རྙིང་བ་དང་སྐམ་ས་གསར་བའི་གནའ་བོའི་ཤེས་རིག་གི་རྗེས་ཤུལ་དང་། མེ་སོ་པུ་ཏ་མེ་ཡ་ཤེས་རིག་དང་ནེ་ལོ་གཙང་བོའི་ཤེས་རིག ཁུ་རེ་ཐི་ཤེས་རིག ཧིན་རྡུ་ཆུ་བོའི་འབབ་ཡུལ་གྱི་ཤེས་རིག དབྱིན་ཧྲང་གི་ཤེས་རིག དབྱིན་ཏི་ཨན་མིའི་ཤེས་རིག་བཅས་ཀྱི་མགོ་བཙུགས་བྱུང་བས། དེ་དག་གི་རྡུལ་སྤྲིན་ལྟ་བུའི་ལོ་རྒྱུས་དེའམ་རིམ་གྱིས་མི་རྣམས་ལ་ཤེས་སུ་བཅུག

དུས་རབས20བའི་ལོ་རབས50བའི་རྗེས་སུ། ཀྲུང་གོའི་གནའ་རྫས་རྟོག་ཞིབ་པ་དག་གི་གྲུབ་འབྲས་ཀྱང་ཀུན་གྱིས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། ཡང་ཧྲོ་སྡེ་བ་དང་ལུང་ཧྲན་གནའ་མཁར། ཚིན་ཧུའུ་ཡུས་བང་སོ། མཱ་ཝང་ཏེ་ཧན་བང་སོ། རྒྱལ་ཁབ་གསུམ་གྱི་སྨྱུག་ལེབ་དཔེ་ཆ། ཐང་གི་ཁྲང་ཨན་མཁར། ཡོན་གྱི་གྲོང་ཁྱེར་སོགས་མཚན་སྙན་འཛམ་གླིང་ལ་ཁྱབ་པའི་གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ་རབ་དང་རིམ་པ་འདི་དག་གིས་མི་རྣམས་ཀྱི་ཀྲུང་གོའི་གནའ་རབས་ལོ་རྒྱུས་ཀྱི་ངོས་འཛིན་བསྒྱུར་ཅིང་ཀྲུང་ཧྭའི་གནའ་བོའི་ཤེས་རིག་ལ་གཟི་མདངས་སྔ་ན་མེད་པ་ཞིག་བསྣན་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།