མགོ་རའི་ཡུལ་ལྷའི་ལྷ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1996ལོར་མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཀེ་ཀྱཱ་རིན་པོ་ཆེ་མཆོག་གི་ཞབས་སོར་ཐེངས་དང་པོར་རྫོང་འདིར་བཀོད་དུས། འབུམ་རྩེ་རྒྱལ་དང་ཡེ་ཤེས་གཉིས་ཀྱིས་སྡེ་བ་འདིའི་སྔ་རྟིང་གི་སྐྱིད་སྡུག་ཞུས། ཁོང་གིས་ཁྱེད་ཚོ་སྡེ་བའི་གཞི་བདག་གང་ཡིན་གྱི་བཀའ་འདྲི་གནང་བའི་ལན་དུ་འདི་ཞེས་བྱ་བ་ཞིག་མེད་ཚུལ་ཞུས་པར་ཁོང་གིས་དགོངས་བརྟགས་ཀྱིས་ཡུལ་ལྷ་གཉན་པོ་འདི་བསྟེན་ན་བཟང་ངོ་ཆེ་བ་སོགས་གང་དེའི་ཞལ་བཀོད་གནང་བ་བཞིན་སྤྱི་ལོ1985ལོའི་ཟླ་བརྒྱད་པར་སྡེ་གཞུང་ནས་རེབ་གོང་སེང་གེ་གཤོང་ཡ་མགོའི་ལྷ་བཟོ་ཤྭ་བོ་ཐར་ལ། དབུས་སུ་འཇམ་དབྱངས་ནག་པོའི་སྤྲུལ་བ་གང་ཉིད་དང་། གཡས་སུ་ཤན་པ་ཙི་ཐུང་གཡོན་དུ་ཤན་པ་ར་མགོ། གོང་གི་གཡས་སུ་སྐྱབས་རྗེ་གསེར་ཁང་བ། གཡོན་དུ་ཀེ་ཀྱཱ་རིན་པོ་ཆེ་བཞུགས་པའི་བྲིས་ཐང་ལེགས་པོ་ཞིག་བཞེངས་སུ་བཅུག ལྷ་བཟོ་མཆོག་ཉིད་ཀྱིས་ཞལ་ཐང་འདི་བཞེངས་ནས་གཙོ་སྐུའི་སྤྱན་འབྱེད་སྐབས་སུ་གློ་བུར་དུ་ཆར་ཞོད་བབས་ཏེ་འབྲུག་སྒྲས་ནམ་མཁའ་འགེངས་པར་བྱས་ཤིང་སྤྱན་ཕྱེས་རྗེས་ཉི་འོད་ཀྱི་འཛུམ་རིས་ནོར་འཛིན་བུ་མོའི་ཁྱོན་དུ་སྤྲོས་པ་སོགས་སྐྱབས་གནས་དཔུང་གཉེན་བྱེད་པའི་མཚན་མ་བཟང་བོས་མངོན་པར་དགེ་ཞིང་ཞལ་ཐང་འདི་ཉིད་ལེགས་པར་གྲུབ་རྗེས་དཔོན་པོ་ཉི་མ་དང་འབུམ་རྩེ་རྒྱལ། བསྟན་པ་རྒྱ་མཚོ་བཅས་ཀྱིས་ལོ་དེའི་ཟླ་དྲུག་པར་མཁའ་གྲུབ་ཆེན་པོ་སྐྱབས་རྗེ་ཀེ་ཀྱཱ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་རབ་གནས་ཀྱི་བཀའ་དྲིན་སྐྱོང་བའི་རེ་ཞུས་དོན་སྨིན་བཞིན་གང་གི་གཟིམ་ཆུང་དུ་ཞག་གསུམ་བཞག་སྟེ་བཀའ་བསྒོས་དམ་བཞག་མཛད་ནས་ཞལ་ཐང་གི་རྒྱབ་ངོས་གཡས་གཡོན་དུ་དམ་པ་ཁོང་གི་ཕྱག་གི་རི་མོ་མངོན་པར་བཀོད་ཅིང་དབུས་ཀྱི་གནས་གསུམ་གྱི་ཐད་དུ་འབྲུ་གསུམ་གྱི་ཡི་གེ་ཕྱག་བྲིས་གནང་ནས་ལྷ་རྫས་གོས་བཏགས་སྲིད་དུ་རིང་བ་ཞིག་དང་བཅས་འདི་ལ་དམར་བསུར་ཉུང་ངུ་དང་དཀར་གསུམ་གྱིས་དགྱེས་རྒུར་མཆོད་ན་མི་རེ་རེ་བཞིན་མིན་ཡང་ཐུན་མོང་ལ་མགོན་སྐྱབས་གནད་དུ་སྨིན་པ་བྱེད་ཅིང་ལྷ་ཁང་ནི་སྡེ་བའི་ཆགས་ཚུལ་དང་ལྟ་ཕྱོགས་མཐུན་པར་རྒྱབ་ངོས་ཀྱི་གོང་དུ་མ་ཡིས་བུ་ཆུང་རུམ་སྟེ་གཟིམས་པའི་ཚུལ་དུ་བཞེངས་ནས་ལེགས་གསུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郭热尤拉拉康
བཞེངས་ལོ།
སྤྱི་ལོ1985ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་མང་རྫོང་མང་ཆུ་གྲོང་རྡལ།
གནས་ཡུལ།
མང་ཆུ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཡོད།
1 ​ངོ་སྤྲོད།

འགྲོ་བའི་སྤྱི་མཐུན་གྱི་ལས་དབང་ངམ་ཡང་ན་སྙིགས་མའི་དུས་ཀྱི་རྒུད་པ་མངོན་དུ་ཕྱོགས་པ་གང་ལྟར་ཡང་ཡུལ་འདིར་ལོ་དུ་མའི་རིང་ལ་སད་སེར་གྱི་ཐན་སྐྱོན་བསྟུད་མར་བྱུང་བས་སོ་ཚིས་ཀྱི་འབད་པ་འབྲས་མེད་དུ་གྱུར་ཅིང་། འཚོ་བ་ཡག་པོ་མ་བྱུང་བ་ལ་བརྟེན་ནས་སྤྱི་ལོ1984ལོའི་ཟླ་བཅུ་བའི་ཚེས་གསུམ་ཉིན་སྡེ་འདིའི་རྒན་གཞོན་བར་མ་ཐམས་ཅད་གཅིག་ཏུ་ཚོགས་སྟེ་སོ་ཚིས་ཀྱི་ཐད་ལ་གྲོས་མོལ་དོན་ལྡན་དུ་བགྱིད་པ་ལས་ཀུན་ཀྱང་སད་སེར་གྱི་སྲུང་འཁོར་དགོས་པའི་མོལ་བ་གཅིག་ཏུ་བྱུང་ཞིང་། འབུམ་རྩེ་རྒྱལ་སྲུང་འཁོར་འཚོ་བར་བྱ་ཁྱུང་དང་སྐུ་འབུམ་སོགས་སུ་འགྲོ་བར་ཐག་བཅད་པ་བཞིན་ཁོ་རང་སྐུ་འབུམ་བྱམས་པ་གླིང་དུ་འབྱོར་རྗེས་སེར་འཁོར་འདོད་མོས་བཞིན་ལག་ཏུ་ཐོན་ཞིང་མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཀེ་ཀྱཱ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་རབ་གནས་ཀྱི་བཀའ་དྲིན་བསྐྱངས། བད་འཁོར་གྱི་སླད་དུ་བྱ་ཁྱུང་སོགས་སུ་སོང་ནས་ནུས་པ་ཡོད་རྒུ་བཏོན་ནའང་འབྲས་མེད་དུ་གྱུར། འོན་ཀྱང་སེར་འཁོར་ལ་སྐུ་འབུམ་དང་བྱ་ཁྱུང་གཉིས་ཀྱི་དགེ་འདུན་རྒྱ་མཚོའི་རབ་གནས་ཀྱི་སྐལ་བ་སྨིན་པར་བྱས་ཏེ་གདན་འདྲེན་ཞུས།

སྤྱི་ལོ1989ལོར་བྱ་ཁྱུང་བཅའ་སོ་ཨ་ཁུ་ཐབས་མཁས་ཚང་དགོན་པ་ཉམས་གསོའི་ཕྱིར་དུ་ས་ཕྱོགས་འདིར་འབུལ་སྡུད་དུ་ཕེབས་དུས། རྫོང་བོད་སྨན་ཁང་གི་འབུམ་རྩེ་རྒྱལ་ལ་འབུལ་སྡུད་ཐད་ཀྱི་མཐུན་འགྱུར་རོགས་རམ་དགོས་ཚུལ་གསུངས་པར་ཁོས་དེའི་ཐད་ལ་རྒྱུ་ནོར་དང་མཐུན་རྐྱེན་གང་ནུས་ཕུལ་ཏེ་བད་འཁོར་ཞིག་ཅིས་ཀྱང་ཐུགས་ལ་འཇགས་ཞེས་གསོལ་བ་ནན་གྱིས་བཏབ་པ་བཞིན་གོ་གཅིག་ལོར་གནང་ཞིང་། དེ་ནས་བཟུང་སད་སེར་གྱི་ཐན་སྐྱོན་ལས་ཡོངས་སུ་གྲོལ་ཏེ་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་པ་འདི་བཞིན་གཡུར་དུ་ཟ་བའི་འབྲུ་སྣ་ལྔ་ཡི་འཕེལ་ཁ་རྒྱས་ཏེ་འཇིག་རྟེན་སོ་ཚིས་ཐད་ནས་དཔལ་དང་འབྱོར་བ་ཡར་ལྡན་དུ་འགྲོ་བཞིན་པ་ལགས་སོ།།

སྤྱི་ལོ1996ལོར་མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཀེ་ཀྱཱ་རིན་པོ་ཆེ་མཆོག་གི་ཞབས་སོར་ཐེངས་དང་པོར་རྫོང་འདིར་བཀོད་དུས། འབུམ་རྩེ་རྒྱལ་དང་ཡེ་ཤེས་གཉིས་ཀྱིས་སྡེ་བ་འདིའི་སྔ་རྟིང་གི་སྐྱིད་སྡུག་ཞུས། ཁོང་གིས་ཁྱེད་ཚོ་སྡེ་བའི་གཞི་བདག་གང་ཡིན་གྱི་བཀའ་འདྲི་གནང་བའི་ལན་དུ་འདི་ཞེས་བྱ་བ་ཞིག་མེད་ཚུལ་ཞུས་པར་ཁོང་གིས་དགོངས་བརྟགས་ཀྱིས་ཡུལ་ལྷ་གཉན་པོ་འདི་བསྟེན་ན་བཟང་ངོ་ཆེ་བ་སོགས་གང་དེའི་ཞལ་བཀོད་གནང་བ་བཞིན་སྤྱི་ལོ1985ལོའི་ཟླ་བརྒྱད་པར་སྡེ་གཞུང་ནས་རེབ་གོང་སེང་གེ་གཤོང་ཡ་མགོའི་ལྷ་བཟོ་ཤྭ་བོ་ཐར་ལ། དབུས་སུ་འཇམ་དབྱངས་ནག་པོའི་སྤྲུལ་བ་གང་ཉིད་དང་། གཡས་སུ་ཤན་པ་ཙི་ཐུང་གཡོན་དུ་ཤན་པ་ར་མགོ། གོང་གི་གཡས་སུ་སྐྱབས་རྗེ་གསེར་ཁང་བ། གཡོན་དུ་ཀེ་ཀྱཱ་རིན་པོ་ཆེ་བཞུགས་པའི་བྲིས་ཐང་ལེགས་པོ་ཞིག་བཞེངས་སུ་བཅུག ལྷ་བཟོ་མཆོག་ཉིད་ཀྱིས་ཞལ་ཐང་འདི་བཞེངས་ནས་གཙོ་སྐུའི་སྤྱན་འབྱེད་སྐབས་སུ་གློ་བུར་དུ་ཆར་ཞོད་བབས་ཏེ་འབྲུག་སྒྲས་ནམ་མཁའ་འགེངས་པར་བྱས་ཤིང་སྤྱན་ཕྱེས་རྗེས་ཉི་འོད་ཀྱི་འཛུམ་རིས་ནོར་འཛིན་བུ་མོའི་ཁྱོན་དུ་སྤྲོས་པ་སོགས་སྐྱབས་གནས་དཔུང་གཉེན་བྱེད་པའི་མཚན་མ་བཟང་བོས་མངོན་པར་དགེ་ཞིང་ཞལ་ཐང་འདི་ཉིད་ལེགས་པར་གྲུབ་རྗེས་དཔོན་པོ་ཉི་མ་དང་འབུམ་རྩེ་རྒྱལ། བསྟན་པ་རྒྱ་མཚོ་བཅས་ཀྱིས་ལོ་དེའི་ཟླ་དྲུག་པར་མཁའ་གྲུབ་ཆེན་པོ་སྐྱབས་རྗེ་ཀེ་ཀྱཱ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་རབ་གནས་ཀྱི་བཀའ་དྲིན་སྐྱོང་བའི་རེ་ཞུས་དོན་སྨིན་བཞིན་གང་གི་གཟིམ་ཆུང་དུ་ཞག་གསུམ་བཞག་སྟེ་བཀའ་བསྒོས་དམ་བཞག་མཛད་ནས་ཞལ་ཐང་གི་རྒྱབ་ངོས་གཡས་གཡོན་དུ་དམ་པ་ཁོང་གི་ཕྱག་གི་རི་མོ་མངོན་པར་བཀོད་ཅིང་དབུས་ཀྱི་གནས་གསུམ་གྱི་ཐད་དུ་འབྲུ་གསུམ་གྱི་ཡི་གེ་ཕྱག་བྲིས་གནང་ནས་ལྷ་རྫས་གོས་བཏགས་སྲིད་དུ་རིང་བ་ཞིག་དང་བཅས་འདི་ལ་དམར་བསུར་ཉུང་ངུ་དང་དཀར་གསུམ་གྱིས་དགྱེས་རྒུར་མཆོད་ན་མི་རེ་རེ་བཞིན་མིན་ཡང་ཐུན་མོང་ལ་མགོན་སྐྱབས་གནད་དུ་སྨིན་པ་བྱེད་ཅིང་ལྷ་ཁང་ནི་སྡེ་བའི་ཆགས་ཚུལ་དང་ལྟ་ཕྱོགས་མཐུན་པར་རྒྱབ་ངོས་ཀྱི་གོང་དུ་མ་ཡིས་བུ་ཆུང་རུམ་སྟེ་གཟིམས་པའི་ཚུལ་དུ་བཞེངས་ནས་ལེགས་གསུངས།

དེ་ལྟར་ཁོང་གི་དགོངས་བཀོད་ལྟར་ལྷ་ཁང་ལེགས་པར་གྲུབ་རྗེས་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཀེ་ཀྱཱ་རིན་པ་ཆེ་མཆོག་གི་ཞལ་སྔ་ནས་ཀྱིས་སྤྱི་ལོ1996ལོར་རྫོང་འདིར་ཞབས་ཟུང་གི་རི་མོ་བཀོད་དུས་སྡེ་བས་གདན་ཞུས་བཞིན་གནས་འདིར་ཆིབས་ཁ་བསྒྱུར་ཏེ་རྟེན་དང་བརྟེན་པར་མེ་ཏོག་གིས་ཆར་ཕབས་ཤིང་རབ་གནས་མཛད་དེ་གོས་བཏགས་སྔོན་པོ་ཞིག་གནང་། དཔོན་པོ་ཉི་མ་ཚང་ནས་དཀར་ཟས་ཀྱི་གདུགས་ཚོད་བཞེས་ནས་སྤྱན་རས་གཟིགས་ཀྱི་ཐུགས་རྟེན་ཡི་གེ་དྲུག་མའི་རང་སྒྲ་འབར་བའི་མ་ཎིའི་ཁང་དུ་ཆོས་ཀྱི་ཆར་བས་རིས་སུ་མེད་པའི་སྐྱེ་འགྲོའི་ཡིད་ཀྱི་ཞིང་ས་བརླན་པར་མཛད་ཅིང་། ལོ་ལོན་རྣམས་ལ་འཕོ་ལུང་གནང་ནས་མཇལ་ཁ་གནང་བ་སོགས་རྣམ་དཀར་གྱི་མཛད་པ་བཟང་བོས་འགྲོ་ཀུན་གྱི་འཕྲལ་ཕུགས་ཀྱི་དཔལ་ལ་འགོད་པའི་བཀྲ་ཤིས་པའི་སྐྱ་རེངས་ཉི་མ་ཡང་འཆར་བར་གྱུར་ཏོ།།

མདོར་ན་དད་བརྩོན་དང་ལྡན་པའི་བསྟན་པ་རྒྱ་མཚོ་དང་འབུམ་རྩེ་རྒྱལ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་སྦྱོར་གཙང་མས་བརྩོན་པ་ཁུར་དུ་བླངས་ཤིང་སྡེ་བ་འདིའི་སྤྱི་མཐུན་གྱི་ལས་དབང་དང་ཆེ་ཆུང་མཐའ་དག་གི་ལྷག་བསམ་རྣམ་པར་དག་པའི་བགོ་སྐལ་དུ་ཐོབ་པའི་འཇམ་དཔལ་ནག་པོའི་ཐུགས་ཀྱི་སྤྲུལ་བའི་ཡུལ་ལྷ་འདི་ཉིད་གྲུབ་པའི་དབང་ཕྱུག་གང་ཉིད་ཀྱིས་གཏད་གཉེར་བཞིན་ཚུལ་བཞིན་བསྟེན་པ་ལ་སྡོངས་གྲོགས་དང་མགོན་སྐྱབས་གཡེལ་བ་མེད་ཅིང་རྒྱབ་ཀྱིས་ཕྱོགས་པར་བཀའ་ཆད་འབྱུང་བ་ཐེ་ཚོམ་མེད་པས་སྡེ་བ་འདིའི་རིགས་ཀྱི་མེ་ཏོག་གྱུར་བའི་རྗེས་རབས་པ་རྣམས་ཀྱིས་ཇི་བཞིན་དུ་བསྟེན་ཅིང་སད་སེར་སྲུང་འཁོར་གཅེས་ནོར་དུ་ཤེས་ནས་འཕྲལ་ཕུགས་ཀྱི་དགེ་ལེགས་མ་ལུས་ལྷུན་གྱིས་འགྲུབ་པའི་སྙིང་སྟོབས་ཀྱི་གོ་ཆ་ཕྲག་ཏུ་བཞེངས་པར་བྱའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།