གཙོས་རྒྱལ་མཚན་སེང་གེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་དགའ་ལྡན་གསེར་ཁྲིའི་ཁྲི་རབས་ང་གསུམ་པ་ཡིན་ཞིང་། རབ་བྱུང་བཅུ་གཅིག་པའི་ས་རྟ(སྤྱི་ལོ1678)ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་བྱི(སྤྱི་ལོ1756)ལོར་སྐུ་གཤེགས། ཆུང་དུས་ནས་རབ་ཏུ་བྱུང་། དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་ཀུན་མཁྱེན་སོགས་མཁས་པ་མང་པོར་བསྟེན་ནས་སྨོན་ལམ་གྲྭ་སྐོར་མཛད་ཅིང་མཁས་པའི་ཡང་རྩེར་སོན། རྒྱུད་ཁྲི་དང་ཤར་རྩེ་ཟུང་འབྲེལ་དུ་ལོ་གསུམ་དུ་བསྐྱངས། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་མཆོག་དང་ཐུགས་འབྲེལ་ཟབ་མོར་གྱུར། གཙོས་བླ་བྲང་གི་གཞི་བཟུང་། དེའི་ཕྱི་ལོ་བླ་བྲང་དབང་ལྡན་ལྷུན་པོར་བཞུགས་ནས་མཚན་ཉིད་ཀྱི་འཆད་ཉན་བཙུགས་ཏེ་གདན་སའི་མཐིལ་མཛད་དོ།།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1678-1756)
གྲུབ་མཐའ།
དགེ་ལུགས་པ།
འཁྲུངས་ཡུལ།
མདོ་སྨད་ཟམ་ཚ།
1 ངོ་སྤྲོད།

གཙོས་རྒྱལ་མཚན་སེང་གེ་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ(སྤྱི་ལོ1678)ལོར་མདོ་སྨད་ཟམ་ཚའི་ཀ་དེའུ་མགོར་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་ཏྰ་དབོན་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་། དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་ཀུན་མཁྱེན་མཆོག་གི་དྲུང་ནས་བསྡུས་གྲྭའི་བརྩི་བཞག་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་དང་བསྙེན་རྫོགས་ཞུས། དགུང་ལོ་སོ་དགུ་པར་སྨོན་ལམ་གྲྭ་སྐོར་མཛད། ཅུང་གར་རྩོད་པའི་དུས་སུ་མཁས་པའི་ཡང་རྩེར་སོན་པས་ཟླ་བ་རྒྱལ་མཚན་པའི་གདན་ས་གོང་བོ་འབྲུ་ལའི་མཁན་པོར་བསྐོས། ཁྲི་ཟུར་ནས་རྒྱུད་སྟོད་ཆོས་གྲྭར་ཞུགས་ཏེ་གསང་ཆེན་སྔགས་ལ་སྦྱངས་ཤིང་དགུང་ལོ་ཞེ་དགུ་བར་བླ་མ་དབུ་མཛད་ཐོན། དགུང་ལོ་ང་གཅིག་པར་རྒྱུད་ཁྲི་དང་ཤར་རྩེ་ཟུང་འབྲེལ་དུ་ལོ་གསུམ་དུ་བསྐྱངས། དགུང་ལོ་ང་བཞི་བ་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་བྱི་ལོ་སྟེ(སྤྱི་ལོ1732)ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་བདུན་གྱི་རིང་དུ་གདན་ས་བསྐྱངས། དགའ་ལྡན་ཆོས་རྒྱལ་གྱི་ལྗགས་ལ་ཞིག་གསོ་དང་ན་བཟའ་རུས་རྒྱན་གསར་བ་ཕུལ། ཁྲི་ཟུར་ནས་སེམས་དཔའ་ཆེན་པོ་གཞོན་ནུ་འོད་ཀྱི་གསན་སར་ལོ་བརྒྱད་བཞུགས། དགའ་ལྡན་དུ་གསེར་དངུལ་སྲང་མང་པོས་བྱང་ཆུབ་མཆོད་རྟེན་བཞེངས། འདུ་ཁང་སྟེང་དུ་དངུལ་སྲང་སྟོང་གིས་བསྒྲུབས་པའི་གསེར་གྱི་རྒྱལ་མཚན་ཆ་བཞག་རྗེའི་སྐུ་དང་བཀའ་འགྱུར་གསར་བཞེངས་སྦྱོར་འཇགས་མཛད། དེ་ནས་ཨུརྒེ་ཝང་གིས་གདན་འདྲེན་ཞུས་པ་ལྟར་དགུང་ལོ་རེ་དགུ་བར་མཆོད་ཡོན་ཞལ་འཛོམས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་སྤྲུལ་པའི་སྐུ་དང་མཇལ་འཛོམས་ཀྱི་ཐུགས་འབྲེལ་ཟབ་པར་གྱུར། དགུང་ལོ་བདུན་ཅུ་ཐམ་པ་རབ་བྱུང་བཅུ་གསུམ་པའི་ས་ཕ་འབྲུག་ལོ་སྟེ་སྤྱི་ལོ1748ལོར་གཙོས་བླ་བྲང་གི་གཞི་བཟུང་། དེའི་ཕྱི་ལོ་བླ་བྲང་དབང་ལྡན་ལྷུན་པོར་བཞུགས་ནས་མཚན་ཉིད་ཀྱི་འཆད་ཉན་བཙུགས་ཏེ་གདན་སའི་མཐིལ་མཛད། རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ(སྤྱི་ལོ1756)ལོར་སྐུ་གཤེགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།