ཨའེ་མེ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨའེ་མེ་ལི།
《ཨའེ་མེ་ལི》ཞེས་པའི་ཧྥ་རན་སིའི་བརྩེ་དུང་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་རང་ཕེ་ཨའེ་ཨར•རེ་ནེས་འཁྲབ་ཁྲིད་བྱས་ཤིང་། ཨོ་ཏའེ་ལི•ཐཱ་ཐོའུ་དང་མཱ་ཞིའུ•ཁཱ་སོའུ་ཝེ་ཚི། ཅཱ་མའེ་ཨར•ཏུའུ་པུའུ་ཚི། ཏོའུ་སྨི་ནེ་ཁུ•ཕེ་ནོའུ་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན། གློག་བརྙན་འདི་ནི་བརྩེ་དུང་གི་གཏམ་རྒྱུད་ཞིག་དང་མི་སེམས་ལ་ཡར་སྐུལ་བྱེད་པར་མ་ཟད། འཚོ་བར་མངར་ཁ་སྦྱིན་པའི་དྭངས་གཙང་གི་བྱིས་སྒྲུང་ཞིག་ཀྱང་རེད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཨའེ་མེ་ལི།
མ་བརྙན་མིང་།
Le fabuleux destin d'Amélie Poulain
ཕྱི་ཡིག་གི་མིང་།
Ameile
རྒྱ་འགྱུར་མིང་།
天使爱美丽
རྒྱལ་ཁབ།
ཧྥ་རན་སི། འཇར་མན།
སྐད་རིགས།
ཧྥ་རན་སིའི་སྐད།
འཁྲབ་ཁྲིད་པ།
རང་ཕེ་ཨའེ་ཨར•རེ་ནེ།
གཙོ་འཁྲབ་པ།
ཨོ་ཏའེ་ལི•ཐཱ་ཐོའུ། མཱ་ཞིའུ•ཁཱ་སོའུ་ཝེ་ཚི། ཅཱ་མའེ་ཨར•ཏུའུ་པུའུ་ཚི། ཏོའུ་སྨི་ནེ་ཁུ•ཕེ་ནོའུ་སོགས།
འགྲེམ་དུས།
2001-04-25
བརྙན་རིགས།
བརྩེ་དུང་། སྤྲོ་གར། སྒྱུ་འཕྲུལ།
ཡུན་ཚད།
སྐར་མ122
1 ནང་དོན་མདོར་བསྡུས།

ཨའེ་མེ་ལི་ནི་ཕཱ་རི་སི་གྲོང་ཁྱེར་གྱི་ཇ་ཁང་ཞབས་ཞུ་བ་དཀྱུས་མ་ཞིག་ཡིན་ལ། ཆུང་དུས་ནས་ཕ་ཡིས་ནོར་འཁྲུལ་གྱི་ནད་བཤེར་ཐེངས་འགས་སྙིང་ནད་ཚབས་ཆེ་བར་ཐག་བཅད་པས་སློབ་གྲྭར་འགྲོ་བའི་ལས་སྐལ་དང་གཏན་ཏུ་གྱེས། ཡིན་ནའང་བྱིས་པའི་དུས་ནས་རིག་པ་སྐྱེན་ཞིང་བློ་སེམས་དཀར་བ་ཞིག་ཡིན། ཐེངས་ཤིག་གི་སྟེས་དབང་གིས་རང་གི་སྡོད་ཁང་གི་རྩིག་ཞབས་ལས་བྱིས་པའི་རྩེད་ཆས་སྒམ་ཞིག་རྙེད། མོས་མངོན་ཆུང་གིས་ཐབས་བརྒྱ་ཇུས་སྟོང་བཀོད་དེ་བདག་པོ་བཙལ་ཅིང་། གལ་སྲིད་བདག་པོ་སེམས་འགུལ་ཐེབས་པ་ཡིན་ན་ཕྱིས་སུ་དེ་ལྟར་གཞན་ཕན་གཉེར་བའི་མིང་མེད་དཔའ་བོ་ཞིག་བྱེད་པར་བློ་ཐག་བཅད། ཁོ་མོས་ལས་ཀ་ཆུང་ངུ་དེས་དངོས་བདག་ཕྱིར་དྲན་གྱི་ཀློང་དུ་བསྐྱལ་ཅིང་སེམས་འགུལ་རབ་ཏུ་ཐེབས་པས། དུས་དེ་ནས་མིག་ཞར་བའི་རྒན་པ་དང་ཁེར་རྐྱང་གི་རི་མོ་བ། ཚོད་བཙོང་གླེན་པ། བརྩེ་དུངས་མཁོ་བའི་ལས་རོགས་པ། ད་དུང་ཡི་མུག་པའི་རང་གི་ཕ་རྒན་སོགས་ལ་བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་ཏེ་འཚོ་བའི་མངར་ཁ་བྱིན། མཚམས་ཤིག་ཏུ་ཁོ་མོ་བྱ་སྤྱོད་ཁྱད་མཚར་བའི་གཞོན་ནུ་ནེ་ནོའུ་ཟེར་བ་ཞིག་ལ་འཕྲད་ཅིང་། ཀྱག་ཀྱོག་ཆེ་ཞིང་སྤྲོ་སེམས་སློང་བའི་ལམ་བུ་མང་པོ་བརྒྱུད། ཡིན་ནའང་ཁོ་མོའི་སེམས་སུ་ཉར་བའི་མཛེས་སྡུག་གི་རྨི་ལམ་དེ་མངོན་འགྱུར་འོང་སྲིད་དམ།

.jpg

2 དཔྱད་གཏམ།

གལ་སྲིད་བུ་རམ་ལྟ་བུའི་གློག་བརྙན་འདིའི་རོ་ཁ་ལ་མྱངས་མྱོང་བའི་མི་ཞིག་ཡིན་ཚེ། ཨའེ་མེ་ལིས་ཞེས་པའི་མི་སྣ་འདིའི་སྣང་བརྙན་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་ལ་འཇགས་ངེས་ཤིང་། ཁོ་མོའི་ཡིད་འོངས་ཀྱི་བཞིན་རས་དང་གནག་ཅིང་ཐུང་བའི་སྐྲ་ལོ། དེ་ལས་ཀྱང་ཁྱད་མཚར་བའི་རྟོག་བཟོ་དང་གཞན་ཕན་གྱི་བསམ་བློ། ཡིད་དུ་མི་ཤོང་བའི་ཐབས་བཀོད། བྱིས་བློ་ལྟ་བུའི་ལྷད་མེད་དྭངས་གཙང་སོགས་ལ་ཡིད་ཀྱི་སྨོན་པ་དང་དགའ་བ་ཤོར་འགྲོ། འཁྲབ་སྟོན་པ་ཨོ་ཏའེ་ལི•ཐཱ་ཐོའུ་ཡིས་མི་སྣ་ཨའེ་མེ་ལིས་ཞེས་པའི་བུ་མོ་སྙིང་དགའ་བ་འདི་འཁྲབ་པ་ཤིན་ཏུ་ནས་འགྲིག་ཆགས་ཤིང་། ལྟད་མོ་བར་རང་ཉིད་ཀྱང་ཁོ་མོ་ལྟར་སུན་སྣང་གི་དངོས་ཡོད་འཚོ་བར་འཆར་ཡན་གྱི་ཚོན་མདངས་སྤྲོས་མཁན་ཞིག་དང་། གཞན་གྱི་ཁེར་རྐྱང་གི་འཇིག་རྟེན་ལ་དགའ་སྤྲོའི་འཛུམ་མདངས་སྣོན་མཁན་ཞིག ད་དུང་སྡུག་བསྔལ་གྱི་འཁྱམས་རོམ་བཞུ་མཁན་ཞིག་ཏུ་ཅི་ནས་ཀྱང་འདོད་པར་བྱེད།

.jpg

གསལ་ཅིང་དག་ལ་སྒྱུ་རྩལ་གློག་བརྙན་གྱི་ཁ་དབུགས་ཤིག་ཀུན་ནས་ཁྱབ་ཅིང་། ཨ་ལོང་བཞིན་སྦྲེལ་བའི་དྲས་སྒྲིག་གི་སྒྱུ་རྩལ་ཁྱད་དུ་མཚར་བ། གློག་བརྙན་བརྗོད་བྱ་དང་ཐད་ཀའི་འབྲེལ་བ་མེད་ཀྱང་། རླུང་གིས་སྒུལ་བའི་ཅོག་རས་དང་རྩེ་རྣོ་བའི་ཐོག་ཁང་། སྙན་ངག་ཐོལ་གྱིས་འདོན་པའི་རྩོམ་པ་པོ། ཉིན་བཞིན་རི་མོ་འབྲི་བའི་སྒྱུ་རྩལ་པ། བྱ་སྤྱོད་ཡ་མཚར་བའི་ཇ་ཁང་གི་འགྲུལ་བ། སྐྱེས་པ་དྲན་ཅིང་བརྩེ་དུངས་བརྟན་པའི་ཡུགས་མོ་སོགས་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་མངོན་པར་དོད་ལ། ཏག་ཏག་དེ་ཡང་སྒྱུ་རྩལ་གྱི་མཛེས་པ་འདོན་རྒྱུ་གཙོ་བོར་འཛིན་པའི་ཧྥ་རན་སིའི་གློག་བརྙན་གྱི་ཁྱད་ཆོས་རེད།

གློག་བརྙན་འདི་ནི་བརྩེ་དུང་གི་གཏམ་རྒྱུད་ཞིག་རེད་ལ། དེ་བས་ཀྱང་མི་སེམས་ཡར་ལ་སྐུལ་ཅིང་། འཚོ་བར་མངར་ཁ་སྦྱིན་པའི་དྭངས་གཙང་གི་བྱིས་སྒྲུང་ཞིག་རེད་ཀྱང་ཟེར་ཆོག་ཏེ། སྙིང་དུ་སྡུག་པའི་ཨའེ་མེ་ལིས་ཀྱི་གཏམ་རྒྱུད་བརྒྱུད། ང་ཚོ་མི་རེ་རེ་ལ་ལན་རེར་འཚོ་བ་ནི་སྐྱུར་ཏུ་སྣང་ཡང་མྱང་ནས་མི་མཛད་པའི་མངར་ཆའང་ཤིན་ཏུ་མོད་ལ། མངར་ཆ་དེ་ནི་མི་གཞན་ལ་རོགས་རམ་དང་ཡང་ན་བཙན་པོའི་མགོ་གནོན། གཉོམ་ཆུང་མཐའ་བསྐྱོར་ཏེ་འོངས་པ་ཞིག་ཡིན་པ་ཤེས་སུ་འཇུག་ངེས་སོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།