སའི་གོ་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སའི་གོ་ལ།
《སའི་གོ་ལ》ཞེས་པའི་དབྱིན་ཇི་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་ཀུང་ཟིའི་སྒྲིག་སྦྱོར་བྱས་པའི་དངོས་ཞུས་གློག་བརྙན་ཞིག་ཡིན། འཁྲབ་ཁྲིད་པ་ནི་ཁུ་ལི་སི་ཐོའུ་ཧྥུའུ•ནོའུ་ལན་ཡིན། གློག་བརྙན་འདིའི་ནང་དུ་སྲོག་ཆགས་རིགས་གསུམ་གོ་ལ་ཧྲིལ་བོ་ཇེ་དྲོད་ཀྱི་གནས་ཚུལ་འོག་ས་ཆ་གཞན་དུ་གནས་སྤོར་བཞིན་པའི་བརྒྱུད་རིམ་བརྗོད་དེ། མིའི་རིགས་ལ་སའི་གོ་ལར་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དང་གོ་ལ་ཧྲིལ་བོའི་གནམ་གཤིས་ཇེ་དྲོད་དུ་འགྲོ་བཞིན་པའི་གནས་ཚུལ་མཉམ་འཇོག་བྱེད་དགོས་པ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
སའི་གོ་ལ།
མ་བརྙན་མིང་།
Planet Earth
རྒྱ་འགྱུར་མིང་།
行星地球
རྒྱལ་ཁབ།
ཨ་རི། དབྱིན་ཇི། འཇར་མན།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ཨའེ་ལི་སི་ཐའེ•ཧྥ་སེ་ཅི་ཨར།
འགྲེམ་དུས།
2006-02-27
བརྙན་རིགས།
དངོས་ཞུས།
ཡུན་ཚད།
སྐར་མ60
1 ནང་དོན་མདོར་བསྡུས།

གློག་བརྙན་འདིའི་ནང་དུ། ཡུལ་ཁམས་ཀྱི་ཐད་ལ་བྱང་སྣེ་ནས་མགོ་བཙུགས་ཤིང་། བྱང་སྣེའི་དྲེད་དཀར་གྱི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་དེ་གློག་བརྙན་མགོ་འཛུགས་ས་ཞིག་ཏུ་བཞག་ཅིང་། དེ་ནས་རིམ་གྱིས་ལྷོ་ཕྱོགས་སུ་གནས་སྤོས་ཏེ། སའི་གོ་ལ་ཡི་ལྷོ་སྣེར་འབྱོར་ཞིང་། མཐའ་མ་སླར་ཡང་སའི་གོ་ལ་ཡི་བྱང་སྣེར་འབྱོར་ཏེ། བྱང་སྣེའི་དྲེད་དཀར་གྱི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་ལས་མཇུག་སྒྲིལ་འདུག ཡང་དུས་ཚོད་ཀྱི་ཐད་ལ་བྱང་སྣེའི་ལོ་མགོའི་སྣེ་མུན་ནས་འགོ་བཙུགས་ཤིང་། ལྷོ་སྣེའི་ལོ་མཇུག་གི་སྣེ་འོད་ནས་མཇུག་སྒྲིལ་བ་ཞིག་རེད་འདུག

བརྙན་བླངས་པའི་པར་རིས་བྱང་སྣེར་གཅུས་ན། དེའི་ཁུལ་དུ་མཁའ་དྲོད་བསྐྱར་འཕར་བྱེད་པས། གངས་འཁྱགས་ཡོད་ཚད་བཞུར་བཞིན་ཡོད་པ་སྟེ། གངས་འཁྱགས་སྲབ་མོར་གྱུར་ནས་ཐ་ན་བྱང་སྣེའི་དྲེད་དཀར་གཅིག་གི་ལུས་པོའི་ལྗིད་ཀྱང་ཐེག་དཀའ་བ་ཞིག་ཆགས་ཡོད་པ་རེད། བྱང་སྣེའི་དྲེད་དཀར་གྱི་ཁྱིམ་ཚང་དེའི་ཨ་ཕས་སྣང་ཚུལ་འདི་འདྲ་མཐོང་དུས་མྱུར་བར་སྐམ་སའི་སྟེང་དུ་ལོག་དགོས་ཤིང་། གལ་སྲིད་མྱུར་བར་མ་ལོག་ཚེ་མཐའ་ཡས་རྒྱ་མཚོ་ཆེན་པོ་རུ་དིམ་ནས་འཆི་རྒྱུ་ཡིན་པ་ཤེས།

ཉིན་ཤས་རྗེས་སུ། དཀའ་ལས་ཁག་ཐག་ཆོད་པའི་ཨ་ཕ་དྲེད་དཀར་སྐམ་ས་ཞིག་ཏུ་འབྱོར་ཞིང་། དེ་གར་མཚོ་གླང་གྲངས་མེད་ཅིག་ཡོད་མོད། ཨ་ཕ་དྲེད་དཀར་གྱི་སྔོན་སྐབས་ཀྱི་རྫིག་ཉམས་དང་འཇོན་ཐང་ཡོད་ཚད་བརླགས་ཟིན་པས་མཚོ་གླང་འབབ་སྡོད་བྱེད་སའི་སྐམ་ས་འདིར། ཁོང་ནི་ཇི་འདྲའི་ཉམས་ཆུང་དང་ཐབས་རྡུགས་ཤིག་ཏུ་མངོན། ཁོ་ཡིས་སྲོག་ཆགས་གཞན་པ་འཛིན་བཟུང་བྱ་རྩིས་ཐེངས་མང་བྱས་རུང་། ཚང་མ་ཕམ་ཉེས་བྱུང་བ་རེད། ཁོས་ལུས་ཤུགས་ཡོངས་སྤྱད་ནས་བཀྲེས་ལྟོགས་དང་འཐབ་རྩོད་བྱས་ཤིང་རང་བྱུང་ཁམས་ལ་འགོག་རྒོལ་བྱས་རུང་། མཐར་རང་བྱུང་ཁམས་ཆེན་པོའི་མདུན་དུ་དཔའ་ཞུམ་ཞིང་མགོ་བོ་མི་སྒུར་ཐབས་མེད་ཆགས་ནས་ཉི་རྒས་ཀྱི་མཚམས་སུ་ཁེར་རྐྱང་ངེར་འདས་གྲོངས་སུ་སོང་།

2 དཔྱད་གཏམ།

གློག་བརྙན་འདིའི་ནང་རྔོན་གཟིག་གིས་གཙོད་གཅིག་གསོད་པའི་སྐབས་དེ་སྟོན་སྐབས་སུ། གློག་བརྙན་སྒྲིག་བཟོ་བས་ཏག་ཏག་དལ་བསྐྱོད་བླངས་བརྙན་གྱི་ཐབས་བཀོལ་འདུག ཉམ་ཆུང་གི་གཙོད་དེ་གཏུམ་ཅན་རྔོན་གཟིག་གིས་ས་སྟེང་དུ་ཐེངས་རེ་མནན་ཚེ་ཁོས་འཕག་འཚག་ཐེངས་རེ་བརྒྱབ་ནས་ལངས་ཡོང་གིན་འདུག དེ་ལས་ཁོ་ཡིས་ཚེ་སྲོག་ལ་འཛིན་པའི་འདོད་པ་དང་རེ་བ་འདི་མངོན་ཡོང་གིན་འདུག་སྙམ།

གློག་བརྙན་འདིའི་ནང་ཡང་ལྗིད་ཚད་ལ་ཏུན་དྲུག་བདུན་ཙམ་ཡོད་པའི་གཏུམ་ཉས་གཤོར་བྱ་འཛིན་བཟུང་བྱ་སྐབས་དེ་སྟོན་དུས། གློག་བརྙན་སྒྲིག་བཟོ་བས་བརྙན་རིས་དེ་ཏག་ཏག་རང་སར་བཀག་པའི་ཐབས་བཀོལ་འདུག གཏུམ་ཉ་དཀར་པོའི་ལུས་ཡོངས་སུ་མཚོ་ཁ་ནས་ཐོན་ཏེ་མཛེས་སྡུག་ལྟ་ན་སྡུག་པའི་ལུས་པོའི་འཁྱོག་ཐིག་དང་བཟོ་ལྟ་དག་མཐོང་བའི་སྐབས་དེ་དུས་ངེད་ཚོས་རང་བྱུང་ཁམས་ནི་ཇི་འདྲའི་མཛེས་ཤིང་ཇི་འདྲའི་འཇོན་ཐང་ཅན་ཞིག་ཡིན་པའི་ཚོར་སྣང་ཡོང་སྲིད་ཅིང་དེ་ལ་གཅེས་སྤྲས་དང་མཐོང་ཆེན་བྱ་བའི་དགོས་པ་ཡང་ཤེས་ངེས།

སའི་གོ་ལ་ནི་ཇི་འདྲའི་འཇོན་ཐང་ཅན་གྱི་རྒྱུ་སྐར་ཞིག་རེད་ཨང་། ཁོང་གིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཚེ་སྲོག་གསོ་སྐྱོང་གནང་ཞིང་ཚེ་སྲོག་སོ་སོར་རང་གི་ཁྱད་ཆོས་ལྡན་པའི་དབྱངས་རྟ་རེ་སྦྱིན་གནང་མཛད།

དོན་ངོ་མར། གློག་བརྙན་ནང་དུ་ཐོན་པའི་སེམས་ཅན་འདི་ཚོ་དང་ངེད་ཚོ་གཅིག་མཚུངས་ཀྱིས་ལོ་རྒྱུས་ཀྱི་རྒྱུག་ཆུ་རིང་མོའི་ཁྲོད་དུ། ཡུད་ཙམ་ལས་མངོན་མི་ཐུབ་པ་རྐྱང་རྐྱང་ཡིན་ངེས་རེད། འོན་ཀྱང་། ཚང་མས་རང་རང་གི་ཁྱད་ཆོས་ལྡན་པའི་འཚོ་ཐབས་རེ་རེ་འཛིན་ནས་གོ་ལ་འདིར་མཛེས་སྡུག་རེ་ཁ་སྣོན་མཛད། དེས་ན། ང་ཚོར་གོ་ལ་འདིར་གཅེས་སྤྲས་དང་ཚེ་སྲོག་འདི་དག་ལ་སྲུང་སྐྱོབ་མི་བྱེད་པའི་གནས་ལུགས་དང་རྒྱུ་མཚན་ཞིག་གང་ནས་རྙེད་སྲིད་དམ།

《སའི་གོ་ལ》ཞེས་པའི་གློག་བརྙན་འདི་ནི་སྤྱི་ལོ2006ལོའི་བརྙན་འཕྲིན་ལེ་ཚན《རྒྱུ་སྐར་སའི་གོ་ལ》ཞེས་པ་དེ་ཕབ་བསྒྱུར་བྱས་པའི་གློག་བརྙན་གྱི་རྣམ་པ་ཡིན་འདུག་ཅིང་དེའི་ནང་དུ་སྲོག་ཆགས་ཀྱི་ཁྱིམ་ཚང་ཁ་ཤས་ཤིག་གི་གནས་སྤོ་བའི་ལམ་དེ་པར་བརྒྱབ་གནང་བ་ཞིག་རེད་འདུག

གློག་བརྙན་འདི་ནི་དབྱིན་ཇིའི་རྒྱང་སྒྲོག་ལྟེ་གནས་དང་འཇར་མན་གྱིས་མཉམ་དུ་སྒྲིག་བཟོ་བྱས་པ་ཞིག་ཡིན། དེ་ནི་སའི་གོ་ལ་དང་། རང་བྱུང་ཁམས་ཆེན་པོའི་སྐོར་གྱི་དངོས་ཟིན་གློག་བརྙན་ཤིག་ཡིན་ཞིང་ཁོང་རྣམ་པས་དུས་ཡུན་ལོ་ངོ་གསུམ་ཙམ་གྱི་དུས་ཚོད་བེད་སྤྱད་དེ་སའི་གོ་ལའི་སྟེང་གི་ཚེ་སྲོག་མང་དག་ཅིག་གི་བྱ་བྱེད་དངོས་ཀྱི་བརྒྱུད་རིམ་དག་གློག་བརྙན་གྱི་ཟིན་ཐོར་བཀོད་པའི་ཐབས་སྤྱད་ནས་རང་བྱུང་ཁམས་ཆེན་པོའི་མཛེས་པའི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་དབར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་པའི་སྣང་ཚུལ་དངོས་དག་པར་ལེན་བྱེད་པའི་ཐབས་བརྒྱུད་པ་མ་ཟད། དེའི་ཐོག་ལ་པོ་ལིན་གྱི་དབྱངས་དགའ་རོལ་དབྱངས་ཚོགས་པས་དཀྲོལ་བའི་རོལ་ཆ་རྒྱབ་ལྗོངས་དབྱངས་རྟར་བཅུག་པའི་ཐབས་ལམ་བརྒྱུད་ནས་སའི་གོ་ལའི་མཛེས་པ་དང་ཉམས་སྣང་ཡོལ་དཀར་སྟེང་དུ་མ་ལུས་གསལ་བར་སྟོན་འདུག་པ་དེ་ལས་འཇིག་རྟེན་སྐྱེ་འགྲོ་ཀུན་ལ་ཁོར་ཡུག་ལ་སྲུང་སྐྱོབ་གནང་རོགས་ཞེས་པའི་རེ་འབོད་ཀྱང་བསྒྲགས་འདུག་པར་སྙམ།

ཨའེ་ལི་སི་ཐའེ་ལགས་དང་ཁོང་གི་ཚོགས་པས་གླིང་ཆེན་བདུན་གྱི་རྒྱལ་ཁབ་དྲུག་ཅུ་རེ་གཉིས་བསྐོར་གནང་བ་དང་། བརྙན་ལེན་འཕྲུལ་ཆས་བཞི་ཅུ་ཞེ་ལྔ་སྤྱད་གནང་ནས་ལོ་ངོ་ལྔ་ཙམ་རིང་ལ་འབད་པས་སྒྲིག་བཟོ་གནང་བའི་དངོས་ཟིན་གློག་བརྙན་འདིས་ངེད་ཚོར་སའི་གོ་ལ་ཡི་ཚ་དྲོད་འཕེལ་བའི་སྐབས་འདིར་སྲོག་ཆགས་ཀྱི་གནས་སྤོ་དང་འཚོ་བའི་འགྱུར་ལྡོག རང་བྱུང་ཁམས་ཆེན་པོའི་གཟིལ་ཉམས་དང་རྫིག་ཉམས། ཚེ་སྲོག་གི་ཉམས་ཆུང་དང་བློ་དཀྱེལ། དེ་བཞིན་འགྱུར་ལྡོག་གི་མི་རྟག་པ་སོགས་ཀྱི་གནས་ལུགས་དང་རྒྱུ་མཚན་དག་བརྗོད་གནང་གིན་ཡོད་པར་མཐོང་སོང་ལགས། གློག་བརྙན་ཧྲིལ་པོའི་རྣམ་པ་དང་རྒྱབ་ལྗོངས་དབྱངས་རྟས་གློག་བརྙན་གྱི་མགོ་ནས་མཇུག་བར་ང་ཚོར་གཏིང་ཕུགས་རིང་བའི་སེམས་འགུལ་རེ་ཐེབས་སྲིད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།