ཡུའུ་ཀོའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའུ་ཀོའུ།
《ཡུའུ་ཀོའུ》ཞེས་པའི་གློག་བརྙན་འདི་ནི་རྩོམ་པ་པོ་པུའུ་རུའེ་ཨུན•སའེ་ཨར་ཚི་ནེ་ཁུ་ལགས་ཀྱི་སྒྲུང་གཏམ་བཅོས་སྒྲིག་ལས་ཕབ་སྐྲུན་བྱས་པ་ཞིག་ཡིན། འཁྲབ་ཁྲིད་པ་མཱ་ཏེང•སི་ཁུ་སའེ་སིས་འཁྲབ་ཁྲིད་བྱས་པའི་ཁོང་གི་ཆེས་ཐོག་མའི3Dལུགས་ཀྱི་བརྩམས་ཆོས་རེད། ཨ་ཧྲ•པཱ་ཐུ་ཧྥེ་ཨར་ཏུ་དང་ཁུ་ལོའུ•མོ་རུའེ་ཚི། པུན•ཅིན་སི་ལི། སཱ་ཧྲ•པའེ་ལུན•ཁུ་ཨུན། ཁུ་ལི་སི་ཐོའུ་ཧྥུ•ལི་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་དུས་རབས་སྔོན་མའི་ལོ་རབས30པའི་སྨད་དུ་མེ་འཁོར་འབབ་ཚུགས་ཤིག་ཏུ་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཡུའུ་ཀོའུ།
མ་བརྙན་མིང་།
Hugo
རྒྱ་འགྱུར་མིང་།
雨果
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
མཱ་ཏེང•སི་ཁུ་སའེ་སི།
གཙོ་འཁྲབ་པ།
ཨ་ཧྲ•པཱ་ཐུ་ཧྥེ་ཨར་ཏུ། ཁུ་ལོའུ•མོ་རུའེ་ཚི། པུན•ཅིན་སི་ལི། སཱ་ཧྲ•པའེ་ལུན•ཁུ་ཨུན། ཁུ་ལི་སི་ཐོའུ་ཧྥུ•ལི་སོགས།
འགྲེམ་དུས།
2012-05-31
བརྙན་རིགས།
གཏམ་རྒྱུད། ཉེན་མཆོངས། ཁྱིམ་ཚང་། བྱིས་པ། རྣམ་ཐར།
ཡུན་ཚད།
སྐར་མ127
བྱ་དགའ་གཙོ་བོ།
སྐབས84པའི་ཨོ་སི་ཁཱའི་བརྙན་ལེན་རྩེ་གྲ་དང་མཛེས་རྩལ་མཛུབ་སྟོན་རྩེ་གྲ་སོགས་བྱ་དགའ་ལྔ་ཐོབ།
1 ནང་དོན་མདོར་བསྡུས།

གློག་བརྙན་འདི་ནི་རྩོམ་པ་པོ་པུའུ་རུའེ་ཨུན•སའེ་ཨར་ཚི་ནེ་ཁུ་ལགས་ཀྱི་སྒྲུང་གཏམ་བཅོས་སྒྲིག་བྱས་པ་ལས་ཕབ་བསྐྲུན་བྱས་ཤིང་། ཨ་རིའི་འཁྲབ་ཁྲིད་པ་མཱ་ཏེང• སི་ཁུ་སའེ་སི་ལགས་ཀྱི་ཆེས་ཐོག་མའི3Dལུགས་ཀྱི་བརྩམས་ཆོས་རེད།

.jpg

གཏམ་རྒྱུད་འདི་ནི་དུས་རབས་སྔོན་མའི་ལོ་རབས30པའི་སྨད་དུ་མེ་འཁོར་འབབ་ཚུགས་ཤིག་ཏུ་བྱུང་བའི་གཏམ་རྒྱུད་ཞིག་སྟེ། མི་སྣ་གཙོ་བོ་ལོ་ན་བཅུ་གཉིས་ལ་སོན་པའི་དྭ་ཕྲུག་ཡུའུ་ཀོའུ་རེད། ཕ་འདས་པོས་ཁོ་ལ་ཤུལ་ཏུ་བཞག་པའི་རྒྱུ་ནོར་ནི་ཟིན་ཐོ་ཞིག་དང་གད་སྙིགས་ཤིག་ལས་གཉིས་སུ་མེད་པའི་འཕྲུལ་མི་ཞིག་རེད། ཡུའུ་ཀོའུ་ཡིས་དཔེ་དེབ་ཞིག་ལས་གལ་སྲིད་འཕྲུལ་མི་དེ་བསྐྱར་གསོ་བྱེད་ཐུབ་ཚེ། དེས་ཡི་གེ་དང་རི་མོ་འབྲི་ཐུབ་པ་རྟོགས་པས། ཉེ་འགྲམ་གྱི་རྩེད་ཆས་ཁང་དུ་སོང་ནས་ཁོ་ལ་མཁོ་བའི་ཅ་ལག་རྐུ་བར་བྱས། ཐེངས་ཤིག་སྦྱིན་བདག་གིས་ཡུའུ་ཀོའུ་བརྐུ་བ་ལས་བཟུང་། ཕྱིས་སོར་དོན་དམ་དུ་སྦྱིན་བདག་ནི་ཆའོ་ཀྲི•མའེ་ལི་ཨའེ་ཡིན་པ་ཤེས་ཤིང་། ཁོང་གི་གློག་བརྙན《ཟླ་བའི་གོ་ལར་བསྐྱོད་པའི་རེག་ཟིག》ནི་ཡུའུ་ཀོའུ་ཡི་ཕ་འདས་པོ་ཆེས་དགའ་བའི་གློག་བརྙན་དེ་ཡིན། དེ་དང་འབྲེལ་ཡུའུ་ཀོའུ་ཡིས་སྔར་མ་རྟོགས་པ་མང་པོ་ཞིག་དྲན་པའི་ཡོལ་བའི་ངོས་སུ་གསལ་ལེར་ཤར་ཐུབ་བྱུང་།

2 དཔྱད་གཏམ།

གློག་བརྙན་འདིར་ཕྱོགས་གང་ས་ནས་དཔྱད་པ་ལེགས་པོ་ཐོབ་ཡོད། འདི་ནི་གྲགས་ཅན་འཁྲབ་ཁྲིད་པ་མཱ་ཏེང•སི་ཁུ་སའེ་སིས་འཁྲབ་ཁྲིད་བྱས་པས་ན་གློག་བརྙན་གཞན་རྣམས་དང་མི་འདྲ་ཞིང་། ཁོང་གི་སེམས་འདུན་དངོས་དང་མཐུན་ཤོས་ཤིག་ཡིན་སྲིད། འདི་ནི་ད་ལོའི་ཨོ་སི་ཁཱ་གློག་བརྙན་རྩེ་གྲ《སྒྱུ་རྩལ་པ》དང་འདྲ་བར། གློག་བརྙན་ལས་རིགས་ཀྱི་འཕེལ་སྒྲིབ་བརྗོད་པའི་གློག་བརྙན་ཞིག་ཡིན། ཡང《སྒྱུ་རྩལ་པ》དང་མི་འདྲ་བ་ཞིག་ལ། གློག་བརྙན་འདི་ནི་དེང་རབས་དར་གསོ་ཆེ་བའི3Dལག་རྩལ་སྤྱད་ནས་བཟོས་པ་ཞིག་ཡིན་པས། མཚོན་རིས་ཀྱི་ཉམས་དང་ལྡན་པའི་སྒོ་ནས་ཧྥ་རན་སིའི་གློག་བརྙན་སྣེ་ཁྲིད་མི་སྣ་ཆའོ་ཀྲི•མའེ་ལི་ཨའེ་ཡི་ཚེ་མཇུག་གི་མི་སེམས་འགུལ་བའི་དོན་འབའ་ཞིག་ང་ཚོར་བསྟན་ཡོད། ཨ་ཅང་ཅང་། གློག་བརྙན་འདིའི་ནང་གི་སྒྲུང་གཏམ་མང་ཆེ་བ་བདེན་པ་ཡིན་པས་མ་ཚད། དེའི་ནང་གི་རི་མོ་འབྲི་ཐུབ་པའི་འཕྲུལ་མི་དེ་འདྲ་ཡང་དོན་དངོས་ཐོག་ཡོད་པ་ཞིག་རེད།

.jpg

གལ་སྲིད་ད་ལོའི་ཨོ་སི་ཁཱའི་བྱ་དགའ་མང་པོ་ཐོབ་མཁན་གྱི་གློག་བརྙན《ཡུའུ་ཀོའུ》དང《སྒྱུ་རྩལ་པ》གཉིས་ལ་བལྟས་ན། གློག་བརྙན་ཞེས་པའི་ལས་རིགས་སམ་རིག་ཚན་འདི་འདྲ་ཞིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་འགྲོ་བའི་ལོ་རྒྱུས་དེ་ལ་རྒྱུས་མངའ་ཞིག་ཡོང་སྲིད། ལྷག་པར་དུ་ཆའོ་ཀྲི•མའེ་ལི་ཨའེ་ནི་འཛམ་གླིང་གློག་བརྙན་འཁྲབ་ཁྲིད་དང་བརྙན་ལེན་ལག་རྩལ་སོགས་པའི་དམངས་གཞི་འདིངས་མཁན་གཙོ་གྲས་ཤིག་ཡིན་པ་དང་། གློག་བརྙན《ཡུའུ་ཀོའུ》ཡི་ནང་དུ་བསྟན་པའི་གློག་བརྙན་རྙིང་པ་དག་ནི་སྐབས་དེ་དུས་ཆའོ་ཀྲི•མའེ་ལི་ཨའེ་ཡིས་བཟོས་པ་དག་ཡིན་པས། དུས་འདིར་གློག་བརྙན་དང་བྲལ་ཐབས་མེད་པའི་ང་ཚོར་སྔོན་བྱོན་པ་ཁོང་གི་བྱས་རྗེས་གསལ་པོར་བསྟན་ཡོད། གང་ལྟར་གློག་བརྙན་འདི་ནི་སྒྱུ་རྩལ་གྱི་རང་བཞིན་དང་། ནང་དོན་གྱི་རང་བཞིན་གཉིས་ཀ་ནས་ཕུན་སུམ་ཚོགས་པའི་བརྩམས་ཆོས་རྩེ་གྲ་ཞིག་ཡིན་པ་ལྟད་མོ་བ་དཀྱུས་མ་ཙམ་མ་ཟད་དཔྱད་བརྗོད་པ་མང་ཆེ་ཤོས་ཀྱིས་ཀྱང་ཁས་ལེན་གདེང་འཇོག་ཐོབ་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།