ཡུའུ་ཅི་དང་གྱེས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའུ་ཅི་དང་གྱེས་པ།
《ཡུའུ་ཅི་དང་གྱེས་པ》ཞེས་པའི་གློག་བརྙན་འདི་ནི་ལི་པི་ཧྭས་ཁ་བྱང་གཅིག་པའི་བརྩམས་སྒྲུང་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཞིག་ཡིན། འཁྲབ་ཁྲིད་པ་ནི་ཁྲེན་ཁའེ་ཀུ་དང་། ཀྲང་ཀོའུ་རུང་དང་ཀུང་ལི། ཀྲང་ཧྥུན་དབྱི། ཀུ་ཡོའུ། དབྱིན་ཏཱ། ལེ་ཧན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་འཇིགས་སྐྲག་དང་དཀའ་སྡུག་གི་ཁྲོད་དུ་མིའི་རང་བཞིན་ལ་ངོས་འཛིན་གསར་དུ་བྱས་ཏེ། ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཐོག་བྱུང་བའི་སྲིད་འགྱུར་གྱི་དུས་རིམ་མི་འདྲ་བ་གསུམ་ནང་ཟློས་གར་འཁྲབ་མཁན་གཉིས་དང་བུད་མེད་ཅིག་གི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཡུའུ་ཅི་དང་གྱེས་པ།
མ་བརྙན་མིང་།
Farewell My Concubine
རྒྱ་འགྱུར་མིང་།
霸王别姬
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
རྒྱ་སྐད།
འཁྲབ་ཁྲིད་པ།
ཁྲེན་ཁའེ་ཀུ།
གཙོ་འཁྲབ་པ།
ཀྲང་ཀོའུ་རུང་། ཀུང་ལི། ཀྲང་ཧྥུན་དབྱི། ཀུ་ཡོའུ། དབྱིན་ཏཱ། ལེ་ཧན།
འགྲེམ་དུས།
1993-01-01
བརྙན་རིགས།
གཏམ་རྒྱུད། བརྩེ་དུང་། དམག་འཁྲུག
ཡུན་ཚད།
སྐར་མ171
1 ནང་དོན་མདོར་བསྡུས།

སྤྱི་ལོ1924ལོའི་དགུན་ཁར། ཟློས་གར་ཁང་དུ་ཞུགས་ཆེད། ལོ་ན་དགུ་ལ་སོན་པའི་ཁྲིང་ཏེ་དབྱི་ཡིས་མ་མཛུབ་ལྷག་མ་དེ་ཁོའི་ཨ་མ་སྨད་འཚོང་མ་དེས་བཅད། དུས་དེ་ནས་རང་གི་ཟློས་གར་སྦྱང་རོགས་དག་དང་ལྷན་དུ་དཀའ་སྡུག་བློར་མི་ཤོང་བ་མྱངས་ཤིང་། ཁོ་ལས་ལོ་ཆེ་བའི་ཏོན་ཞའོ་ལོའུ་ཡིས་གཉོར་སྐྱོང་གང་ལེགས་བྱས། ལོ་བཅུའི་རྗེས་སུ། ཁོ་གཉིས་ཀྱིས་ཅིན་གར《ཡུའུ་ཅི་དང་གྱེས་པ》ཞེས་པ་འཁྲབ་ཏེ། སྙན་གྲགས་ཤིན་ཏུ་རྒྱས་ཤིང་ཚེ་གང་བོར་དེ་འཁྲབ་པའི་ཁ་དན་བྱས་ཡོད། ཕྱིས་སུ་ཏོན་ཞའོ་ལོའུ་ནས་ཅུའུ་ཞན་ཟེར་བའི་སྨད་འཚོང་མ་ཞིག་ཆུང་མར་བླངས་པས། རང་གི་དགེ་སྤུན་ཆེ་བར་འཁྲེང་ཞེན་ཆེ་བའི་ཁྲིང་ཏེ་དབྱི་ཡིས་ཞོ་ལེའུ་དང་ལྷན་ཏུ་མི་འཁྲབ་པར་ཐག་བཅད། ཉི་ཧོང་གི་བཙན་འཛུལ་དང་ཀྲུང་ཧྭ་མིན་གོའི་དཀའ་སྡུག་གི་སྐབས་དེ་དག་ཏུ་ཁོ་གསུམ་པོའི་ཕན་ཚུན་ལ་རོགས་རམ་མང་དུ་བྱས་ཏེ་དཀའ་ཁག་འཁྱོལ་ཐབས་ཙམ་འོངས། ཡིན་ནའང་ཕྱིས་སུ་བྱུང་བའི་རིག་གནས་གསར་བརྗེའི་དུས་སྐབས་སུ། ཏོན་ཞའོ་ལོའུ་རྙིང་བ་དང་ལྷ་འདྲེའི་གྲས་སུ་བརྩིས་ཏེ་དགག་ཡུལ་དུ་གྱུར། གཉན་འཕྲང་གི་སྐབས་དེར་ཁོས་རང་ཉིད་སྲོག་ཉེན་ལས་ཐར་ཆེད་དུ་རང་གི་ཆུང་མ་དང་སྤུན་གྲོགས་གཉིས་ཀ་གཡོ་འཚོང་བྱས། ཆུང་མ་ཅུའུ་ཞན་ཡི་ཆད་ངང་ལྕེབས།

མི་བཞིའི་ཚོགས་ཁག་རྡུལ་དུ་བརླགས་པ་ནས་བགྲང་བྱ་ཉེར་གཉིས་ཀྱི་རྗེས་སུ། ཁོ་གཉིས་ནས་སླར་ཡང《ཡུའུ་ཅི་དང་གྱེས་པ》ཞེས་པ་འཁྲབ་ཅིང་། ཁྲིང་ཏེ་དབྱི་ཡིས་རང་ངོ་རང་གིས་ཟིན་པའི་སད་རྟོགས་བྱུང་བ་དང་འབྲེལ་རང་སྲོག་བླངས། མི་སེམས་འགུག་པའི་སྐྱོ་གར་དེ་ཡང་མཇུག་བསྒྲིལ་ལོ། །

2 དཔྱད་གཏམ།

སྐབས་ཤིག་ལ་གློག་བརྙན་དཔྱད་བརྗོད་པ་ཁ་ཤས་ཀྱིས་ཀྲུང་གོ་ནང་ཁུལ་དུ་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པ་ཀྲང་དབྱི་མའོ་དང་ཁྲེན་ཁའེ་ཀུ་གཉིས་ནི་ཕྱི་གླིང་བ་མོས་ཆེད་དུ་ནང་མཚང་ཕྱིར་འབྱིན་མཁན་གཉིས་སུ་སྒྲོགས་ཤིང་། ཧ་ཅང་ཡི་མི་རངས་པའི་གཏམ་བརྗོད་གནང་སྐད། གཅིག་བྱས་ན་དེ་ལ་རྒྱུ་མཚན་ཡོད་དུ་སྲིད་དེ། ཁ་རང་གི་ནང་ལ་མི་སྟོན་པར་ཕྱི་གླིང་བའི་མཚར་སྣང་སློང་ཆེད་དང་ཕྱི་གླིང་བའི་ཆེད་དུ་བཟོས་པའི་གློག་བརྙན་ཀྱང་ང་ཚོས་མཐོང་ཐོས་མྱོང་འགྱུར་གྱི་ཆོས་སུ་གྱུར་ཚར་ཡོད། འོན་ཀྱང《ཡུའུ་ཅི་དང་གྱེས་པ》ཞེས་པའི་ཁྲེན་ཁའེ་ཀུའི་བརྩམས་ཆོས་འདི་ནི་ཁོ་བོས་དེ་ལྟར་མི་འདོད་དེ། དེའི་ནང་མཚང་ཕྱིར་འབྱིན་དུ་སྨྲ་བ་ནི་ཐལ་ཆེ་བའི་མི་རིགས་དུངས་ཞེན་ཀྱི་བསམ་ཚུལ་ཡིན་གྱི། གནད་དུ་ཐིངས་པའི་བརྩམས་ཆོས་ཀྱི་བསམ་བློ་ལ་མ་དཔོག་པ་དང་། དཔོག་ཡང་ཕྱོགས་ཞེན་གྱིས་གདེངས་འཇོག་བྱེད་མ་འདོད་པ་དེ་ཙམ་མོ། །

《ཡུའུ་ཅི་དང་གྱེས་པ》ནི་འཇིགས་སྐྲག་དང་དཀའ་སྡུག་གི་ཁྲོད་དུ་མིའི་རང་བཞིན་ལ་ངོས་འཛིན་གསར་དུ་བྱས་པའི་གློག་བརྙན་ཞིག་སྟེ། ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཐོག་བྱུང་བའི་སྲིད་འགྱུར་གྱི་དུས་རིམ་མི་འདྲ་བ་གསུམ་ནང་ཟློས་གར་འཁྲབ་མཁན་གཉིས་དང་བུད་མེད་ཞིག་གི་གཏམ་རྒྱུད་བརྗོད་པ་བརྒྱུད་དེ། སྐབས་དེའི་སྤྱི་ཚོགས་ནང་རྒྱུན་ལྡན་གྱི་མིའམ་ཡང་ན་བདེ་ཐང་གི་མི་ཞིག་མེད་ཅིང་། དེ་ཡང་ཆུང་བྱིས་དུས་ཀྱི་སློབ་གསོ་དང་སྤྱི་ཚོགས་ཀྱི་མུན་ནག་ལ་འཁང་ར་དང་ལེ་བདའ་བྱས་ཡོད་ལ། མུན་ནག་དེའི་ནང་ནར་སོན་པའི་མི་དག་ལ་ཟུར་ཟ་དྲག་ཏུ་བྱས་ནས་བཞུད་ལམ་དེར་སླར་ཡང་ཕྱིར་བལྟ་ཐེངས་ཤིག་འཕེན་དུ་བཅུག་ཡོད། དེ་ཡང་མདོར་བསྡུས་ན་གློག་བརྙན་འདིར་བརྗོད་པ་ནི་ནད་ཀྱིས་ཡོངས་སུ་ཟིན་པའི་སྐབས་དེའི་སྤྱི་ཚོགས་ཤིག་བརྗོད་ཡོད་ལ། ནད་དེ་ལས་གྲོལ་ཐབས་ལ་བསམ་གཞིགས་གཏོང་བར་སྐུལ་མ་བྱས་ཡོད་ཟེར་ཅིང་མི་ཆོག་པ་མེད། གློག་བརྙན་མགོ་བརྩམས་པ་ནས་འཚོ་གནས་ཀྱི་ཆེད་ཨ་མས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་གི་མཛུབ་ཆུང་ལྷག་མ་དེ་བཅད་པ་དང་། ཟློས་གར་སྦྱོང་ཆེད་དུ་བྱིས་པ་ཚོར་སྙིང་རྗེ་མི་མངའ་བའི་མནར་གཅོད་ཚད་མེད་བྱེད་པ། མནར་གཅོད་དང་དཀའ་སྡུག་མ་བཟོད་པར་ལྕེབས་པ། མ་གཞི་བུ་ཡིན་ཀྱང་བཙན་གྱིས་བུ་མོ་ཡིན་པར་བསླབ་པ། དབང་དྲགས་ཆེ་བའི་སྐུ་ངོས་བྱིས་པར་བཙན་གཡེམ་བྱས་པ་སོགས་སུས་ཀྱང་མཐོང་མྱོང་མེད་པའི་རིག་གནས་ཤིག་གི་སྲུང་འཛིན་གྱི་བརྒྱུད་རིམ་བྲིས་ཡོད་ལ། དེ་ལྟ་བུའི་ཁྲིམས་མེད་ལུགས་མེད་དང་ནག་ཉེས་ལ་རྙིང་རུལ་དུ་གྱུར་བའི་སྤྱི་ཚོགས་དེའི་ནང་རྒོལ་བ་བྱེད་མཁན་གཅིག་མ་གཏོགས་སུ་ཡང་མ་བྱུང་སྟེ། དེ་ནི་རང་གི་ཚེ་སྲོག་གིས་ཆེས་མཐའ་མའི་ངོ་རྒོལ་གཏོང་མཁན་བྱིས་པ་དེ་ཡིན། འོན་ཀྱང་རྣ་བ་འོན་ཅིང་མིག་ཡས་ཞར་བའི་སྤྱི་ཚོགས་དེས་ཡེ་ནས་མཐོང་མི་སྲིད།  ཡང་ཟུར་ངོས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། ཉམ་ཆུང་གི་བྱིས་པ་དེ་ཚོས་དཀའ་སྡུག་གི་ལམ་བུ་འདི་འདེམས་པ་ལས་གཞན་གྱི་འོད་ཟེར་སྟོང་ལྡན་གྱི་འགྲོ་ལམ་ཞིག་ཀྱང་སྐབས་དེར་ཡོད་མི་སྲིད་པ་རེད།

དེ་ལྟར་སྒྱུ་རྩལ་པས་ཆིན་རྒྱལ་རབས་སྐབས་ཀྱི་སྤྱི་ཚོགས་ལ་ཟུར་ཟ་དང་དགག་རྒྱག་བྱས་ཤིང་། ཀྲུང་ཧྭ་མིན་གོའི་སྐབས་ཡང་མིན་གོའི་དམག་མི་དང་བཙན་འཛུལ་མཁན་ཉི་ཧོང་བའི་དམག་གཉིས་ནས་སོ་སོས་ཅིན་གར་ལ་བཟུང་བའི་ལྟ་ཚུལ་གོ་བསྡུར་བྱས་པ་དེ་དང་། ཕྱིས་སུ་གུང་ཁྲན་ཏང་གིས་སྲིད་དབང་བཟུང་ནས་ཀྱང་མི་འདི་གསུམ་གྱིས་མཚོན་པའི་མང་ཚོགས་ལ་བདེ་བའི་དུས་ཤིག་ནམ་ཡང་མ་བྱུང་བ་སྟེ། ཡ་ང་བའི་རིག་གནས་གསར་བརྗེའི་དོན་རྐྱེན་གྱིས་རང་རེའི་སྤྱི་ཚོགས་སྟེང་དུའང་བུས་ཕ་བསླུ་བའི་གཏམ་རྒྱུད་བྱུང་མྱོང་བ་བཞིན་འདིར་འང་མཐུན་པའི་ལས་རོགས་ཀྱིས་ཏོན་ཞའོ་ལོའུ་བསླུས་པ་དང་། ཞའོ་སི་ནས་རང་གི་སྲོག་སྐྱོབ་ཀྱི་དྲིན་ཆེན་བསླུས་པ། མཐའ་མར་ཉེན་ཁ་ལས་གཡོལ་ཆེད་དུ་ཏོན་ཞའོ་ལོའུ་ནས་ཆུང་སྐྱེས་ཀྱི་གྲོགས་དང་དགའ་བའི་གཉེན་གཉིས་ཀར་རྒྱབ་འགལ་གྱིས་བསླུས་པས་གློག་བརྙན་གྱི་བརྗོད་བྱ་མཐོ་རླབས་སུ་སོང་ཞིང་། མི་རིགས་ཀྱི་ལས་དབང་དང་རིག་གནས་ལ་བསམ་གཞིགས་བྱས་པ་ཙམ་ཁོ་ན་ལས་བརྒལ་ནས། མིའི་རང་བཞིན་ལ་འཚོལ་རྟོགས་བྱས་ཡོད་དེ། ཡོན་པོར་འཁྱོགས་པའི་བསམ་བློས་མི་སེམས་རྨོངས་པར་བྱས་པའི་དུས་འགྱུར་དེ་ལྟ་བུའི་ནང་སུས་ཀྱང་དེ་ལྟར་རྒྱབ་འགལ་གྱི་སྦྱོར་བ་མི་རྩོམ་པའི་ངེས་པ་ག་ལ་ཡོད།

ཞེ་མེར་བའི་ཟང་ཟིང་གི་འཇིག་རྟེན་འདིར་ཡང་ཡང་ཡིད་རྟོན་བསྐྱེད་ནའང་ཐ་ན་རང་གི་གཏན་གྲོགས་ནས་ཀྱང་གལ་ལ་ཐུག་དུས་རྒྱབ་འགལ་བྱས། ཇུའུ་ཞན་གྱིས་རེ་ཐག་གཏིང་ནས་ཆད་དེ་ལྕེབས། ཁོ་བོས་ཇི་ལྟར་བསམ་པ་དེ་ལྟར་འདི་སྙམ་དུ་བསམས་ཏེ། གློག་བརྙན་འདིར་རྒྱུན་ལྡན་གྱི་མི་གཉིས་ཡོད་པ་ནི་ལམ་ལུགས་ལ་དགག་པའི་ལྕེབས་ཤི་རྒྱག་མཁན་བྱིས་པ་དེ་དང་། ནམ་ཡང་ཞི་འཇགས་མེད་པའི་འཚོ་བ་དང་རྒྱབ་འགལ། འགྱུར་སྐྱེན་པའི་མི་སེམས་ལ་ཞེ་མེར་བའི་ཇུའུ་ཞན་རེད། ཡིན་ནའང་དེ་གཉིས་ཀྱང་བཅོ་ལྔའི་ཟླ་བ་ལྟར་ཆ་ཡོངས་སུ་རྫོགས་པ་ཞིག་མ་རེད་དེ། གཅིག་ནི་མནར་གཅོད་ལ་ཡ་མི་ང་ཡང་དེ་ལ་ངོ་རྒོལ་དང་གདོང་གཏད་ཀྱི་བསམ་བློ་མེད་ལ། ཅིག་ཤོས་དེ་འཚོ་བ་ལ་སྨོན་འདུན་འཆང་མཁན་ཞིག་ལས་ལག་ལེན་དུ་མ་འཁྱོངས་པ་ཞིག་སྟེ་ཐོག་ཁང་དམར་པོའི་སྨད་འཚོང་མ་ཞིག་རེད། དེས་ན་ཁོ་གཉིས་ཀྱིས་རང་གི་ཚེ་སྲོག་རང་གིས་མཇུག་སྒྲིལ་བའི་ལམ་གདམས་པ་ནི་ངོ་རྒོལ་ཞིག་རེད་ལ། དེ་བས་ཀྱང་འུ་ཐུག་ཐབས་ཟད་ཀྱི་སྦྱོར་བ་ཞིག་ཀྱང་རེད། ཡིན་ནའང་སྦྱོར་བ་དེ་ཕོ་ལ་མོའི་སེམས་ཁམས་ཆགས་པའི་སྐྱེས་པ་དང་དཔའ་རྟུལ་ཅེས་པ་འཁྲབ་པ་ལས་དཔའ་རྟུལ་གྱི་དྲི་ཙམ་ཡང་མེད་པའི་ཏོན་ཞའོ་ལོའུ་ལས་རླབས་ཆེ་བ་ནི་བརྗོད་མི་དགོས། གློག་བརྙན་གྱི་མཇུག་ཏུ། ཁྲིན་ཏེའུ་ཡི་ནས་ཀྱང“ང་མ་གཞི་སྟག་ཤར་ཕོ་ཡིན་ཏེ། སྨན་ཤར་བུ་མོ་ག་ནས་ཡིན”ཞེས་སད་རྟོགས་བྱུང་ཞིང་། སླར་ཡང་གཉུག་མའི་རང་ཉིད་རྙེད་ན་ཡང་། སྒྱུ་རྩལ་པ་ནི་བསམ་བློའི་མཐོ་ས་དང་མཛེས་པའི་ཡང་རྩེ་སྙེགས་མཁན་དེ། དེས་ལྟད་མོ་བའི་མོས་པར་མི་བསྟུན་ལ་རང་གི་ལྟ་ཚུལ་ཡེ་ནས་འདོར་བར་མི་བྱེད། ཁྲིན་ཏེའུ་དབྱི་ནས་རང་ཉིད་རང་ཉིད་དུ་ངོས་ཟིན་པ་དང་འབྲེལ་རང་སྲོག་བླངས། རྒྱུ་མཚན་ནི་རང་ཉིད་བོར་བས་ཚེ་གང་བོར་གཞན་ཞིག་གི་འཚོ་བ་བསྐྱེལ་ཅིང་རང་ཉིད་བོར་བས་ཁོས་རང་ཉིད་ཀྱི་འཚོ་བ་གནའ་ནས་བོར། རང་ཉིད་འབོར་རྒྱུ་ནི་ད་གཟོད་སྲོལ་རྒྱུན་གྱི་ལུགས་སྲོལ་དེའི་རེ་བ་ཡིན། འོན་ཀྱང་རང་ཉིད་རང་ཉིད་དུ་ཤེས་དགོས་པའི་རྟོགས་སད་དེ་འཕྱིས་དྲགས་པ་སྟེ། དེ་འཕྱིས་དོན་ཡང་སྤྱི་ཚོགས་འདི་དང་རྨོངས་འཐོམ་ཀྱི་མི་དེ་དག་ལས་གཞན་དུ་ཅིའོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།