ཚེ་སྲོག་གི་ལྗོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚེ་སྲོག་གི་ལྗོན་པ།
《ཚེ་སྲོག་གི་ལྗོན་པ》ཞེས་པའི་དུང་བརྗོད་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཐའེ་ལུན་སི•མཱ་ལི་ཁུས་འཁྲབ་ཁྲིད་དང་། པུའུ་ལཱ་ཏུ•ཕེ་ཐུ་དང་ཞི་ཨུན•ཧྥན། ཅེ་ཞི་ཁཱ•ཁྲ་སི་ཐན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་སྤྱི་ལོ1950ལོའི་ལོ་མཇུག་ཏུ་བྱུང་བའི་གཏམ་རྒྱུད་དེ། མིང་ལ་ཅེ་ཁུ་ཟེར་ཞིང་ལོ་བཅུ་གཅིག་ལ་ལོན་པའི་ཨ་རིའི་ནུབ་མཐའི་གཞོན་ནུ་ཞིག་བྱིས་དུས་དང་ལང་ཚོ་རྒྱས་པའི་དུས་སྐབས་བརྒྱུད། ཅེ་ཁུས་མཐའ་མཇུག་ཚེ་སྲོག་གི་སྙིང་པོ་དངོས་སུ་རྟོགས་ཤིང་། དགའ་བ་དང་མཛེས་པ། ཡ་རབས་དང་ལུགས་མཐུན་གྱི་སྤྱོད་པའི་རྩ་བ་རྙེད་པ་སྟེ། དེ་དག་གི་ཡོད་ཚད་ནི་རང་ཁྱིམ་གྲུ་བཞི་འདི་ཡིན་པ་དང་། ཁོས་རང་ཁྱིམ་གྲུ་བཞི་དེ་ནས་འཇིག་རྟེན་གྱི་གནས་ལུགས་དང་རང་ཉིད་ཀྱི་རྩིས་ཐང་རྟོགས་པ་མ་ཟད། ད་དུང་མི་ཡུལ་ལ་བརྩེ་བ་ཇི་ལྟར་སྒོམ་དགོས་པའི་ངོས་ཟིན་ཀྱང་ཟབ་མོ་ཐོབ་པ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཚེ་སྲོག་གི་ལྗོན་པ།
མ་བརྙན་མིང་།
The Tree of Life
རྒྱ་འགྱུར་མིང་།
生命之树
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ཐའེ་ལུན་སི•མཱ་ལི་ཁུ།
གཙོ་འཁྲབ་པ།
པུའུ་ལཱ་ཏུ•ཕེ་ཐུ། ཞི་ཨུན•ཧྥན། ཅེ་ཞི་ཁཱ•ཁྲ་སི་ཐན།
འགྲེམ་དུས།
2011-05-16
བརྙན་རིགས།
གཏམ་རྒྱུད། ཚན་འཕྲུལ།
ཡུན་ཚད།
སྐར་མ139
བྱ་དགའ་གཙོ་བོ།
སྐབས64པའི་ཅཱ་ནཱ་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།
1 ནང་དོན་མདོར་བསྡུས།

གློག་བརྙན་འདིའི་གཙོ་འཁྲབ་པའི་མིང་ལ་ཅེ་ཁུ་ཟེར་ཞིང་། ལོ་བཅུ་གཅིག་ལ་ལོན་པའི་ཨ་རིའི་ནུབ་མཐའི་གཞོན་ནུ་ཞིག་དང་། ཁོ་ནི་ཁྱིམ་ཚང་དེའི་བྱིས་པ་གསུམ་གྱི་ཆེ་བོ་ཡིན། ཅེ་ཁུས་ཐོག་མར་འཇིག་རྟེན་གྱི་མཚར་སྣང་དང་སྣང་ཚུལ་མཐའ་དག་ནང་སེམས་ཀྱི་ཚོར་སྣང་ལྟར་བཙལ་ཞིང་སོང་བ་དང་ཆབ་ཅིག་མ་ཡུམ་གྱི་བྱམས་སྐྱོང་འོག་ཏུ་མིག་མདུན་གྱི་འཇིག་རྟེན་ལ་བརྩེ་བའི་མིག་གིས་བལྟས། འོན་ཀྱང་ཁོའི་ཡབ་ཆེན་གྱི་བསམ་ཚུལ་ནི་དེ་ལས་ལྡོག་སྟེ་འཚོ་བ་རང་དབང་གིས་རོལ་འདོད་ན་ངེས་པར་རང་གིས་རང་ཉིད་བསམ་དགོས་ཟེར། ཕ་མ་གཉིས་ཀྱིས་ཅེ་ཁུ་རང་སོ་སོའི་བསམ་ཚུལ་གྱི་ལམ་དུ་ཞུགས་ན་འདོད་པས་སྙིང་རྗེ་བའི་བྱིས་པ་ཁོ་འགལ་འདུའི་གདོང་ཁར་ཡུན་རིང་ཁེར་རྐྱང་དུ་ལུས། རྗེས་སུ་འཆི་བ་དང་ལྟོགས་སྐོམ་གྱི་སྡུག་བསྔལ་སྣ་ཚོགས་ལ་ཐེངས་མང་ཕྲད་པས་ཁོའི་ནང་སེམས་ཀྱི་འཚར་ལོངས་ལ་གནོད་པ་བྱུང་ཞིང་། མཚར་སྣང་དང་ཤེས་འདོད་ཆེ་ཞིང་། བརྩེ་འཛུམ་དང་དགོད་སྒྲས་ཁེངས་པའི་ཡིད་འོང་གི་བྱིས་པ་ཞིག་ནས་གྲག་མེད་འགུལ་མེད་ཀྱི་རྣམ་ཤེས་འཁྱམ་འདྲའི་བུ་ཆུང་ཞིག་ཏུ་གྱུར། ནར་སོན་རྗེས་ཀྱང་ཅེ་ཁུའི་འཚོ་བ་བཟང་རྒྱུ་མེད་མོད། ཁོས་མི་ཡུལ་གྱི་སྐྱ་ཐང་ཐིང་གི་ངོ་གདོང་དེ་བསྒྱུར་ཐུབ་ན་འདོད། འོན་ཀྱང་དེ་ནི་དངོས་གནས་སྟོང་བསམ་སྐྱིད་པོ་ཞིག་ལས་མ་འདས་པ་སྨྲོས་ཅི་དགོས། དེ་ནས་ཁོས་མི་ཡུལ་གྱི་གནས་ལུགས་དངོས་རྟོགས་པ་དང་ལྟ་ཚུལ་གཞན་ཞིག་གིས་འཇིག་རྟེན་ལ་གོ་བ་བླངས། རིམ་བཞིན་འཇིག་རྟེན་གྱི་མཚར་སྣང་དང་མི་ཡུལ་གྱི་དགའ་བདེ་བསྐྱར་དུ་རྙེད་ཅིང་ཡབ་ཆེན་ལ་སེམས་གཏིང་ནས་བཟོད་སྒོམ་བྱས།

གཏམ་རྒྱུད་ཀྱི་མཇུག་ཏུ་ཅེ་ཁུས་མཐའ་མཇུག་ཚེ་སྲོག་གི་སྙིང་པོ་དངོས་སུ་རྟོགས་ཤིང་། དགའ་བ་དང་མཛེས་པ། ཡ་རབས་དང་ལུགས་མཐུན་གྱི་སྤྱོད་པའི་རྩ་བ་རྙེད་པ་སྟེ། དེ་དག་གི་ཡོད་ཚད་ནི་རང་ཁྱིམ་གྲུ་བཞི་འདི་ཡིན་ལ། རང་ཁྱིམ་གྲུ་བཞི་ནི་ད་གཟོད་ཅེ་ཁུའི་མཐར་ཐུག་གི་སློབ་གྲྭ་ཆེན་མོ་ཡིན། ཁོས་རང་ཁྱིམ་གྲུ་བཞི་དེ་ནས་འཇིག་རྟེན་གྱི་གནས་ལུགས་དང་རང་ཉིད་ཀྱི་རྩིས་ཐང་རྟོགས་པ་མ་ཟད། ད་དུང་མི་ཡུལ་ལ་བརྩེ་བ་ཇི་ལྟར་སྒོམ་དགོས་པའི་ངོས་ཟིན་ཀྱང་ཟབ་མོ་ཐོབ།

2 དཔྱད་གཏམ།

གློག་བརྙན་འདིས་ང་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་སྤྱིར་བཏང་གི་ཁྱིམ་ཚང་དཀྱུས་མ་ཞིག་གིས་བྱིས་པའི་འཚར་ལོངས་དང་བསམ་བློ་ལ་ཐེབས་པའི་ཤུགས་རྐྱེན་ཡིན། ཅེ་ཁུ་ལྟ་བུའི་བྱིས་པ་ཞིག་གམ་ཁོའི་ཕ་མ་གཉིས་ལྟ་བུའི་ཁྱིམ་བདག་ཚོར་མཚོན་ན། གློག་བརྙན་འདིར་བལྟས་རྗེས་ལྐོག་ཏུ་གྱུར་བའི་མིའི་ཚེ་སྲོག་གི་ནར་སོན་སྟངས་ལ་གོ་བ་ཞིག་བསྐྱར་དུ་ལེན་དགོས་པར་འདུག

ལས་ཀྱིས་བསྡུས་ཤིང་ཉིང་མཚམས་སྦྱར་ནས་མངལ་དུ་སྦྲུམ། ཟླ་དགུ་ཞག་བཅུར་ཨ་མའི་ལུས་ལ་ཁུར་ཅིང་སྐྱེས། ཕ་མའི་འཛུམ་གྱིས་བསུས་ཤིང་བྱམས་པའི་ཐུགས་ཀྱིས་བསྐྱངས། ཕུ་ནུ་མིང་སྲིང་མང་ཞིང་རྩེད་ར་གཅིག་ཏུ་འཛོམས། ཕ་མའི་བློ་ལས་འདས་པའི་པྲ་ཆལ་ལས་ལ་ཞུགས། འདི་དག་ནི་བྱིས་པ་ཞིག་འཚར་ལོངས་བྱུང་བའི་གོ་རིམ་དང་ཕ་མ་ཚོས་རང་གི་བུ་ཕྲུག་སྐྱོང་བའི་སེམས་ཁུར་གྱི་རྒྱུན་ཐག་རེད། གང་ལྟར་གློག་བརྙན་འདིར་བལྟས་རྗེས་རང་གི་བྱིས་དུས་ལ་ཕྱིར་མིག་ཐེངས་གཅིག་བལྟ་དགོས་བྱུང་། ཕ་མ་དང་རང་གི་བར་ཐག་ལ་ཡང་བསྐྱར་དུ་ཉུལ་ཞིབ་ཞིག་བྱེད་དགོས་བྱུང་། དེའི་མི་ཚད་ད་ལྟ་རང་གི་མིག་མདུན་ན་ཡོད་པའི་སྤྱི་ཚོགས་འདི་ལ་ཡང་གོ་བ་ཞིག་བསྐྱར་ཏུ་ལེན་དགོས་རྒྱུ་རེད་བསམ་བྱུང་། ཡང་སྙིང་ང་ཚོའི་ཚེ་སྲོག་ཅེས་པའི་རྟེན་ཕུར་ནི་དབུགས་ཀྱི་རྒྱུ་བ་ཙམ་ཡིན་མིན་ལ་སྡོམ་ཚིག་གསར་བ་ཞིག་བཙལ་ན་ཡག་ཤོས་རེད་བསམ་བྱུང་། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།