ལྕང་ལོ་ཅན་བསོད་ནམས་རྒྱལ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁས་དབང་འདི་ཉིད་བོད་རབ་བྱུང་བཅོ་ལྔ་བའི་མེ་མོ་བྱ་ལོར་བོད་ཀྱི་མི་དྲག་གི་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་སྐུ་འཁྲུངས། བོད་ཤེས་རིག་གི་ཐད་ལ་བྱས་རྗེས་སྣ་ཚོགས་བཞག་བའི་མཁས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1917-1972)
ཡབ།
ལྕང་ལོ་ཅན་རྣམ་རྒྱལ་ཚེ་བརྟན།
ཡུམ།
རྡོ་རྗེ་དབྱངས་སྐྱིད།
འཁྲུངས་ཡུལ།
ལྷ་ས།
1 ངོ་སྤྲོད།

མཁས་དབང་འདི་ཉིད་བོད་རབ་བྱུང་བཅོ་ལྔ་བའི་མེ་མོ་བྱ་ལོར་བོད་ཀྱི་མི་དྲག་གི་ཁོངས་སུ་གཏོགས་པའི་སྐུ་དྲག་གི་ཁྱིམ་ཚང་ལྕང་ལོ་ཅན་དུ་སྐུ་འཁྲུངས། བོད་ཤེས་རིག་གི་ཐད་ལ་བྱས་རྗེས་སྣ་ཚོགས་བཞག་བའི་མཁས་པ་ཞིག་ཡིན། དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་གནང་འགོ་ཚུགས་ཏེ་ལྷ་སའི་དགའ་ལྡན་ཤར་སློབ་གྲྭར་བསྐྱལ་གནང་བ་དང་། དགུང་ལོ་བཅུ་དྲུག་ཙམ་ལ་སོན་སྐབས་ཡབ་ཀྱི་ཁོང་གཞུང་ལས་ཀྱི་སྤྱན་ལྟོས་གོམས་འདྲིས་ཡོང་ཁྱད་ལ་དགོངས་ཏེ་ཕྱག་རོགས་སུ་འཁྲིད་གནང་ཐོག་གཞུང་ཡིག་འབྲི་སྦྱོང་མཛད། དགུང་ལོ་ཉི་ཤུ་རྩ་གཅིག་ཙམ་ལ་གུང་གི་གོ་ཐོབ་རྒྱུད་འཛིན་གནང་བ་དང་ཆབས་ཅིག་ཇ་ཚྭ་དོ་དམ་གྱི་ལས་འགན་བཞེས། སྐབས་དེའི་རིང་དེས་འགན་བབས་གཞུང་ལས་བྱེད་སྒོ་རྣམས་སྒྲུབ་གནང་ཐོག ཁྱིམ་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་སྙན་རྩོམ་གསུམ་སོགས་ལ་ཟབ་སྦྱོང་མཛད་དེ་སྙན་རྩོམ་གྱི་ཚིག་རྣོ་དོན་ཟབ་དང་དཔེ་དོན་འབྲེལ་ཆགས་ཀྱི་སྦྱངས་འབྲས་གཟེངས་སུ་ཐོན་པས། སློབ་དཔོན་ཡང་ཐུགས་ཤིན་ཏུ་དགྱེས་ནས་མ་ལས་ཆེ་བའི་བུ་གཅིག་ཡོད་ཅེས་བསྔགས་བརྗོད་ཡང་ཡང་གནང་འདུག

དགུང་ལོ་ཉི་ཤུ་རྩ་ལྔར་རྒྱལ་རྩེ་དབྱིན་ཇིའི་དམག་སྒར་དུ་ལོ་གསུམ་དམག་སྦྱོང་དུ་ཕེབས་ནས་ལྷ་སར་ཕྱིར་ལོག་གནང་མ་ཐག་བཀའ་ཤག་དང་དམག་སྤྱི་ཁང་གིས་རྒྱ་གར་ཁུལ་དུ་བོད་དམག་གི་མཚོན་ཆ་མཁོ་སྒྲུབ་བྱེད་དུ་མངགས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྤྱི་ལོ1933ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་སུ། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཙོར་བྱས་པའི་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པའི་ཁོངས་མི་གཙོ་གྲས་རྣམས་ཁག་བགོས་ཀྱིས་དོ་དམ་བྱས་པའི་ཁོངས་སུ་གང་དེ་ཡང་དོ་དམ་བྱས་མཐར་ཀོང་པོ་རྩེ་སྒང་རྫོང་དུ་མི་ལྡོག་པའི་ས་འཛིན་རྒྱང་འབུད་དུ་བཏང་ནས་དེ་སྐབས་སྔོན་ཀོང་པོར་རྒྱང་འབུད་དུ་བཏང་བའི་སྐུ་བཅར་ཀུན་འཕེལ་ལགས་དང་ངོ་འཕྲད་བྱུང་ཞིང་། མེ་བྱི་ལོར་ཁོང་གཉིས་གསང་གྲོས་ཀྱིས་གནས་སྐོར་ལ་བསྙད་བཏགས་ནས་རྒྱ་གར་དུ་བྱོན། རྒྱ་གར་ཁུལ་དུ་ལོ་བཅུ་ཙམ་བཞུགས་རིང་ཀ་སྦུག་བྲག་ཤོད་ཀྱི་སྲས་ཚོར་བོད་ཡིག་སློབ་ཁྲིད་གནང་བ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁུ་ནུ་མཐར་ཕྱིན་སྦ་བུ་སོགས་དང་མཉམ་འཛོམས་ཀྱིས་མཐའ་ཀླས་གངས་ཅན་རྩོམ་རིག་གི་མཁའ་དབྱིངས་སུ་རྣམ་པར་རྩེན་ནས་སྔ་རྗེས་སུ《རྒན་བྱིས་གསུམ་གྱི་འབེལ་གཏམ་སྣང་བ་རབ་གསལ》 ཞེས་དང་། 《ཡིག་བསྐུར་རྣམ་བཞག》 《ཀ་བཤད》 དེ་མིན་སྙན་ཚིག་ཁག་ཅིག་བཅས་རྩོམ་འབྲི་གནང་ཡོད། ཀ་སྦུག་བྲག་ཤོད་ཀྱི་ཨ་ནི་ཆོས་ཉིད་དབང་མོ་དང་ལྷན་དུ་འབྲས་སྤྱི་བློན་ཆེན་སར་སྦི་སིས་བརྩམས་པའི《ལྷར་བཅས་སྲིད་བཞིའི་གཙུག་རྒྱན་གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་སྲིད་ཁྲིར་མངའ་གསོལ་བ་སོགས་མདོ་ཙམ་བཀོད་པ་བཞུགས་སོ》 ཟེར་བ་དབྱིན་ཡིག་ནང་ནས་བོད་ཡིག་ཏུ་ཕབ་བསྒྱུར་མཛད། མེ་ཕག་སྤྱི་ལོ1947ལོར་བོད་ས་གནས་སྲིད་གཞུང་ནས་ཕྱིར་ལོག་ཆོག་པའི་བཀའ་འཁྲོལ་བ་ལྟར་ལྷ་སར་གཞིས་མ་བུ་ཕྲུག་དང་མཉམ་འཛོམས་གནང་བའི་སྐལ་བ་ཐོབ།

གང་དེས་སྔར་བོད་ས་གནས་སྲིད་གཞུང་གི་གུང་དང་། སྲས་རྣམ་པ། ཐའི་ཇི་སོགས་ཀྱི་གོ་གནས་བཞེས་མྱོང་བ་དང་། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ལྷ་ས་སློབ་ཆུང་ཨང་དང་བོའི་སློབ་སྟོན་ཀྲུའུ་རིན་དང་། སློབ་སྤྱི་གཞོན་པ། བོད་དམག་ཁུལ་ཁང་ལས་བྱེད་སློབ་གྲྭའི་དགེ་རྒན། བོད་ལྗོངས་རྒྱལ་གཅེས་གཞོན་ནུ་ཤེས་རིག་མཐུན་གྲོགས་ཚོགས་པའི་ཀྲུའུ་རིན་གཞོན་པ། བོད་དམག་ཁུལ་ཁང་རྩོམ་གཞུང་ཨུ་ཡོན་ལྷན་ཁང་ཁོངས་ཚ་སྤྲུལ་རིན་པོ་ཆེ་དང་ལྷན་དུ《གསར་འགྱུར་མདོར་བསྡུས》 ཞེས་པའི་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་འགན་བཞེས། ལྷ་ས་དམག་དོན་བཀག་འདོམས་ཨུ་ཡོན་ལྷན་ཁང་རིག་སློབ་ཙུའུ་ཙུའུ་ཀྲང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་རིག་སློབ་ཁྲུའུའི་ཁྲུའུ་ཀྲང་། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། བོད་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་ཆབ་གྲོས་སྐབས་གསུམ་པའི་ཨུ་ཡོན་བཅས་ཀྱི་ཐུགས་འགན་བཞེས་མུར་སྐབས་དེའི་སློབ་གྲྭ་འབྲིང་ཆུང་ཁག་གི་བོད་ཡིག་སློབ་ཚན་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》 རྩོམ་སྒྲིག་ཞུས་དག་གནང་། གནའ་རྫས་བདག་གཉེར། དམངས་ཁྲོད་ལྷ་མོ་ཚོགས་པ་སོགས་ལ་ཐུགས་འཁུར་ཟབ་གཞེས་གནང་བ་སོགས་རང་ནུས་གང་ཡོད་ཀྱི་ལེགས་སྐྱེས་ཕུལ་གནང་ཡོད་ཅིང་མཐར་དགུང་གྲངས་དོན་ལྔར་ཕེབས་པ་ཆུ་བྱི་ལོར་སྙུན་གཞི་གློ་བུར་དུ་ཕོག་ནས་སྐུ་གཤེགས།


བརྡ་འགྲེལ་གདོང་འཛར།

མི་སྣ། སྤྱི་ཚོགས་ཚན་རིག ལོ་ཙཱ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-13

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།