འཇམ་མགོན་སངས་རྒྱས་ཕུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་མོ་གླང་གི་ལོར་མངའ་རིས་སྨད་ཀྱི་ཏྲེ་བར་གྲགས་པའི་འབྲོག་གསེབ་ཏུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། རྫོང་ཆུང་ཕྲིན་ལས་ཕུན་ཚོགས་ཀྱིས་མཚན་བདག་མེད་ཅེས་གསོལ། སྐུ་ན་ཆུང་དུས་ནས་ངོ་མཚར་བའི་སྤྱོད་པ་དུ་མ་མངའ་ཞིང་། དགུང་ལོ་བརྒྱད་པར་འཆར་སྟོན་ཕྲིན་ལས་ཕུན་ཚོགས་ཀྱིས་བཀའ་བསྒོ་དང་བྱིན་རླབས་མཛད་དེ་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིགས། དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཐོས་བསམ་གྱི་གཤོག་ཟུང་མཁའ་རུ་བརྐྱངས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1649-1705)
སློབ་མ།
ཞྭ་ལུ་བའི་མཁན་པོ་རྗེ་ཤེས་རབ་རྒྱ་མཚོ།
འཁྲུངས་ཡུལ།
མངའ་རིས་སྨད།
གྲུབ་མཐའ།
ས་སྐྱ་བ།
1 ངོ་སྤྲོད།

ཁོང་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་མོ་གླང་གི་ལོར་མངའ་རིས་སྨད་ཀྱི་ཏྲེ་བར་གྲགས་པའི་འབྲོག་གསེབ་ཏུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། རྫོང་ཆུང་ཕྲིན་ལས་ཕུན་ཚོགས་ཀྱིས་མཚན་བདག་མེད་ཅེས་གསོལ། སྐུ་ན་ཆུང་དུས་ནས་ངོ་མཚར་བའི་སྤྱོད་པ་དུ་མ་མངའ་ཞིང་། དགུང་ལོ་བརྒྱད་པར་འཆར་སྟོན་ཕྲིན་ལས་ཕུན་ཚོགས་ཀྱིས་བཀའ་བསྒོ་དང་བྱིན་རླབས་མཛད་དེ་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིགས། དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཐོས་བསམ་གྱི་གཤོག་ཟུང་མཁའ་རུ་བརྐྱངས། དགུང་ལོ་བཅུ་གསུམ་པར་གྲུབ་ཆེན་སངས་རྒྱས་ལྷུན་གྲུབ་ལ་གཙུག་ཕུད་ཕུལ་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་སངས་རྒྱས་ཕུན་ཚོགས་གསོལ། གཉགས་སྟོན་རྡོ་རྗེ་ཕུན་ཚོགས་ལས་ཀ་མད་བསླབས་པ་ནས་བརྩམས་ཡི་གེ་འབྲི་ཀློག་ཐམས་ཅད་བརྡ་བསྟན་པ་ཙམ་གྱིས་མཁྱེན། ཆོས་སྤྱོད་ནས་བཟུང་རྒྱུད་ཆུང་བཞི་མན་ངག་རྣམ་བཤད་སོགས་གཞུང་ཕལ་ཆེར་དཀའ་ཚེགས་མེད་པར་མཐར་ཕྱིན། དགུང་ལོ་བཅུ་དྲུག་པར་མཁས་བཙུན་ཀུན་དགའ་ལེགས་པ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་བཀའ་ཆོས་ཀྱང་དུ་མ་གསན། དགུང་ལོ་ཉེར་གཅིག་པར་དཔལ་ཨེ་ཝཾ་ཆོས་ལྡན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་ཕེབས་ཏེ་སྔ་གཞུག་རྣམས་སུ་མཁན་བཙུན་དུ་མ་བསྟེན་ནས་མདོ་སྔགས་ཕལ་ཆེའི་ལག་ལེན་ཕྲ་མོ་ཚུན་ཆད་ལེགས་པར་བསླབས་ཤིང་། སྒྲ་སྙན་ངག་སྡེབ་སྦྱོར། མངོན་བརྗོད་ཟློས་གར་སོགས་རིག་གནས་མཐའ་དག་ལ་སྦྱངས་ཤིང་མཐར་ཕྱིན་པར་མཛད་པས་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོར་ཡོངས་སུ་གྲགས་པར་གྱུར། དགུང་ལོ་ཉེར་ལྔ་བ་ཆུ་མོ་གླང་གི་ལོར་ཐར་བ་རྩེའི་བཀའ་ཕེབས་དང་ལེན་སྒོ་ནས། སྒ་སྟོད་གདོང་སྤྲད་བསམ་གླིང་སྒར་དུ་འབུལ་སྡུད་དུ་ཕེབས་ཏེ། བཤད་སྒྲུབ་སྤེལ་བས་ཕྲིན་ལས་རྒྱ་ཆེའི་སྒོ་ནས་འབུལ་སྐྱེལ་ལན་བཅུ་གཅིག་གནང་།

ཨེ་ཝཾ་ཆོས་ལྡན་ནས་སྤྱན་འདྲེན་པའི་ཕོ་ཉ་དང་མཆོད་ཡོན་གྱི་བཀའ་ཤོག་ཕེབས་པར་བརྟེན། ལོ་དེའི་ཧོར་ཟླ་བཅུ་གཅིག་པར་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་ནས། སྔ་གཞུག་རྣམས་སུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཚར་བཅུ་གཅིག་གིས་མཚོན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཆར་ཆེན་པོ་ཕབ། ལུང་རིགས་བཟང་བོས་འཐད་སྒྲུབ་ཀྱི་བསྟན་བཅོས་དང་། མཁས་བཙུན་མང་བོས་རང་རང་གི་ཐུགས་བཞེད་ལྟར་འཁྲུལ་བ་སེལ་བའི་དྲིས་ལན་དཔག་མེད། སོ་སོའི་གཞུང་དང་མཐུན་པར་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དེ་འདི་ལྟར་རོ་ཞེས་ལེགས་པར་བཀྲལ་ནས་གནང་བ་ཡང་མཐའ་ཡས་སོ། ། གཞན་ཡང་གྲགས་ཆེ་བས་བུ་སློབ་རྣམས་ཀྱིས་བསྐུལ་བ་དང་། ཁྱད་པར་དུ་དགོངས་ནས་གསུངས་པའི་བསྟན་བཅོས་ཀྱང་དཔག་ཏུ་མེད་ཅིང་། སློབ་མའི་ཚོགས་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པའང་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བཀའ་འབུམ་པོད་བཞི་ཙམ་བཞུགས་སོ། ། དེ་ལྟར་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་ཅིང་བཞུགས་སྐབས། སྡེ་དགེ་ས་སྐྱོང་བླ་མ་ཚེ་དབང་རྡོ་རྗེ། རྒྱལ་དབང་མཆོད་ཡོན་གྱི་བཀའ་ཤོག་དང་བཅས་ཕེབས་དགོས་པར་གསོལ་བ་བཏབ་པ་ལྟར། ཡོས་ལོ་ཟླ་བ་དྲུག་པར་མདོ་ཁམས་དུ་ཆིམས་བསྒྱུར་གནང་ནས་ལམ་བར་རྣམས་ཕྲིན་ལས་རྒྱ་ཆེར་བསྐྱངས། འཕགས་པ་བརྒྱ་སྟོང་བའི་གླེགས་བམ་སུམ་སྒྲིག་པར་དུ་འཁོད་པ་ལ་དཀར་ཆག་བསྔགས་བརྗོད་རྩོམ་པ་གནང་ཞིང་། ཀུན་དགའ་ཆོས་འཕེལ་གྱིས་ཀྱང་བསྐུལ་ནས། ས་སྐྱོང་ཆེན་པོས་མཁན་ཆེན་རྣམ་གཉིས་ཀྱི་དགོངས་བཞེད་ལྟར། ཐུགས་སུ་གཡར་དམ་གྱིས་ཕྱིས་སུ་རྒྱལ་བའི་བཀའ་འགྱུར་རོ་འཚལ་སོགས་ངོ་མཚར་བའི་པར་དུ་མ་བསྒྲུབ་པར་མཛད་སོགས་ཀྱིས་མཚོན་དམ་པ་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་བོར་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་མཛད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-13

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།