ཁྱབ་འཇུག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བའི་མིང་སྟེ། ལྷ་ཆེན་པོ་ཁྱབ་འཇུག་སྟོན་པར་ཁས་ལེན་པས་ན་ཁྱབ་འཇུག་པ་ཞེས་ཐོགས་པ་དང༌། མིང་གཞན་ཟླ་བ་པ་དང་ཀླུའི་ཆོས་སྨྲ་བ་ཞེས་ཟེར།
1 རྒྱས་འགྲེལ།

མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བའི་མིང་སྟེ། ལྷ་ཆེན་པོ་ཁྱབ་འཇུག་སྟོན་པར་ཁས་ལེན་པས་ན་ཁྱབ་འཇུག་པ་ཞེས་ཐོགས་པ་དང༌། མིང་གཞན་ཟླ་བ་པ་དང་ཀླུའི་ཆོས་སྨྲ་བ་ཞེས་ཟེར། གྲུབ་མཐའ་འདི་འཛིན་མཁན་གྱི་བླ་མ་ཟླ་བ་དང༌། སྟོན་པ་གཞོན་ནུ་མ་ལེན(སློབ་དཔོན་ཆོས་གྲགས་དང་རྩོད་པ་བྱེད་མཁན)ལ་སོགས་པ་ཡོད། གྲུབ་མཐའ་འདིའི་འདོད་ཚུལ་ལ། ཁྱབ་འཇུག་ནི་གྲོང་ཁྱེར་སྒོ་ལྡན་ཞེས་བྱ་བ་ན་དཔལ་མོ་ལ་སོགས་པའི་ཆུང་མ་ཁྲི་དྲུག་སྟོང་གིས་བསྐོར་ནས་གནས་པ་དང༌། ཚངས་པ་དང༌། བརྒྱ་སྦྱིན། ཉི་མ་ཟླ་བ། རིག་བྱེད་བཞི། འབྱུང་བ་བཞི། བྲམ་ཟེ་ལ་སོགས་པ་འཇིག་རྟེན་ན་གྲགས་ཆེ་བ་ཐམས་ཅད་ཁྱབ་འཇུག་རང་ཉིད་ཡིན་སྙམ་པའི་སྤོབས་པ་དང་ལྡན་ཞིང༌། དེ་ལ་ཞི་དང་མ་ཞི་གཉིས་ཡོད་པའི་ཞི་བ༌ནི། ལྷ་རྫས་ཀྱི་ངོ་བོ། ཡོད་མིན་མེད་མིན་གྱི་བདག་ཉིད། ། འཆི་བ་མེད་པའི་ངོ་བོ་ཡིན་ཞིང༌། དེ་བསྒོམས་པས་ཐར་པ་ཐོབ་པ་ཡིན་ལ། མ་ཞི་བ་ནི་ཉ་དང་རུས་སྦལ་ལ་སོགས༌པའི་སྤྲུལ་པ་བཅུ་ལ་ཁྱབ་འཇུག་གི་འཇུག་པ་བཅུ་ཞེས་པའི་རིག་བྱེད་ཀྱི་གཏམ་རྒྱུད་བཤད་སྲོལ་ཡོད་པ་རྣམས་ཡིན་པར་ཁས་ལེན། གཞན་ཡང་རྟག་པ་ཆ་མེད་ཀྱི་བདག་ཁས་ལེན་ཅིང༌། གྲོལ་བྱེད་ཀྱི་ལམ་ནི་ཡི་གེ་ཨོམ་བསྒོམས་པ་དང་རླུང་བུམ་པ་ཅན་བསྒོམས་པ་སོགས་ཡོད་པ་དང་འཁོར་བ་ལས་ཐར་རྒྱུ་ཡོད་པར་ཁས་ལེན་པས་ཐར་པ་ཁས་ལེན་མཁན་གྱི་གྲས་ཡིན། སྤྱིར་བཏང་མུ་སྟེགས་ཁྱབ་འཇུག་པ་ལ་ལྷ་ཁྱབ་འཇུག་འཇིག་རྟེན་ཀྱི་བྱེད་པ་པོར་ཁས་ལེན་པ་ཞིག་ཡོད་པར་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི《དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་པ》ལས་གསུངས་ཤིང༌།《དུས་འཁོར་འགྲེལ་ཆེན་དྲི་མེད་འོད》ལས་མུ་སྟེགས་ཁྱབ་འཇུག་པ་ལ་རྡུལ་ཕྲན་ཆ་མེད་འཇིག་རྟེན་གྱི་བྱེད་པ་པོར་འདོད་པ་ཞིག་ཀྱང་ཡོད་པར་དམ་པ་འགའ་ཞིག་གིས་གསུངས་པ་ནི། དུས་འཁོར་འགྲེལ་ཆེན་གྱི་ཚིག་གོང་འོག་བསྡུར་ནས་ཞིབ་ཏུ་མ་གཟིགས་པའི་སྐྱོན་ཡིན་པར་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་གིས་མཛད་པའི《དུས་འཁོར་ཏིཀ་ཆེན》ལས་གསུངས་ཡོད། མུ་སྟེགས་ཁྱབ་འཇུག་པའི་འདོད་ཚུལ་ཞིབ་པར་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི《དབུ་མའི་འགྲེལ་ཆེན》དང༌། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི《གྲུབ་མཐའ་ཆེན་མོ》ལེའུ་ལྔ་པ་ལ་གཟིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-28

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།