རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག
རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ཅེས་བྱ་བ་འདི་ནི་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《甘珠尔编纂史•显密文库》
རྩོམ་པ་པོ།
སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།
མཚན་གཞན།
ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ།
དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2013ལོའི་ཟླ3པ།
1 རྩོམ་པ་པོ།

སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་མོས་ཡོས་སྤྱི་ལོ1699ལོའི་ཟླ11པའི་ཚེས17ཉིན་ཡབ་ངག་དབང་ཚེ་རིང་དང་ཡུམ་ཕྲ་མགུ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་པའི་དུས་སུ་ཀརྨ་པ་ཡེ་ཤེས་རྡོ་རྗེས་སི་ཏུ་སྐུ་ཐོག་བཞི་པའི་སྐྱེས་ཕྲེང་དུ་ངོས་འཛིན་མཛད། དགུང་ལོ་བདུན་པ་ནས་དཔལ་འབྱོར་དགོན་དུ་ཆོ་ག་ཕྱག་ལེན་སོགས་སྦྱངས། དེ་ནས་མཁས་ཆེན་དཔལ་གྲུབ་ཀྱི་མདུན་ནས་དཀར་རྩིས་དང་སྒྲ་སྙན་ངག་བཅས་གསན། དགུང་ལོ་བཅུ་བཞི་པལ་དབུས་ལྷ་གདན་དུ་ཕེབས། ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་པ་བསྩལ། དེ་ནས་ཀརྨ་པ་ཞྭ་དམར་ནག་གཉིས་ཀྱི་མདུན་ནས་བཀའ་བརྒྱུད་པའི་ཆོས་ཀྱི་སྐོར་དང་། ཏྲེ་ཧོར་རིན་པོ་ཆེའི་མདུན་ནས་རྙིང་མའི་ཆོས་སྐོར་གསན། དགུང་ལོ་ཉེར་གསུམ་པ་ལྷ་སར་ཐེངས་གཉིས་པ་ཕེབས། ཀརྨ་ཞྭ་དམར་ནག་དང་ལྷན་དུ་བལ་ཡུལ་དུ་ཕེབས། དེར་རྒྱ་གར་དང་བལ་ཡུལ་གྱི་མཁས་དབང་ཀ་ལ་ནྭ་ཡ་ཛ་ཡ་མང་ག་སོགས་དང་བགྲོ་གླེང་ཡུན་རིང་མཛད། བོད་དུ་ཚུར་ཕེབས་རྗེས་ཞྭ་དམར་བའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་མདུན་ནས་ལམ་རིམ་གྱི་ཁྲིད་སོགས་དགེ་ལུགས་པའི་ཆོས་ཀྱི་སྐོར་གསན། དགུང་ལོ་སོ་དྲུག་པར་དབུས་སུ་ཐེངས་གསུམ་པ་ཕེབས། དགུང་ལོ་བཞི་བརྒྱད་པར་དབུས་སུ་ཐེངས་བཞི་པ་ཕེབས། དགུང་ལོ་ང་གཅིག་པར་དབུས་སུ་ཕེབས་ཐེངས་རྟིང་མ་ཡིན་ཞིང་རིས་མེད་བླ་སྤྲུལ་དང་དཔོན་ཁག་རྣམས་ལ་ཆོས་ཀྱི་སྦྱིན་པ་བསྩལ། མདོར་ན་སྐུ་ཚེ་དེར་དབུས་གཙང་དང་མདོ་ཁམས་ཤར་རྒྱལ་མོ་ཚ་བ་རོང་གི་རྒྱལ་ཁག་དང་ཡུན་ནན་གྱི་བོད་ཡུལ་བཅས་ཐ་གྲུ་ཀུན་ཏུ་ཞབས་ཀྱིས་བཅགས། རྒྱ་གར་ནག་དང་བོད་ཀྱི་གྲུ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན། གྲུབ་མཐའ་ཡོངས་ཀྱི་རྣམ་གཞག་ཐུགས་སུ་ཆུད། དགོངས་ལོ་དོན་དྲུག་པར་ཆིང་གོང་མས་བཀའ་མངགས་པས་གདན་ཞུས་ལྟར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་སྙུན་བཞེས་ནས་གཤེགས་སོ། ། ཁོང་གི་གསུང་རབ་ནི་བསྟན་བཅོས་བརྒྱད་ཅུ་གྱ་གསུམ་གཅིག་ཏུ་བསྡུས་ཏེ། ཀ་ནས་ཨ་བར་པོ་ཏི་བཅུ་བཞིར་བྱས་ཡོད་ཅིང་མིང་ལ་ཆོས་འབྱུང་བཀའ་འབུམ་ཞུ་ཞིང་། ཤོག་སྡེབས་མདའ་ཚད་མ་ལྔ་སྟོང་ཉིས་བརྒྱ་བཅོ་བརྒྱད་ཡོད། དེ་དག་གི་ཁྲོད་ནས་བརྒྱ་ཆ་བརྒྱད་ཅུ་ལྷག་ནི་ཐུན་མོང་གི་རིག་གནས་ཀྱི་སྐོར་ཁོ་ན་ཡིན་པས་དེ་འདྲ་བོད་ཀྱི་མཁས་པ་ནང་ན་ཤིན་ཏུ་དཀོན་པར་གསུངས།

2 ངོ་སྤྲོད།

བསྟན་བཅོས་འདིའི་ནང་དུ་བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་བྱ་བ་ཡན་འདབ་དང་པོ་ནས་བརྒྱད་པའི་བར་ཡོད་པ་དང་། སྡེ་དགེ་བཀའ་འགྱུར་དཀར་ཆག་བཅས་ཡོད།

3 དཀར་ཆག

༄༅། ། བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

ཡལ་འདབ་དང་པོ། བདག་ཅག་གི་སྟོན་པས་གང་དུ་བྱང་ཆུབ་བརྙེས་པའི་སྣོད་བཅུད་ཀྱི་འཇིག་རྟེན་ལེགས་པར་བཤད་པ།

དང་པོ། སྣོད་ཀྱི་འཇིག་རྟེན་བཤད་པ།

གཉིས་པ། བཅུད་ཀྱི་འཇིག་རྟེན་བཤད་པ།

ཡལ་འདབ་གཉིས་པ། སྟོན་པ་ཉིད་ཀྱིས་སྔོན་བྱང་ཆུབ་ཀྱི་ལམ་དུ་ཇི་ལྟར་གཤེགས་པའི་ཚུལ་ལེགས་པར་བཤད་པ།

དང་པོ། ཐུགས་བསྐྱེད་པའི་ཚུལ།

གཅིག ཐུགས་བསྐྱེད་ཚུལ་ཐེག་པ་ཆེ་ཆུང་གི་ཁྱད་པར།

གཉིས། ཐུགས་བསྐྱེད་རྒྱུའི་བྱང་ཆུབ་ཀྱི་སེམས།

གཉིས་པ། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚུལ།

གཅིག ཐེག་པ་ཆུང་ངུའི་ཚུལ།

གཉིས། ཐེག་པ་ཆེན་པོའི་ཚུལ།

ཡལ་འདབ་གསུམ་པ། བདག་ཅག་གི་སྟོན་པ་རྣམ་འདྲེན་ཤཱཀྱའི་དབང་པོའི་མཛད་པ་མདོ་ཙམ་དུ་ལེགས་པར་བཤད་པ།

དང་པོ། ཐམས་ཅད་མཁྱེན་པའི་སྐུ་གསུམ་བཤད་པ།

གཉིས་པ། སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་པ་བཤད་པ།

ཡལ་འདབ་བཞི་བ། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང་བཀའ་བསྡུའི་བྱུང་བ་དང་བཅས་པ་ལེགས་པར་བཤད་པ།

དང་པོ། སྤྱིར་དམ་པའི་ཆོས་ངོས་བཟུང་བ།

གཅིག ངོ་བོའི་སྒོ་ནས་མདོར་བསྟན་པ།

གཉིས། ངེས་ཚིག་དང་དབྱེ་བའི་སྒོ་ནས་འཆད་པ།

གསུམ། ཆོས་ཐམས་ཅད་ཀྱི་མཆོག་དམ་པའི་ཆོས་ཡིན་པའི་སྐོར།

གཉིས་པ། ལུང་གི་ཆོས་འཁོར་བསྐོར་ཚུལ་བྱེ་བྲག་ཏུ་འཆད་པ།

གཅིག ཆོས་འཁོར་གྱི་ངོ་བོ།

གཉིས། ཆོས་འཁོར་གྱི་ངེས་ཚིག

གསུམ། དབྱེ་བའི་ཚུལ་གྱི་སྒོ་ནས་རྒྱས་པར་འཆད་པ།

ཆོས་འཁོར་གསུམ་དུ་དབྱེ་ཞིང་བཤད་པ།

ཆོས་ཀྱི་ཕུང་པོར་རྣམ་པར་བཞག་པ།

གསུམ་པ། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཚུལ་འཆད་པ།

གཅིག སྤྱིའི་ངོ་བོ་ངོས་བཟུང་པ་དང་ངེས་ཚིག་སྨོས་པའི་སྒོ་ནས་མདོར་བསྟན་པ།

གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་དུ་འཕགས་ཚུལ་དང་དབྱེ་བ་སོ་སོར་འཆད་པ།

བཞི་བ། དམ་པའི་ཆོས་དེ་དག་སྡུད་པ་པོ་རྣམས་ཀྱིས་སོ་སོར་བསྡུས་ཚུལ།

གཅིག ཐུན་མོང་བའི་བཀའ་བསྡུས་ཚུལ།

གཉིས། ཐུན་མོང་མ་ཡིན་པའི་བཀའ་བསྡུས་ཚུལ།

ཡལ་འདབ་ལྔ་བ། རྒྱལ་བའི་བསྟན་པ་ཛམྦུའི་གླིང་དུ་ཇི་ལྟར་བསྐྱངས་པའི་ཚུལ་རགས་ཙམ་བཤད་པ།

དང་པོ། འཕགས་ཡུལ་ལ་སོགས་པར་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ།

གཅིག མདོ་སྡེའི་བསྟན་པ་ཇི་ལྟར་བསྐྱངས་ཚུལ།

གཉིས། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ།

གཉིས་པ། བོད་ཡུལ་དུ་བདེ་བར་གཤེགས་པའི་བསྟན་པ་ཇི་ལྟར་བྱོན་པའི་ཚུལ།

གཅིག མདོ་སྡེའི་སྡེ་སྣོད་ཇི་ལྟར་ཕེབས་ཤིང་བསྐྱངས་པའི་ཚུལ།

གཉིས། གསང་སྔགས་རྡོ་རྗེ་ཐེག་པ་ཇི་ལྟར་བྱོན་པའི་ཚུལ།

ཡལ་འདབ་དྲུག་པ། རྒྱལ་བའི་གསུང་རབ་གངས་རིའི་ཁྲོད་དུ་དེང་སང་ཇི་ཙམ་སྣང་བ་པར་དུ་བསྒྲུབས་པའི་བྱུང་བ་ལེགས་པར་བཤད་པ།

དང་པོ། བདག་རྐྱེན་བྱེད་པ་པོའི་ལོ་རྒྱུས་འཆད་པ།

གཅིག མིའི་དབང་པོའི་འཁྲུངས་ཡུལ་འཆད་པ།

གཉིས། མིའི་དབང་པོའི་རིགས་རྒྱུད་ཀྱི་ཁྱད་པར།

གསུམ། བདག་རྐྱེན་བྱེད་པ་པོ་མིའི་དབང་པོའི་ཡོན་ཏན་བརྗོད་པ།

གཉིས་པ། རྒྱལ་བའི་གསུང་རབ་པར་དུ་འཁོད་པའི་རྣམ་དཀར་གྱི་བྱ་བ་སྨོས་པ།

གཅིག བཞེངས་པའི་དུས་བཤད་པ།

གཉིས། ཡི་གེའི་ཕྱི་མོ་ཇི་ལྟར་བསགས་ཤིང་དག་པར་བགྱིས་པའི་ཚུལ་འཆད་པ།

གསུམ། བཞེངས་ཚུལ་དངོས་བཤད་པ།

ཡལ་འདབ་བདུན་པ། བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པ།

དང་པོ། མདོའི་སྡེ་ཚན་གྱི་སྐོར།

གཅིག འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར།

གཉིས། འཁོར་ལོ་བར་བ་ཤེས་ཕྱིན་གྱི་སྐོར།

གསུམ། འཁོར་ལོ་ཐ་མའི་མདོ་བཞུགས་ཚོགས་ཆེ་བའི་སྐོར།

བཞི། མདོ་མང་དུ་གྲགས་པ་ཐེག་པ་ཆེ་ཆུང་གི་མདོ་ཅི་རིགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར།

གཉིས་པ། གསང་སྔགས་རྒྱུད་འབུམ་གྱི་སྐོར།

གཅིག རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་སྐོར།

གཉིས། རྣལ་འབྱོར་གྱི་རྒྱུད་ཀྱི་སྐོར།

གསུམ། སྤྱོད་པའི་རྒྱུད་ཀྱི་སྐོར།

བཞི། བྱ་བའི་རྒྱུད་ཀྱི་སྐོར།

ལྔ། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར།

ཡལ་འདབ་བརྒྱད་པ། དེ་ལྟར་བཞེངས་པའི་དགོས་ཆེད་ཕན་ཡོན་དང་བཅས་པ་ལེགས་པར་བཤད་པ།

དང་པོ། དགོས་ཆེད་བཤད་པ།

གཉིས་པ། ཕན་ཡོན་བཤད་པ།

གསུམ་པ། བསྔོ་སྨོན་གྱི་སྐོར།

གཅིག ཐེག་པ་ཆེན་པོའི་བསྔོ་བའི་རྣམ་གཞག

གཉིས། བསྔོ་བ་བགྱིད་དགོས་པའི་རྒྱུ་མཚན།

གསུམ། ཇི་ལྟར་བསྔོ་བའི་ཚུལ།

བཞི། བསྔོ་སྨོན་ཚིགས་སུ་བཅད་པ།

མཛད་བྱང་།

༄༅། ། སྡེ་དགེ་བཀའ་འགྱུར་དཀར་ཆག

མཆོད་བརྗོད།

དང་པོ། པར་གྱི་བཞུགས་ཚུལ།

གཉིས་པ། སྦྱིན་བདག་གིས་བསྒྲུབས་ཚུལ།

གསུམ་པ། དོ་དམ་པ་རྣམས་ཀྱི་བྱེད་ཚུལ།

མཛད་བྱང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-05

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།