དཔའ་རིས་སངས་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔའ་རིས་སངས་རྒྱས།
ཁོང་ནི་སྤྱི་ལོ1931ལོར་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་སྐུ་འཁྲུངས། སྤྱི་ལོ1954ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན། དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཀྲུའུ་རིན་དང་། ཐོག་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་། ད་ལྟ་འཛམ་གླིང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཞང་ཀང་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། 《གསར་རྙེད》དུས་དེབ་ཀྱི་ཞུས་ཆེན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་མི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གེ་སར་ཞིབ་འཇུག་ཁང་གི་ཆེད་ཞུས་ཞིབ་འཇུག་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ན་གཞོན་སྐྱོང་མཁས་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲུང་དབྱིན་ཀན་སུའུ་གཞི་རྩའི་སློབ་གསོ་རྣམ་གྲངས་གཙོ་འཛིན་ཚོགས་ཆུང་གི《སློབ་འབྲིང་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་སློབ་དེབ》གསར་སྤེལ་གྱི་ཆེད་མཁས་པ། 《མདོ་སྨད་ཞིབ་འཇུག》དུས་དེབ་ཀྱི་བློ་འདྲི་ས་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马进武
སྐྱེས་ལོ།
སྤྱི་ལོ1931ལོ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་།
ལས་ཐོབ།
སློབ་དཔོན་ཆེན་མོ།
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་མི་རིགས་སློབ་ཆེན།
འཐུས་ཚབ་བརྩམས་ཆོས།
《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》《དག་ཡིག་གབ་པ་མངོན་ཕྱུང》《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1931ལོར་མདོ་སྨད་རྟའི་ཆོལ་ཁ་མཁས་མང་བྱེ་བའི་འབྱུང་གནས་ཏེ།  དེང་གི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་ཡབ་རྡོ་རྗེ་ཚེ་རིང་དང་ཡུམ་གདུགས་དཀར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་ཆུང་དུས་ནོར་ལུག་གི་རྗེས་བསྙེག་པའི་རྫི་བོའི་རྣམ་ཐར་བསྐྱངས། 

སྤྱི་ལོ1943ལོར་ཕ་ཡུལ་དང་ཐག་ཉེ་བའི་རྒྱ་ཡིག་སློབ་གྲྭ་ཞིག་ཏུ་ཐོག་མར་ཞུགས་ནས་རིག་པའི་གནས་ལ་འཇུག་པའི་གོམ་པ་དང་པོ་སྤོས། སྐབས་དེར་དགེ་རྒན་གྱིས་རྒྱ་སྐད་གྱི་ལམ་ནས་ཁྱེད་ཀྱི་རུས་གང་ཡིན་ཞེས་དྲིས་པར་ཁོང་ལོ་ན་གཞོན་ཞིང་རྒྱའི་སྐད་མ་མཁྱེན་སྟབས་ཐུགས་སུ་ལོ་རྟགས་འདྲི་བ་རེད་སྙམ་ནས་རྟ་ཡིན་གསུངས་པ་ན། དགེ་རྒན་གྱིས་ཀྱང་རུས་རྟ་ཡིན་པར་འཁྲུལ་ནས་སྐབས་དེའི་འཐབ་འཁྲུག་དང་གཡུལ་འགྱེད་སོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་གྱི་སྒོ་ནས་མཱ་ཅིན་ཝུའུ་ཞེས་མཚན་བཏགས་པ་རེད། དེ་ནས་བཟུང་ཁོང་གི་མཚན་གཞན་ལ་མཱ་ཅིན་བུའུ་ཞེས་ཀྱང་འབོད། སློབ་གྲྭ་དེ་ནས་མཐར་ཕྱིན། 

སྤྱི་ལོ1951ལོར་སྔོན་གྱི་བོད་རིགས་སློབ་གྲྭ་སྟེ་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ནས་སྤྱི་ལོ1954ལོར་མཐར་ཕྱིན་ཏེ་སློབ་གྲྭ་དེ་གར་དགེ་རྒན་གྱི་བྱ་བར་ཞུགས། 

སྤྱི་ལོ1955ལོར་སློབ་གླིང་དེའི་གྲ་སྒྲིག་སློབ་སྐོར་གྱི་མི་རིགས་སྐད་ཡིག་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་གྱི་འགན་ཁུར། དེའི་ཕྱི་ལོར་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་གྱིས་ནུབ་བྱང་མི་རིགས་སློབ་གླིང་གཏོར་རྗེས་ཁོང་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་སློབ་འབྲིང་དུ་ཕེབས་ནས་སྔ་རྗེས་སུ་དགེ་རྒན་དང་སློབ་དཔོན་གྱི་འགན་བཞེས་ནས། ས་གནས་མང་ཚོགས་ལ་བྱིས་པ་སློབ་གྲྭར་བསྐྱལ་དགོས་པའི་ཁ་ཏ་སློབ་གསོ་དང་ཆེད་དོན་ཚོགས་འདུ་བསྡུས་ནས་མི་རིགས་སློབ་གསོའི་བྱ་བ་ལ་ཤ་ཐང་རུས་ཐང་གིས་འབད་པ་བྱས། སྐབས་དེར་ཀླུ་ཆུ་རྫོང་གི་ཟམ་ཚ་སྡེ་བའི་བོད་ཀྱི་སློབ་མ་རྣམས་ཁོང་དང་དམངས་སྒྲུབ་དགེ་རྒན་རྒྱ་ལོ་རྣམ་གཉིས་ཀྱིས་སློབ་ཆུང་གི་བསླབ་བྱ་ཡོངས་རྫོགས་སློབ་ཐབས་བྱས། 

སྤྱི་ལོ1970ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟམ་ཚ་སློབ་འབྲིང་གི་སློབ་གཙོའི་འགན་ཁུར། 

སྤྱི་ལོ1974ལོའི་བར་ཀན་ལྷོ་མི་རིགས་སློབ་གྲྭ་འཛུགས་གྲབས་ལ་ཞུགས་པ་དང་སློབ་དེབ་སྒྲིག་པའི་འགན་བཞེས། ཁུལ་སློབ་གསོ་ལས་ཁུངས་ཀྱི་སློབ་ཆུང་དང་སློབ་འབྲིང་གི་བོད་ཡིག་སློབ་དེབ་སྒྲིག་པའི་འགན་ཡང་བཞེས་ཏེ་སློབ་གྲྭའི་བོད་ཡིག་སློབ་དེབ་དྲུག་དང་གཞན་སློབ་ཆུང་གི་སློབ་དེབ་བཅུ་ཐམ་པ་བསྒྲིགས། 

སྤྱི་ལོ1978ལོར་ནུབ་བྱང་མི་རིགས་སློབ་གླིང་སླར་སོས་པའི་དབུ་འདྲེན་གྱིས་གདན་འདྲེན་ལྟར་ཕེབས་ནས་སློབ་མ་རྣམས་ལ་སློབ་ཁྲིད་དང་སློབ་དེབ་སྒྲིག་པའི་ལས་ཀ་སོགས་ཉིན་མཚན་མེད་པར་འབད་ནས་དགེ་རྒན་མཆོག་ཏུ་གྱུར་པའི་མཚན་སྙན་ཐོབ། 

དེ་རྗེས་གྲངས་ཉུང་མི་རིགས་སྡེ་ཁག་གི་མགོ་འདྲེན་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་པའི་འགན་བཞེས། བོད་ཡིག་ཁྲིད་སྟོབས་ཇེ་ཆེར་གཏང་ཆེད། དགེ་རྒན་ཁོང་གིས་སློབ་གྲྭའི་དབུ་ཁྲིད་ལ་རེ་བ་ནན་ཏན་ཞུས་ནས་མཁས་དབང་ཆེན་མོ་རྗེ་ཚེ་ཏན་ཞབས་དྲུང་དང་། ཨ་ལགས་དོར་ཞི་རིན་པོ་ཆེ། ཆུ་སྐྱེས་དགེ་འདུན་བསམ་གཏན་སོགས་གདན་དྲངས་ནས་བོད་རིག་པའི་སློབ་གླིང་གི་དགེ་རྒན་མཆོག་ཏུ་གྱུར་བར་འཁོད། ཁོང་གིས་བརྡ་སྤྲོད་ཁྲིད་ནས་མཁས་དབང་དུ་གྱུར་བ་བཞག་པ་རིན་པོ་ཆེ་དང་། བློ་བཟང་བསྟན་པ་རྒྱ་མཚོ་རིན་པོ་ཆེ་དག་ཡོད། ཁོང་གི་སློབ་མ་མིང་གྲགས་ཅན་རྒྱལ་མོ་འབྲུག་པ་དང་ལྕགས་ཐར་རྒྱལ། རྡོར་ཕྲུག ཆ་རིས་བསྐལ་བཟང་ཐོགས་མེད། ཨ་གྲོ་ཟླ་བ་ཕུན་ཚོགས། སྟོད་གཙང་དཔལ་ཆེན་རྒྱལ། ཁ་སྒང་དཔལ་ཆེན་ཐར་སོགས་ཡོད།

2 བརྩམས་ཆོས། 

མཁས་དབང་འདི་ཉིད་ཀྱི་བརྩམས་ཆོས་གཙོ་བོ་ནི《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》《སྡེབ་སྦྱོར་རིག་པའི་སྲོལ་འབྱེད》《བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན》《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》《དག་ཡིག་རིག་པ་གབ་པ་མངོན་ཕྱུང》《དཔེ་ཆོས་རྣ་བའི་བདུད་རྩི》《དཔེ་ཆོས་ཚིག་མཛོད》(རྒྱ་བོད་ཤན་སྦྱར) 《རྒྱ་བོད་སྒྲ་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》སོགས་ཡོད་ལ། 《ཀྲུང་གོའི་བོད་རིག་པ》《བོད་ལྗོངས་ཞིབ་འཇུག》《མཚོ་སྔོན་སློབ་གསོ》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《མཚོ་སྔོན་བོད་ཡིག་ཚགས་པར》《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》《གཙོས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ》སོགས་ཀྱི་རྩོམ་སྒྲིག་པའི་རེ་འདོད་ལྟར་དུ་ནང་དོན་དང་རྣམ་པ་མི་འདྲ་བའི་བརྩམས་ཆོས་མང་དུ་བཀོད། ཁག་ཅིག་ལ་འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་བྱ་དགའ་ཡང་ཐོབ། བསྒྱུར་རྩོམ་ལ《ཚན་རིག་རྒྱུན་ཤེས་མ》དང་། ཞུ་དག་བྱས་ནས་པར་ཏུ་སྐྲུན་པ་ལ《དཔའ་རིས་རབ་གསལ་ཚང་གི་གསུང་འབུམ》《བླ་མ་དཀར་པོའི་རྣམ་ཐར》འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལས《གྲུ་གུ་གོ་རྫོང》སོགས་ཡོད། དཔྱད་རྩོམ་ལ་སྐད་ཆ་དང་ཡི་གེ་ནི་རིག་གནས་ཀྱི་གཏེར་མཛོད་ཆེ་ཤོས་ཡིན་ཞེས་པ་དང་། བྱ་བའི་མིང་གི་རིགས་གསུམ་གྱི་དབྱེ་བ་དང་འབྲེལ་བའི་ངེས་སྲོལ་རྣམ་པར་བཤད་པ། བོད་ཡིག་གི་བྱུང་རབས་དང་རྩོད་གཞིའི་མཐའ་དཔྱད། བོད་ཀྱི་སྒྱུ་རྩལ་རྩོམ་པའི་ཁོག་འབུབས། མངོན་བརྗོད་ཀྱི་བྱུང་རབས་དང་ཕན་ཡོན། ངག་གི་སྒྱུ་རྩལ་བང་མཛོད་གེ་སར་སྒྲུང་ཟུར་ཙམ་གླེང་བ། བོད་འགྱུར་བྱ་བའི་མིང་གི་སྦྱོར་བ་ཉོག་ཚུལ་དག་པར་བྱ་བར་རེམ་རེམ་ཞེས་པ་སོགས་རྒྱལ་ཁབ་ཕྱི་ནང་གི་མཁས་པའི་དབང་པོ་དག་གི་ཡིད་ཀྱི་བརྟན་པ་འཕྲོག་པའི་བརྩམས་ཆོས་མང་དུ་མཆིས།

3 གྲུབ་འབྲས།

སྤྱི་ལོ1989ལོར་ཀན་སུའུ་ཞིང་ཆེན་གྱི་སློབ་གསོའི་དགའ་ཚལ་སྐྱོང་མཁན་གྱི་བྱ་དགའ་ཐོབ། 

སྤྱི་ལོ1997ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱིས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་ཏུ་བྱས་རྗེས་ཁྱད་འཕགས་བཞག་པའི་སྔོན་ཐོན་མི་སྣའི་བྱ་དགའ་གནང་། 

སྤྱི་ལོ1999ལོར་ཀན་སུའུ་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་དང་པོ་ཐོབ། 

སྤྱི་ལོ2001ལོར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ། 

སྤྱི་ལོ2004ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་དགེ་བཤེས་རྒན་པ་སྔོན་ཐོན་ཅན་གྱི་བྱ་དགའ་ཐོབ། ཡང་ལོ་དེར་ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་སྔོན་ཐོན་མི་སྣའི་བྱ་དགའ་ཐོབ། 

སྤྱི་ལོ2007ལོར་རིག་གཞུང་ཆེད་རྩོམ《སྐད་ཆ་དང་ཡི་གེ་ནི་རིག་གནས་ཀྱི་གཏེར་མཛོད་ཆེ་ཤོས་ཡིན》ཞེས་པ་དེར་འཛམ་གླིང་དོ་དམ་རིག་ཚན་ཞིབ་འཇུག་ཚོགས་པས་བྱ་དགའ་དང་པོ་གནང་། གཞན་ཡང་ཀྲུང་གོའི་རིག་གཞུང་བརྗེ་རེས་ལྷན་ཚོགས་ཀྱི་གཞུང་ལུགས་གསར་གཏོད་གནད་ཆེའི་བྱ་དགའ་ཐོབ། 

སྤྱི་ལོ1999ལོ་ནས་སྤྱི་ལོ2008ལོ་བར་གྱི་ལོ་བཅུའི་ནང་འཛམ་གླིང་དུས་རབས་ལས་བརྒལ་བའི་སྐྱེས་མཆོག་མི་སྣའི་མཚན་སྙན་ཐོབ། 

སྤྱི་ལོ2009ལོར་ཀྲུང་གོའི་དེང་རབས་སྒྱུ་རྩལ་འདུན་མའི་སྐུ་ཚེ་གང་བོའི་མཚན་འཛིན་གཙོ་བོའི་འཇའ་ས་བཞེས། 

སྤྱི་ལོ2010ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་ལྷན་ཚོགས་ཀྱིས《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》ལ་ཇོ་མོ་གླང་མའི་བྱ་དགའ་ཨང་གཉིས་པ་ཐོབ། སྐབས་དང་པོའི་ཀྲུང་གོའི་རིག་རྩལ་ཁུང་ཙིའི་བྱ་དགའ་ཆེས་མཐོ་ཐོབ། 

སྤྱི་ལོ2014ལོར་འཛམ་གླིང་ཧྥ་རན་སེའི་རྩོམ་རིག་སྒྱུ་རྩལ་པ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་སྐྱེས་མཆོག་རྩོམ་རིག་སྒྱུ་རྩལ་པ་ཞིབ་འཇུག་ཚོགས་པས་སྐབས་དང་པོའི་འཛམ་གླིང་ཧྥ་རན་སེའི་རྩོམ་རིག་སྒྱུ་རྩལ་དབུ་འཛིན་གྱི་བྱ་དགའ་གནང་།

ད་ལྟ་དགེ་རྒན་ཁོང་ཉིད། འཛམ་གླིང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཞང་ཀང་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། 《གསར་རྙེད》དུས་དེབ་ཀྱི་ཞུས་ཆེན་པའི་འགན་བཞེས། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་མི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒན་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གེ་སར་ཞིབ་འཇུག་ཁང་གི་ཆེད་ཞུས་ཞིབ་འཇུག་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་དགེ་རྒན་ཆེན་མོ་རྒན་པ་ན་གཞོན་སྐྱོང་མཁས་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲུང་དབྱིན་ཀན་སུའུ་གཞི་རྩའི་སློབ་གསོ་རྣམ་གྲངས་གཙོ་འཛིན་ཚོགས་ཆུང་གི《སློབ་འབྲིང་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་སློབ་དེབ》གསར་སྤེལ་གྱི་ཆེད་མཁས་པ། 《མདོ་སྨད་ཞིབ་འཇུག》དུས་དེབ་ཀྱི་བློ་འདྲི་ས་བཅས་ཀྱི་འགན་བཞེས་ཡོད། དགུང་གྲངས་གྱ་ལྔ་བཞེས་པའི་བོད་ཀྱི་མཁས་དབང་ཁོང་ཉིད་ད་ལྟའང་ནངས་སྔ་བཞེངས་དང་དགུང་ཕྱི་གཟིམས་བྱས་ནས་ཉེར་མཁོ་ཤིན་ཏུ་ཆེ་བའི《བོད་ཡིག་ཀུན་ཁྱབ་མིང་མཛོད》(ཐ་སྙད་རྒྱ་བོད་ཤན་སྦྱར)ཅེས་བྱ་བ་སྒྲིག་བཞིན་པའི་སྐབས་ལགས་སོ། །



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-29

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།