བོད་ཀྱི་ཡི་གེའི་རྣམ་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ཡི་གེའི་རྣམ་བཤད།
བོད་ཀྱི་ཡི་གེའི་རྣམ་བཤད་ཅེས་པའི་དཔེ་དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་མི་ལོ་བཞི་བཅུའི་རིང་གི་སློབ་ཁྲིད་དང་ཞིབ་འཇུག་གི་དགོས་མཁོ་ལ་དམིགས་ནས་ཡི་གེའི་སྡེབ་སྦྱོར་རིག་པའི་གཞུང་ལུགས་ལྟར་བྱུང་བའི་བོད་ཡིག་ཚེག་ཁྱིམ18531གི་གྲངས་ཀ་བརྩིས་བླངས་ཤིང་ཡིག་འབྲུ་རེ་རེ་བཞིན་དུ་དཔེ་ཆ་དྲུག་ཅུ་ལྷག་ཙམ་གྱི་ནང་ནས་ལུང་ཁུངས་བཏུས་ཏེ་བསྒྲིགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏文文字研究》
སྒྲིག་པ་པོ།
གོ་ཤུལ་གྲགས་པ་འབྱུང་གནས།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2015ལོའི་ཟླ5པ།
1 སྒྲིག་པ་པོ།

གོ་ཤུལ་གྲགས་པ་འབྱུང་གནས་ལགས་ནི་ཕ་ཡུལ་མདོ་ཁམས་ཡུལ་ཤུལ་ཁྲི་འདུ་རྫོང་ནས་སྐྱེས་ཤིང་སྤྱི་ལོ1985ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་ནས་རྩོམ་རིག་ཤེས་རམས་པའི་བསླབ་གནས་བླངས་པ་དང་། སྤྱི་ལོ1988ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་མཛད་མགོ་བརྩམས་ཤིང་ད་ལྟ་སློབ་གྲྭ་དེ་གའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་དང་མི་རིགས་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ་སོགས་ཡིན། ཁོང་གིས་སྔ་ཕྱིར《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》དང་《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད》《དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག》《སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དེབ་ཤར་གངས་རི་མ》《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》སོགས་དེབ་དག་བརྩམས་ཤིང་བསྒྲིགས་བཞིན་མཆིས།

2 ངོ་སྤྲོད།

དེབ་འདིའི་ས་བཅད་ཀྱི་འཆིང་སྟངས་ནི་ཐོན་མིའི་བཞད་སྒྲ་ལྟར་བཀོད་ཅིང་། ཁྱོན་བསྡོམས་ལེ་ཚན་བཅུ་བཞི་རུ་བཀར་ནས་བསྒྲིགས་ཡོད། དཔེར་ན། ཀ་ནམ་དགོན་རྙིང་འདི་བཏབ་ཅེས་པ་ལྟ་བུ་ཀ་ལ་མཚོན་ན། རྩོམ་པ་པོ་དང་། དཔེ་ཆའི་མིང་། དེའི་ཤོག་གྲངས། དཔེ་སྐྲུན་ཁང་གི་མིང་། པར་སྐྲུན་གྱི་དུས་ཚོད་སོགས་དེང་རབས་ཀྱི་ཞིབ་འཇུག་གི་རེ་འདུན་ལྟར་ཞིབ་ཕྲ་བཀོད་ཡོད་པ་དང་། དེ་སྔའི་སུམ་རྟགས་དག་གསུམ་གྱི་འགྲེལ་བ་རྒྱས་འབྲིང་བསྡུས་གསུམ་གྱི་ནང་དུ་ཡི་གེའི་སྡེབ་སྦྱོར་སྐོར་གྱི་བཤད་པ་མང་ན་ཡང་། གལ་བཟུང་དམིགས་བཟུང་གི་ཚུལ་དུ་བོད་ཀྱི་ཡི་གེའི་རྣམ་གྲངས་ལ་ཡང་སྙིང་ག་ཚོད་ཡོད་པའི་ཐད་དུ་རྩིས་ལེན་རྩིས་སྤྲོད་ཁ་གསལ་བྱེད་མཁན་ཤིན་ཏུ་ཉུང་། འདིར་དཔེ་མཚོན་རེ་ཟུང་བཀོད་ན་འདི་ལྟ་སྟེ། ས་སྐྱའི་བླ་མ་བསོད་ནམས་རྩེ་མོས་མཛད་པའི་ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པའི་ནང་དུ། དེ་དག་བརྗོད་དུ་རུང་ཚད་ཀྱི། ། ཡི་གེའི་གྲངས་ནི་མདོར་བསྡུ་ན། ། ཁྲི་ཕྲག་གཅིག་དང་སྟོང་ཕྲག་བརྒྱད། ། བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན། ། ཞེས་དང་། ཡང་དེ་ཉིད་ལས། ཁོ་བོས་འདི་ལྟར་རྣམ་བསམས་ནས། ། བོད་ཀྱི་སྐད་ལ་གང་དགོས་པ། ། སྟོང་ཕྲག་བརྒྱད་ཀྱིས་འདུས་པར་བསམ། ། ཞེས་གསུངས་པ་དང་། སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བྱིས་པ་ཀློག་ལ་འཇུག་པའི་ཀ་དཔེ་ཐོན་མི་བཞད་སྒྲའི་ནང་དུ་ཁོ་བོས་བྲིས་པའི་ཡི་གེའི་ཐོབ་ཐང་དུ་བརྩིས་པ་ལྟར་ན་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་སུ་གྲངས་བཅད་པ་ལྟར་ལ། ཞེས་དང་། ཡང་དེ་ཉིད་ལས། དེ་ལྟར་ན་འདིར་ཀ་ཁ་རྐྱང་བ་ནས་བརྩམས་ཏེ་མཇུག་གི་ཝ་བཏགས་ཀྱི་མཐར་ཐུག་པའི་བར་ཚེག་གིས་ཕྱེ་བའི་ཡི་གེ་མི་འདྲ་བ་བཞི་སྟོང་ལྔ་བཅུ་ང་གསུམ་གྱི་གྲངས་ལོངས་པ་ནི་བཀླག་པར་བྱར་ཡོད་པ་ཙམ་དུ་མ་ཟད། མིང་ངམ་མིང་གི་ཐོག་མཐའ་ཅི་རིགས་པར་འཇུག་ཏུ་ཡོད་པའི་ཡི་གེ་འབའ་ཞིག་བཀོད་པ་ཡིན་ལ། འདི་ལ་ནི་ད་དུང་རྣམ་དཔྱོད་ཞིབ་མོས་བཙལ་ཚེ་རེ་རེ་གཉིས་གཉིས་ཙམ་སྣོན་རྒྱུ་རེ་འབྱུང་ཐང་བ་མ་གཏོགས། གྲངས་འདི་ལས་ཇེ་ཉུང་དུ་བཏང་ནས་དབྲི་བར་བྱ་བ་ནི་གཅིག་ཀྱང་མེད་དོ་ཞེས་བདག་གིས་མགྲིན་པ་བསྲིངས་ནས་སྨྲའོ། ། ཞེས་གསུངས་པ་དང་། གཞི་སྤྲུལ་འཇིགས་མེད་དཔལ་གྱི་སེངྒེས་བརྩམས་པའི་གངས་ལྗོངས་ཡིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང་གི་ནང་དུ། ཁྱོན་བསྡོམས་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཉི་ཤུ་ཐམ་པའོ། ། ཞེས་གསུངས་སོ། །

3 དཀར་ཆག

ལེའུ་དང་པོ། གསལ་བྱེད།

ལེའུ་གཉིས་པ། དབྱངས་དང་གསལ་བྱེད་ཀྱི་སྡེབ་སྦྱོར་གྱི་སྐོར།

ལེའུ་གསུམ་པ། རྗེས་འཇུག་གི་སྡེབ་སྦྱོར་གྱི་སྐོར།

ལེའུ་བཞི་བ། ཡང་འཇུག་གི་སྡེབ་སྦྱོར་གྱི་སྐོར།

ལེའུ་ལྔ་བ། མགོ་ཅན་གྱི་སྡེབ་སྦྱོར་གྱི་སྐོར།

ལེའུ་དྲུག་པ། འདོགས་ཅན་གྱི་སྡེབ་སྦྱོར་གྱི་སྐོར།

ལེའུ་བདུན་པ། བརྩེགས་ཡིག་གི་སྡེབ་སྦྱོར་གྱི་སྐོར།

ལེའུ་བརྒྱད་པ། སྔོན་འཇུག་གི་སྡེབ་སྦྱོར་གྱི་སྐོར།

ལེའུ་དགུ་བ། མིང་གཞི་དང་། འདོགས་ཅན། དབྱངས་ཡིག རྗེས་འཇུག ཡང་འཇུག་བཅས་ཀྱི་སྡེབ་སྦྱོར་གྱི་སྐོར།

ལེའུ་བཅུ་བ། སྔོན་འཇུག་དང་། མིང་གཞི། འདོགས་ཅན། དབྱངས་ཡིག རྗེས་འཇུག ཡང་འཇུག་བཅས་ཀྱི་སྡེབ་སྦྱོར་སྐོར།

ལེའུ་བཅུ་གཅིག མིང་གཞི་དང་། མགོ་ཅན། དབྱངས་ཡིག རྗེས་འཇུག ཡང་འཇུག་བཅས་ཀྱི་སྡེབ་སྦྱོར་གྱི་སྐོར།

ལེའུ་བཅུ་གཉིས་པ། སྔོན་འཇུག་དང་། མིང་གཞི། མགོ་ཅན། དབྱངས་ཡིག རྗེས་འཇུག ཡང་འཇུག་བཅས་ཀྱི་སྡེབ་སྦྱོར་སྐོར།

ལེའུ་བཅུ་གསུམ་པ། མིང་གཞི་དང་། མགོའདོགས། དབྱངས་ཡིག རྗེས་འཇུག ཡང་འཇུག་བཅས་ཀྱི་སྡེབ་སྦྱོར་གྱི་སྐོར།

ལེའུ་བཅུ་བཞི་བ། སྔོན་འཇུག་དང་། མིང་གཞི་དང་། མགོ་ཅན། འདོགས་ཅན། དབྱངས་ཡིག རྗེས་འཇུག ཡང་འཇུག་བཅས་ཀྱི་སྡེབ་སྦྱོར་གྱི་སྐོར། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-28

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།