སྣང་ས་འོད་འབུམ་གྱི་རྣམ་ཐར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣང་ས་འོད་འབུམ་གྱི་རྣམ་ཐར།
སྣང་ས་འོད་འབུམ་གྱི་རྣམ་ཐར་ནི་འཁྲབ་གཞུང་དུ་བསྒྲིགས་ནས་འཁྲབ་སྟོན་བྱས་ཏེ་བོད་མི་ཕལ་མོ་ཆེའི་སེམས་སུ་སིམ་པའི་རྣམ་ཐར་ཞིག་ཡིན་པས་ན། བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པའི་རྟོགས་བརྗོད་རྩོམ་རིག་སྐད་གྲགས་ཆེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《朗萨伟蚌》
སྒྲིག་པ་པོ།
རྡོ་སྦིས་ཚེ་རིང་རྡོ་རྗེ།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2014ལོའི་ཟླ4པ།
1 ​ངོ་སྤྲོད།

སྣང་ས་འོད་འབུམ་གྱི་རྣམ་ཐར་ནི་རྒྱལ་རྩེ་ལྗང་ཕད་ཁུད་ནང་བའི་ཁྱིམ་ཚང་ཕལ་བའི་བུ་མོ་སྣང་ས་འོད་འབུམ་གྱི་མི་ཚེ་གང་པོའི་མྱོང་བརྒྱུད་དངོས་བྲིས་པའི་རྟོགས་བརྗོད་རྩོམ་རིག་གི་བརྩམས་ཆོས་ཤིག་སྟེ། སྣང་ས་འོད་འབུམ་གྱི་ཡིད་སྐྱོ་བའི་མི་ཚེའི་ལས་དབང་བརྗོད་དེ། ཆོས་ཀྱི་ཆ་ནས་འཁོར་བ་ཉེས་དམིགས་ཀྱི་གཞི་ལས་ངེས་འབྱུང་གི་བསམ་པས་ཐར་བའི་ཆོས་ཀྱི་གནས་ལུགས་བསྟན་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་མིའི་ཐོབ་ཐང་དང་འདྲ་མཉམ། རང་དབང་བཅས་མི་གཞིའི་བརྩི་ཐང་ཉམས་དམས་པ་དེས། ཕོ་མོ་འདྲ་མཉམ་མིན་པར་བུད་མེད་ཀྱི་ལས་དབང་ཉམ་ང་བར་གདུང་བ་མཉམ་སྐྱེ་དང་། དེ་འདྲའི་སྤྱི་ཚོགས་ཀྱི་མིའི་ཐོང་ཐང་འདྲ་མཉམ་མིན་པའི་སྣང་ཚུལ་སུན་འབྱིན་བྱས་ཡོད་ལ། མིའི་ཐོབ་ཐང་ལ་བརྩི་བཀུར་དང་། འདྲ་མཉམ་དང་རང་དབང་ཐོབ་པར་སྨོན་པའི་བསམ་བློ་མཚོན་ཡོད།

2 རྣམ་ཐར་ཉུང་བསྡུས།

བོད་འདི་སྟོད་མངའ་རིས་སྐོར་གསུམ་དང་། སྨད་མདོ་ཁམས་སྒང་དྲུག བར་དབུས་གཙང་རི་བཞིར་དབྱེ་བའི་ནང་ཚན་གྱི་གཙང་མྱང་སྟོད་རྒྱལ་རྩེའི་ཡུལ་དུ་ལྗང་ཕད་ཁུད་ནང་པ་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དེ་ལ་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་ཞེས་པ་གཉིས་ལ་སྲས་སྲོས་གཅིག་ཀྱང་མེད་པར་ཡུན་རིང་བཞུགས་ཤིང་། ན་རྒས་སྐྲ་དཀར་དུ་གྱུར་བའི་སྐུ་ཚེའི་སྨད་ལ་བུ་མོ་སྐུ་གཟུགས་མཛེས་ལ་ཐུགས་རྒྱུད་བཟང་བ་ལྷ་ཡི་སྲས་མོ་འདྲ་བ་ཞིག་འཁྲུངས་པར་ཡབ་ཡུམ་གཉིས་དགའ་ཚོར་དཔག་མེད་བྱུང་ཞིང་། དེའི་མཚན་ལའང་སྣང་ས་འོད་འབུམ་ཞེས་གསོལ། བུ་མོ་དེ་ཤེས་རབ་བརྩོན་འགྲུས་ཆེ་བ་དང་། སྙིང་རྗེ་དང་ལྡན་པ། མདོ་རྒྱུད་ཀྱི་དགོངས་དོན་མཐའ་དག་རྟོགས་པ། འཇིག་རྟེན་གྱི་བྱ་བ་ལ་ཡང་སྔ་དྲོ་ལངས་པའི་སྔ་མ། དགོང་མོ་ཉལ་བའི་རྟིང་མ། ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས། ཞིང་ལས་ལ་སོགས་པར་བརྩོན་ཞིང་མཁས་པར་གྱུར་པས་ལྗང་ཕད་ཁུད་ཀྱི་ཁྱིམ་ཚང་དེ་རྒྱུ་ནོར་ལོངས་སྤྱོད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་བྱུང་། དེ་ནས་བུ་མོ་སྣང་ས་འོད་འབུམ་དགུང་ལོ་བཅོ་ལྔར་སོན་སྐབས་བོད་ཀྱི་ས་ཕྱོགས་ཀུན་ནས་སྣང་ས་མནའ་མར་སློང་མཁན་ཤིན་ཏུ་མང་། ནམ་ཞིག་ན་རྒྱལ་རྩེ་རི་ནང་མཚོ་ཆེན་དུ་དཔོན་པོ་སྒྲ་ཆེན་ཞེས་པ་དང་ཇོ་མོ་བསོད་ནམས་རྒྱལ་མོ་ཞེས་པར་བུ་གཅིག་འཁྲུངས་པར་མཚན་ལ་གྲགས་པ་བསམ་འགྲུབ་ཟེར། བུ་མོ་གཅིག་འཁྲུངས་པར་མཚན་ལ་ཨ་ནེ་སྙེད་མོ་ནེ་ཙོ་ཟེར། ཉིན་ཞིག་དཔོན་པོ་སྒྲ་ཆེན་དཔོན་གཡོག་རྣམས་གནས་སྙིང་གཟུངས་སྒྲུབ་ཀྱི་ལོ་དུས་གར་འཆམ་གྱི་ལྟད་མོ་བལྟ་བར་བྱོན་པ་དང་། བུ་མོ་སྣང་ས་འོད་འབུམ་ཡང་གཡོག་མོ་འཛོམས་པ་སྐྱིད་ཁྲིད་དེ་གནས་སྙིང་གཟུངས་སྒྲུབ་ཀྱི་གར་འཆམ་གྱི་ལྟད་མོ་བལྟ་བར་ཕེབས། དཔོན་པོ་སྒྲ་ཆེན་གྱིས་བུ་མོ་སྣང་ས་འོད་འབུམ་མཐོང་སྐབས་སྣང་བ་གཞན་ལ་མ་གཡེང་བར་བུ་མོ་སྣང་ས་གཅིག་པུར་གཟིགས་པ་མ་ཟད། གཟིམ་དཔོན་བསོད་ནམས་དཔལ་སྐྱིད་བཏང་སྟེ་རྒྱལ་སྡེ་ཁྲོམ་པའི་མི་ཚོགས་ཀྱི་ཁྲོད་ནས་བུ་མོ་སྣང་ས་འོད་འབུམ་བྱེའུ་ཁྲས་བཟུང་བ་དང་རི་བོང་བྱ་གླགས་ཀྱིས་འཁྱེར་བ་བཞིན་བཙན་ཤེད་ཀྱིས་བུ་གྲགས་པ་བསམ་གྲུབ་གྱི་མནའ་མ་ཡིན་ཞེས་མདའ་དར་བཙུགས། སྣང་ས་འོད་འབུམ་དེ་མྱང་སྟོད་རི་ནག་གི་ཁྱིམ་ཚང་དུ་ཕེབས་ནས་ལོ་ངོ་བདུན་སོང་བ་ན། སྣང་ས་ལ་གཞན་དང་མི་འདྲ་བའི་སྲས་ཤིག་འཁྲུངས་པ་དེའི་མཚན་ལ་ལྷའུ་དར་པོ་ཞེས་གསོལ། སྣང་ས་འོད་འབུམ་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་མཁྱེན་རྒྱ་ཆེ་ལ། འཁོར་གཡོག་དམངས་ལ་བྱམས་བརྩེ་ཆེ་བས་ཐམས་ཅད་ཀྱིས་དགའ་ཞེན་ཚད་མེད་བྱེད་ཀྱི་ཡོད། དེས་ན་ཨ་ནེ་སྙིད་མོས་སྣང་ས་འོད་འབུམ་ལ་ཞེ་སྡང་ཕྲག་དོག་གི་མེ་ལྕེ་འབར་བས་དཔོན་པོ་སྒྲ་ཆེན་དང་སྣང་ས་འོད་འབུམ་བར་ཕུ་དཀྲུག་མདའ་དཀྲུག་བྱས་ཏེ་ཡུད་ཙམ་ཡང་གནས་བཟོད་མི་བདེ་བ་བཟོས། 

ཉིན་ཞིག་སྟོད་དིང་རིའི་ཕྱོགས་ནས་ཕེབས་པའི་རས་པ་དཔོན་སློབ་གཉིས་ཀྱིས་བཙས་མ་རྔ་སར་ཕེབས་ན་སྣང་སར་བསོད་སྙོམས་སློང་བར་སྣང་སས་ཚར་ཕོན་བྱིན་པ་ཨ་ནེ་སྙིད་མོས་མཐོང་སྟེ་ཉེས་རྡུང་ཚད་མེད་པ་བཏང་། ཡང་ཉིན་ཞིག་སྣང་ས་འོད་འབུམ་ཆོས་ལ་བསྐུལ་བའི་ཆེད་དུ་བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་སྤྲང་པོ་སྤྲེལ་རྩེད་རྩེ་མཁན་ཞིག་ཏུ་སྤྲུལ་ནས་སྣང་སའི་གཟིམ་ཆུང་གི་འོག་ཏུ་མགུར་གླུ་བླངས་ནས་སློང་མོ་བྱེད་པར་བུ་མོ་སྣང་ས་འོད་འབུམ་ཐུགས་ཀྱིས་མ་བཟོད་པར་སྤྲེལ་རྩེད་རྩེ་མཁན་སྤྲང་པོར་བུ་མོ་རང་གི་ཕ་མ་གནང་བའི་སྐལ་བ་ནོར་བུའི་རྒྱན་ཆ་དེ་ཕུལ་ནས་བུ་མོ་སྣང་ས་ལྷ་ཆོས་གཤར་མ་ཞིག་བྱེད་ཐུབ་པའི་བསྔོ་བ་སྨོན་ལམ་མཛོད་ཅིག་ཅེས་གསུངས་པའི་གནས་ཚུལ་དེ་ཨ་ནེ་སྙིད་མོས་མཐོང་འཕྲལ་དཔོན་པོ་སྒྲ་ཆེན་དང་སྲས་པོ་གྲགས་པ་བསམ་གྲུབ་ལ་ཞུས་པས་དཔོན་པོ་སྒྲ་ཆེན་དང་གྲགས་པ་བསམ་གྲུབ་ཀྱིས་དེ་འཕྲལ་སྣང་སའི་གཟིམ་ཆུང་དུ་ཡོང་ནས་ཁ་ནས་ངན་སྨྲས་གང་ཐོས་དང་ཉེས་རྡུང་ཚོད་མེད་བཏང་སྟབས་བུ་མོ་སྣང་ས་འོད་འབུམ་མཚན་མོ་དེ་རང་ལ་དགོངས་པ་རྫོགས།

སྣང་ས་འོད་འབུམ་གྱི་སྐུ་ཕུང་མྱང་སྟོད་རི་ནང་པའི་ཤར་ཕྱོགས་སྤང་རིའི་སྟེང་དུ་ཞག་བདུན་བཞག་པ་དང་ཉིན་བདུན་ནས་སྣང་ས་འོད་འབུམ་འདས་ལོག་བྱུང་ནས་རྣལ་འབྱོར་མའི་ཆ་བྱད་བཞེས་ཏེ་མྱང་སྟོད་ཡུལ་དུ་ཕེབས་སྐབས་མྱང་སྟོད་ཡུལ་གྱི་མི་ཐམས་ཅད་ཡ་མཚན་ངོ་མཚར་བསམ་ཡུལ་ལས་འདས་པ་བྱུང་སྟེ་དཔོན་པོ་སྒྲ་ཆེན་དང་། གྲགས་པ་བསམ་གྲུབ། ཨ་ནེ་སྙིད་མོ་ལ་སོགས་པ་སྔོན་ཆད་ཀྱི་གདུག་རྩུབ་ཐ་ཤལ་གྱི་བྱ་སྤྱོད་ལ་འགྱོད་བཤགས་དང་ཉེས་སྐྱོན་ཁས་ལེན་བྱས། དེ་ནས་སྣང་ས་འོད་འབུམ་གྱིས་རང་གི་བུ་ལྷའུ་དར་པོ་ཁྲིད་དེ་ལྗང་ཕད་ཁུད་ནང་པར་ཡབ་ཡུམ་གཉིས་མཇལ་བར་ཕེབས་པ་དང་། ཡབ་ཡུམ་གཉིས་སྣང་ས་འོད་འབུམ་མཇལ་བར་དགའ་ཚོར་དཔག་མེད་སྐྱེས་ཀྱང་སྣང་ས་འོད་འབུམ་ནི་འཇིག་རྟེན་གྱི་བྱ་བར་ཞེན་པ་ལོག་ནས་ལྷ་ཆོས་ཁོ་ན་བྱ་རྒྱུའི་བསམ་འདུན་ལ་ཡབ་ཡུམ་གཉིས་མོས་མཐུན་མ་བྱུང་ཞིང་། སྣང་ས་འོད་འབུམ་གྱིས་དགོན་པ་སྐྱིད་པ་སེ་ར་གཡའ་ལུང་གི་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་ལྷ་ཆོས་ཞུ་བར་ཕེབས་པ་དང་བླ་མའི་བཀའ་བཞིན་ཉམས་ལེན་ཚུལ་བཞིན་མཛད། དེའི་དུས་སུ་དཔོན་པོ་སྒྲ་ཆེན་དང་། གྲགས་པ་བསམ་གྲུབ། ཨ་ནེ་སྙིད་མོ་སོགས་ཀྱིས་དམག་དྲངས་ནས་དགོན་པ་སེ་ར་གཡའ་ལུང་གི་མཐའ་བསྐོར་ནས་བླ་མ་ཤཱཀྱའི་རྒྱལ་མཚན་གསོད་རྩིས་དང་སྣང་ས་འོད་འབུམ་བཙན་ཁྲིད་བྱ་རྩིས་བྱེད་སྐབས་བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་རྫུ་འཕྲུལ་བསྟན་ནས་ཤར་རི་དེ་ནུབ་ཏུ་སྤོས། ནུབ་རི་དེ་ཤར་དུ་སྤོས། བླ་མས་དཔོན་པོ་སྒྲ་ཆེན་གྱི་དམག་གི་མདའ་གྲི་མདུང་གསུམ་གྱིས་མི་སྙེགས་པའི་ནམ་མཁའི་མཐོངས་སུ་ཞབས་རྡོ་རྗེ་དཀྱིལ་དཀྲུང་དུ་བཞུགས་ནས་དམག་རྣམས་ལ་ཁ་ཏ་བསླབ་བྱ་མཛད། སྣང་ས་འོད་འབུམ་གྱིས་ཀྱང་སྒྲུབ་རྟགས་བསྟན་ནས་མདའ་གྲི་མདུང་གསུམ་གྱིས་མི་སྙེགས་པའི་བར་སྣང་མཐོངས་སུ་བཞུགས་ནས་དམག་རྣམས་ལ་ཁ་ཏ་བསླབ་བྱ་མཛད། ཚུལ་དེ་མཐོང་ནས་དཔོན་པོ་སྒྲ་ཆེན་གྱིས་གཙོས་དཔོན་དམག་ཐམས་ཅད་ཡིད་ཆེས་དད་པ་སྐྱེས་ཏེ་རང་གི་བྱ་སྤྱོད་ངན་པར་འགྱོད་སེམས་གཏིང་ནས་སྐྱེས་ཏེ་འཐོལ་བཤགས་ཕུལ་བ་དང་། དཔོན་པོ་སྒྲ་ཆེན་དང་ཨ་ནེ་སྙིད་མོ་སོགས་བློ་སེམས་ཆོས་ལ་ཁུག་ནས་དམ་པའི་ཆོས་བྱས་ཤིང་། དཔོན་པོ་གྲགས་པ་བསམ་གྲུབ་ཀྱིས་ལྷའུ་དར་པོར་སྲིད་དབང་ཕུལ་བ་དང་ལྷའུ་དར་པོས་སྲིད་དབང་ལེགས་པར་འཛིན་ནོ། ། 

3 སྒྱུ་རྩལ་གྱི་མཚོན་ཐབས།

བརྩམས་ཆོས་འདིས་གངས་ཅན་བོད་ཀྱི་ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་ལ་དམ་ཆོས་ལ་མོས་པའི་བུད་མེད་ངལ་རྩོལ་པའི་ལས་དབང་དང་། ཁྱད་པར་དུ་གནས་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་ངན་རུལ་གྱི་རྣམ་པ་དང་དབང་སྒྱུར་པའི་གདུག་རྩུབ་མཚོན་པའི་ཆེད་དུ། བྱེ་བྲག་མངོན་གསལ་དང་གསོན་ཉམས་ལྡན་པའི་ངང་ནས་བུ་མོ་སྣང་ས་འོད་འབུམ་དང་། དཔོན་པོ་སྒྲ་ཆེན་ཡབ་སྲས། ཨ་ནེ་སྙིད་མོ་ནེ་ཙོ་ལ་སོགས་པའི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་ལ། དེ་དག་ཀྱང་འཚོ་བ་དངོས་ཇི་བཞིན་དོན་དངོས་དང་མཐུན་ཞིང་འཚོ་བའི་ཆོས་ཉིད་དང་མི་སྣའི་རང་གཤིས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་བྲིས་ཡོད།

4 རྩོམ་སྟངས་ཀྱི་ཁྱད་ཆོས།

སྣང་ས་འོད་འབུམ་ནི་ལོ་རྒྱུས་སུ་དངོས་སུ་བྱུང་བའི་མི་ཞིག་སྟེ། དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བའི་མི་ཞིག་ཡིན། བོད་ཀྱི་རྟོགས་བརྗོད་རྩོམ་རིག་གི་བརྩམས་ཆོས་གཞན་དང་བསྡུར་ན། དམིགས་བསལ་གྱི་ཁྱད་ཆོས་འགའ་ལྡན་པ་སྟེ། བརྗོད་བྱའི་བསྟན་དོན་གྱི་མཚོན་དོན་རྒྱ་ཆེ་བ། དངོས་འབྲིའི་རྩོམ་རིག་གི་རྗེས་ཤུལ་ཟབ་པ། མི་སྣའི་སྣང་བརྙན་གསོན་ཉམས་དོད་པོས་གསར་བཞེངས་བྱས་པ། ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་བ། གང་འཚམ་གྱི་ཚིག་རྒྱན་བཀོལ་ཡོད་པས་ཚིག་སྙན་ཞིང་ངག་ལ་བདེ་བ་བཅས་ཀྱི་ཁྱས་ཆོས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :སྲིན་བུ་མེ་ཁྱེར།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།