དུག་ནད་གསོ་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུས་ཀྱི་འབྱུང་བ་རྣམས་དཀྲུག་པ་དང་ཚེ་སྲོག་གཟི་མདངས་འཕྲོག་ཅིང་འཇོམས་པར་བྱེད་པའི་དུག་གི་ནད་གསོ་བའི་ཐབས་འཆད་པ་ལ། དུག་གི་མེས་པོ་ལས། སྡུག་བསྔལ་སྐྱེད་པར་བྱེད་པའི་དུག་དེ་ལ། སྦྱར་བའི་དུག་དང་། གྱུར་བའི་དུག་དང་། དངོས་ཀྱི་དུག་དང་གསུམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
病毒疗法
རིགས་དབྱེ།
དུག་ནད།
1 སྦྱར་དུག་གི་ནད་བཅོས་ཐབས།

དེ་ལ་དང་པོ་འདིར་སྦྱར་དུག་ནི་ལྔ་བརྒྱ་བ་ཕྲག་བཅུའི་དུས་ཀྱི་ཐ་མར་ཉེ་བར་གྱུར་ན། དུས་ངན་པའི་དབང་གིས་སྦྱོར་ངན་སྣ་ཚོགས་བྱས། མུ་སྟེགས་ཕྱོགས་ཀྱི་བསམ་ངན་གསོད་སེམས་ཀྱི་ཀུན་ནས་སླངས་ཏེ་དུག་སྦྱོར་སྣ་ཚོགས་དར་བར་བྱས་པའི་སྦྱར་དུག་གི་ནད་དེ་ཉིད་བཅོས་པ་ལ། དུག་གི་རིགས་དང་། འཇུག་ཚུལ་དང་། ངོས་བཟུང་བ་དང་། བཅོས་པའི་ཐབས་དང་། དེའི་ལོག་གནོད་དང་། ཕྱི་རྗེས་བཅད་པ་དང་དྲུག་གི་སྒོ་ནས་བསྟན་ཏེ།

དང་པོ་དུག་གི་རིགས་ལ་ཉི་མའི་ཟེར་ལ་བསྐུར་བ་དང་། དུ་བ་དང་རླུང་གི་རྗེ་ལ་བསྐུར་བ་དང་། སའི་རླངས་ལ་བསྐུར་བ་དང་། རེག་པ་སྣུམ་གྱི་རྟ་ལ་བསྐུར་བ་དང་། ཁོང་པར་ཟས་ལ་བསྐུར་བ་དེའི་སྒོ་ནས་དུག་རིགས་ལྔ་ཡོད་ལ། དེ་ལ་དབྱེ་བ་ཕྱེ་ན་ཡུལ་གྱི་དབྱེ་བ་དང་། རྫས་སྦྱོར་གྱི་དབྱེ་བ་དང་། ནད་རིགས་ཀྱི་དབྱེ་བ་དང་། ཝང་བའི་དུས་ཀྱི་དབྱེ་བ་དང་བཞི་ཡོད་ལ། དེ་རེ་རེ་ལའང་ནད་གསོས་ཀྱི་དབྱེ་བ་མང་པོ་ཡོད་པས་དེ་དག་གི་རྟགས་དང་བཅོས་ཐབས་སོགས་ཤེས་པར་འདོད་ན་ནམ་ངག་རྒྱུད་རང་ཛིད་ལས་ཤེས་པར་བྱ་དགོས།

2 གྱུར་དུག་གི་ནད་བཅོས་ཐབས།

བཅོས་ཐབས་གཞི་བཟུང་བསྡུ་བས་མ་སྦྱང་བས་བཅོས་ཞེས་པ་ལྟར། ནད་འདི་བཅོས་པའི་ཐབས་ལ། གཞི་བཟུང་བ་དང་། བསྡུ་བ་དང་། བསམ་པ་དང་། སྦྱང་བ་དང་བཅས་བཞིའི་སྒོ་ནས་བཅོས་བ་ལ། དང་བོ་ངོ་བོ་གཞི་བཟུང་བ་ལ། སེ་འབྲུ་བཞི་བའམ། ད་ལིས་བཞི་བ་གང་རུང་ཆུ་བསྐོལ་ཚན་མོས་དབུལ། དེས་ནི་ཕོ་བོའི་མེ་དྲོད་བསྐྱེད་པ་དང་། བད་ཀན་བེ་སྣབས་སྦྱོང་ཞིང་བུ་ག་གསོ་བ་དང། གསོ་བར་བྱེད་པའི་སྨན་དང་ཟས་འཇུ་ཞིང་གསོ་སླ་བའི་གྲོགས་སུ་འགྱུར་བ་ཡིན་ནོ། ། གཉིས་པ་བསྡུ་བ་ལ། འོ་མའི་ནང་དུ་ལན་ཚྭ་བྲོ་བ་ཙམ་བཏབ་ལ་སྲོད་ཀྱི་དུས་དང་སྤོས་དཀར་དང་ཕག་ཁྲག་དང་སྟར་བུ་རྣམས་ཀ་ར་དང་བཅས་སྦྱར་བ་ཐོ་རངས་བཏང་སྟེ་ལྟག་པ་སྤྲད་ལ་བྱེར་པ་བསྡུ། འདུས་རྟགས་ཁོང་སྙམས་ཞིང་ལུས་ལྕི་བ་དང་། མཆིལ་མ་དང་སྣབས་མང་བ་དང་། ཁ་ཟས་ལེན་ན་འདུས་རྟགས་ཐོན་པ་ཡིན་པས་ནད་སྟོབས་ཆུང་ན་འདི་དུས་སྦྱང་བར་བྱ། གསུམ་པ་བསད་པ་ལ། ནད་སྟོབས་ཆེ་བའི་རིགས་ལ་སྡུད་སྨན་བཏང་བས་འདུས་རྟགས་ཐོན་ན་གཉེན་པོ་བསད་སྨན་གཏོང་དགོས་པས་རྒྱུད་ཀྱི་གི་ཝང་བཅོ་ལྔ་བ་དགུང་གཉིས་སུ་ཆུ་བསྐོལ་གྲང་ཆུ་ཡིས་དབུལ་བ་དང་། སྲོད་དང་སྔ་དྲོའི་དུས་སུ་གོང་དུ་བཤད་པའི་གཞི་འཛིན་སྨན་གཉིས་པོ་གང་རུང་ཆུ་བསྐོལ་ཚན་མོས་དབུལ། བཞི་བ་སྦྱང་བ་ལ། སྡུད་སྨན་བཏང་བས་འདུས་རྟགས་ཐོན་རྗེས་སྟོད་སྨད་གང་དང་ཉེ་བའི་ལམ་ནས་སྦྱང་དགོས། དེ་ཡང་ཐུར་དུ་སྦྱང་ན་རྒྱུད་ཆེན་ལས་བྱུང་བཞིན་ངལ་རྒྱུ་སྐྱེར་ཤུན་སོགས་ཀྱི་ཁུར་དུར་བྱི་བཏབ་པའི་བཤལ་གྱིས་སྦྱང་བར་བྱའོ། ། ཞར་བྱུང་ཕྱི་རྗེས་བཅད་པ་ལ། ནད་གཞི་བཅོས་དཀའ་བའི་རིགས་ལ་སྡུད་སྨན་བསྐྱར་ནས་བཏང་བའི་རྗེས་སུ་རྩ་ནས་སྦྱང་བ་དང་། ནད་ལྷག་གཉེན་པའི་བསད་པར་བྱ་དགོས་པས་གོང་གི་སྡུད་སྨན་དང་། ཐང་ཆེན་ཉེར་ལྔ་གང་རུང་བཏང་། འདུས་རྟགས་ཐོན་ན་གོང་གི་བཤལ་གྱི་སྦྱང་། ནད་ལྷག་བསོད་པ་ལ་ཟླ་ཤེལ་ཆེན་མོ། ། མན་ངག་བསིལ་སྦྱོར། གུར་ཀུམ་བཅུ་གསུམ། གཡུ་སྙིང་ཉེར་ལྔ། དབང་རིས་ཉེར་ལྔ། དཔའ་བོ་ཉེར་ལྔ། རིན་ཆེན་མང་སྦྱོར་སོགས་ནད་བབས་དང་ཉེས་པ་གང་ཤས་ཆེ་བའི་གཉེན་པོའི་སྨན་གྱི་སྦྱོར་བ་རྣམས་གཏོང་དགོས་སོ། ། ནད་དེ་ཉིད་རྩར་འགྲམས་ཤས་ཆེ་ན་གོང་གི་ལྟོ་སྦྱོང་གི་སྟེང་དུ་བྱང་བ་དང་སྡིག་སྲིན་དང་སྤོས་དཀར་བཅས་བསྡེབས་པའི་རྩ་སྟེ་སྦྲག་མས་སྦྱང་བར་བྱ། མཇུག་བསྡུ་བ་ནི་མི་འཕྲོད་པ་དང་། དྭངས་མ་གནས་སུ་མ་སྨིན་པ་དང་མ་ཞུ་དུག་ཐབས་དང་། སྨུག་པོ་བྱེར་བ་དང་ཚད་པ་འགྲམས་པ་དང་ཚད་པ་རྙིང་བ་དང་འཁྲུགས་ཚད་རྙིང་བ་དང་རིམས་ཚད་རྙིང་བ་རྣམས་ས་ནི་སྦྱར་བའི་དུག་དང་ཆ་མཐུན་པས་གསོ་ཐབས་ཀྱང་དེའི་རིགས་པའི་འཕྲུལ་གྱིས་བཅོས་དགོས་པ་ཡིན་ནོ། ། ཁ་ཟས་ཉུང་ངུ་བསྟེན་པ་དང་། སྤྱོད་ལམ་དྲོད་ལ་ལོངས་སྤྱོད་པར་བྱའོ། །

3 ཤ་དུག་གི་ནད་བཅོས་ཐབས།

ཤ་དུག་གི་ནད་ལ་དང་བོ་ཡུང་བའི་ཆིག་ཐང་ལན་འགའ་བཏང་། དེ་ནས་སེ་རྒོད་དང་སྐྱེར་བའི་བར་ཤུན་བཅས་ཀྱི་ཐང་བཏང་ན་དུག་ནད་རྩ་ལམ་དུ་མི་འབྲོས་པའི་དགོས་པ་ཡོད་དོ། ཉུང་གཞི། སེ་སྒོད། སྐྱེར་ཤུར་བཅས་ཀྱི་ཐང་བཏང་བའི་རྗེས་སུ་རྒྱུད་ཆེན་གྱི་དུར་བྱིན་དྲུག་པས་སྦྱང་། སྦྱང་བའི་རྗེས་སུ་ནད་རོ་ལུས་པ་བསད་པ་ལ། གསེར་མེ་དྲུག་པ་གཏོང་བའོ། ། སྒང་ཐོག་བདུན་ཐང་བཏང་ན་ཤ་དུག་གི་ནད་བསྡུ་ཞིང་བསད་པར་བྱེད་དོ། ། ཡང་ན་སྤྱི་སྨན་བོང་དམར་བདུན་པ་དང་། བོང་དཀར་ལྔ་བ་སོགས་བཏང་ན་ཤ་དུག་དང་ཤ་ནད་འཇོམས་པ་ལ་ཤིན་ཏུ་ཕན་ནོ། ། ཞི་བར་དཀའ་བའི་རིགས་ལ་གོང་གི་སྡུད་སྨན་དང་། ཐང་ཆེན་ཉེར་ལྔ་གང་རུང་བཏང་ལ། གཉེན་པོ་ཟླ་ཤེལ་ཆེན་མོ་དང་། བཙོ་བཀྲུ་ཟླ་ཤེལ་དང་། ཞི་གསེར་དང་། ཤ་དུག་གི་མང་སྦྱོར་སོགས་འབྲེལ་ཡོད་ཀྱི་སྨན་རྣམས་ནད་རྟགས་དང་སྦྱར་ནས་བཏང་། ཤ་དུག་གིས་གྲེ་བ་འགགས་པ་ལ། ཅུ་གང་དང་སྤང་རྒྱན་དཀར་བོ་དང་ཚ་ལ་དུལ་མ་དང་བོང་ང་དཀར་བོ་དང་ཨ་རུ་སོགས་ཆུ་དང་སྦྱར་བ་བསྟེན། གསོད་སྨན་ནི་གི་ཝང་བརྒྱད་པ་བཏང་། ཟས་ཕྱེ་ཐུག་དང་འབྲས་ཐུག་ཆུ་བསྐོལ་གྲང་སོགས་བསིལ་ལ་ཡང་བའི་རིགས་རྣམས་བསྟེན། གྲང་ཤེས་ཆེ་ན་སྒོག་སྐྱའི་ཆབ་མིག་དང་ཆང་གསར་འཇམ་སོགས་བསྟེན། སྤྱོད་ལམ་དྲག་ཤུལ་གྱི་ལས་དང་། རླན་དང་དུ་བ་དང་། སྐད་ཆེན་སྨྲ་བ་དང་། མྱ་ངན་དང་སེམས་ལས་ཆེ་བ་སོགས་སྤང་དགོས། 

4 དངོས་དུག་གི་ནད་བཅོས་ཐབས།

དུག་གི་རང་བཞིན་དངོས་ལ་རྒྱུ་བའི་དུག་དང་། མི་རྒྱུ་བའི་དུག་དང་གཉིས་ཡོད་པ་ལས། མི་རྒྱུ་བའི་དུག་ནི། བོང་ང་ནག་པོ་དང་། བཙན་དུག་དང་། སྤྱང་དུག་དང་། ར་དུག་དང་། སེ་ཤིང་བ་དང་། ཐང་ཕྲོམ་པ་དང་། རྟ་སྤུ་སོགས་བསྟན་པའི་དུག་མཐའ་དག་དང་། རྒྱུ་བའི་དུག་ཁྱི་སྨྱོན་དང་། སྦྲུལ་དུག་དང་། སྡིག་པའི་དུག་དང་། སྲིན་བུའི་དུག་དང་། བའི་དུག་ཞེས་རྭ་ཅན་ཏེ་སྦྲང་བུའི་དུག་ལ་སོགས་པའི་སྲོག་ཆགས་ཀྱི་མཐའ་དག་གོ །

5 སེ་དུག་གི་ནད་བཅོས་ཐབས།

སེ་དུག་བཅོས་པ་ལ། སྨན་དང་བོ་སེང་ལྡེང་བཞི་བ་བཏང་། དེ་ཚ་གྲང་གང་ཤས་ཆེ་བ་རྩ་ཆུའི་བབས་དང་བསྟུན་ནས། སུ་མུ་བཞི་སྦྱོར་དང་། དངུལ་ཆུ་བཅོ་བརྒྱད་དང་། ག་བུར་ཉེར་ལྔ་སོགས་བཏང་ཆོག  དཔྱད་དུ་ལོང་རྩ་སོགས་གཏར་ལ་མཇུག་ཏུ་ཆུ་སེར་སྨན་གསུམ་སོགས་བཏང་པའི་ཆུ་ཚན་བསྟེན་པ་བྱའོ། །

6 ཁྱི་དུག་གི་ནད་བཅོས་ཐབས།

དང་བོ་རྨ་གསར་བའི་དུས་སུ་རྨ་ནས་རྔབས་རྭས་ཁྲག་དྲས་ལ། རྨ་ལས་སོར་བཞི་ཙམ་གྱི་གོང་ནས་རས་འཇག་གིས་དམ་པོར་སྡོམས། རྨ་དེ་ཞག་ལོན་སོང་ན་ལྕགས་ཀྱི་ཏིལ་བས་བསྲེག  དེ་ནས་ཞུན་མར་བསྐོལ་བའི་ནང་དུ་རྒྱ་ཚྭ་དང་སྐྱེར་ཤུན་དང་དུད་པ་དང་བཙོད་བཅས་ཀྱི་ཕྱེ་མ་བྱུག  ཡང་ན་ཡུང་བ་དང་སྐྱེར་བ་དང་བོང་ང་དང་གླ་རྩི་རྣམས་ཞུན་མར་དང་སྦྱར་བ་བྱུག་ལ། དེའི་སྟེང་དུ་རྟ་གསེབ་སྔོ་ནག་གི་སྦངས་དེ་ཞོ་དང་སྦྱར་བས་རྨ་ལ་འཇིབས་བྱ། བར་དུ་ཁྱི་དུག་མང་སྦྱོར་ཞག་བདུན་གྱི་བར་ཉིན་གུང་དུ་ཆང་གིས་དབུལ། ཡང་ན་གི་ཝང་བཅུ་བདུན་པ་དང་། དཔའ་བོ་བཅུ་བ་དང་། གླ་རྩི་ཅུང་ཙམ་བསྣན་པའི་འབུ་སྐྱོགས་ཀྱི་ཕྱེ་མ་ཆུ་གཙང་གིས་ཕུལ་ན་ནད་འདིའི་གཉེན་པོ་མཆོག་ཏུ་བཤད་དོ། ། ཁྱི་སྨྱོན་གྱི་མཆེ་བ་དང་ཐར་ནུ་དང་གླ་རྩི་བཅས་སྦྱར་བ་རྨ་ཁར་བྱུག་པར་བྱའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།