ཧུའེ་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའེ་རིགས།
ཧུའེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གྲངས་ཉུང་མི་རིགས་ནང་ཐར་ཐོར་དུ་གནས་པའི་རྒྱ་ཧ་ཅང་ཆེ་བའི་མི་རིགས་ཤིག་ཡིན་ལ། ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ཧུའེ་རིགས་འདུས་སྡོད་བྱས་པ་ཆེས་མང་བའི་ས་ཁུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
回族
སྐད་ཡིག
རྒྱ་སྐད་དང་རྒྱ་ཡིག
མི་གྲངས།
10586087(2010ལོར་སྡོམ་རྩིས་བྱས་པ)
ཆོས་ལུགས་དད་མོས།
དབྱི་སི་ལན་ཆོས་ལུགས།
སྡོད་གནས་གཙོ་ཆེ་བ།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དང་།ཀན་སུའུ་ཞིང་ཆེན་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ།
1 ངོ་སྤྲོད།

ཧུའེ་རིགས་ནི་ཀྲུང་གོའི་མི་རིགས་ང་དྲུག་ནང་གི་གཅིག་ཡིན། གྲངས་ཉུང་མི་རིགས་ནང་ཐར་ཐོར་དུ་གནས་པའི་རྒྱ་ཧ་ཅང་ཆེ་བའི་མི་རིགས་ཤིག་ཡིན་ལ། .jpgཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ཧུའེ་རིགས་འདུས་སྡོད་བྱས་པ་ཆེས་མང་བའི་ས་ཁུལ་ཞིག་ཡིན་པ་ལས་གཞན། ཀན་སུའུ་དང་ཧོ་ནན། ཞིན་ཅང་། མཚོ་སྔོན། དེ་མིན་ཡུན་ནན་དང་ཧོ་པེ། ཧྲན་ཏུང་སོགས་ཞིང་ཆེན་ནའང་ཡོད། ཧུའེ་རིགས་ལ་བསྡོམས་པས་མི་གྲངས10586087ལྷག་མཆིས།

ཧུའེ་རིགས་ཀྱི“ཧིའེ”ཞེས་པའི་ཡི་གེ་དེ་ནི་རང་རྒྱལ་དུ་དབྱི་སི་ལན་ཆོས་ལུགས་ལ“ཧུའེ་ཧུའེ་ཆོས་ལུགས”ཞེས་འབོད་པའི་ལས་བྱུང་བ་ཡིན་ལ། ཡི་གེ་དེའི་དོན་ནི་མི་རྣམས་ལ་ཁ་ཞེ་གཉིས་མེད་ཡིན་དགོས་པའི་བསླབ་བྱ་གནང་བ་རེད། དེ་མིན་དབྱི་སི་ལན་ཆོས་ལུགས་ཀྱི་དགོངས་དོན་དང་ཡང་གཅིག་མཐུན་ཡིན། མིག་སྔར་གྱི་ཞིབ་བཤེར་ལྟར་ན། ཧུའེ་རིགས་དེ་མི་རིགས་ཞིག་གི་མིང་དུ་གྲུབ་པའི་དུས་ནི་ཆིན་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་དུས་སུ་ཡིན་པར་བཤད།

ཧུའེ་རིགས་ཀྱི་རྒྱུན་སྤྱོད་སྐད་ཡིག་ནི་རྒྱ་སྐད་ཡིན་ལ། ཨ་རབ་སྐད་ཡིག་ཡང་བཀོལ་བཞིན་ཡོད། སྤྱིར་བཏང་གི་འབྲེལ་འདྲིས་དང་ཆོས་ལུགས་བྱ་འགུལ་ཁྲོད་ཧུའེ་རིགས་ཀྱི་སྐད་ཡིག་ནང་དུ་ཨ་རབ་དང་ཏ་ཟིག་གི་ཐ་སྙད་མང་པོ་ཞིག་སོར་བཞག་བྱས་ཡོད།

ཡོན་དང་མིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་རྒྱལ་ཡོངས་ཀྱིས་བཀོལ་སྤྱོད་བྱས་མྱོང་བའི་ཧུའེ་ཧུའེ་ལི་ཐོ་དེ་ལོ་བཞི་བརྒྱ་ལྔ་བཅུ་ལྷག་འདས་པས་ཀྲུང་གོའི་ལོ་རྒྱུས་སྟེང་རྒྱལ་ཡོངས་སུ་བཀོལ་སྤྱོད་རྒྱ་ཆེན་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ལི་ཐོ་ཉག་གཅིག་ཡིན།

2 འཕེལ་རིམ།

ཧུའེ་རིགས་ནི་ཧོས་ཧོས་མི་རིགས་ཀྱི་བསྡུས་མིང་ཡིན་ལ། མི་རིགས་དེ་ནི་ཀྲུང་གོའི་རྒྱལ་ནང་དང་རྒྱལ་ཕྱིའི་ཏ་སིག  ཨ་རབ། ཨེ་ཤེ་ཡ་དབུས་རྒྱུད་ཀྱི་མི་རིགས་ཁག་.jpgཅིག་བཅས་མི་རིགས་མང་པོ་ཞིག་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་རིམ་བཞིན་འདྲེས་ནས་གྲུབ་པའི་མི་རིགས་ཤིག་ཡིན། སྤྱི་ལོ651སྟེ་ཐང་ཀོ་ཙོའི་དུས་སུ། དབྱི་སི་ལན་ཆོས་ལུགས་དེ་ཨ་རབ་ཀྱི་ཚོང་བས་ཀྲུང་གོར་སྤེལ་བ་དང་།  ཡོན་དང་མིང་རྒྱལ་རབས་ཀྱི་དུས་སུ། ཡོངས་ཁུངས་མི་གཅིག་པའི་ཧོས་ཧོས་མང་པོ་གཅིག་ཏུ་བསྡུས་ནས་མི་རིགས་ཤིག་ཆགས། འདུས་སྡོད་ཅུང་ཆེ་བའི་ས་ཁུལ་དུ་དབྱི་སི་ལན་གྱི་ཆོས་ཁང་བཙུགས་ཡོད། དུས་རབས7པའི་དུས་དཀྱིལ་དུ་ཏ་ཟིག་དང་ཨ་རབ་ཀྱི་ཚོང་བ་མང་པོ་སྐམ་ས་དང་མཚོ་ལམ་བརྒྱུད་ནས་རང་རྒྱལ་གྱི་ཀོང་ཀྲིག་དང་ཆོན་ཀྲིག་སོགས་མཚོ་འགྲམ་གྱི་གྲོང་ཁྱེར་དང་། ཁྲིང་ཨན། ཐེ་ཧྥིན་སོགས་ནང་ཁུལ་གྱི་གྲོང་ཁྱེར་དུ་ཡོང་ནས་གཏན་སྡོད་བྱས། དུས་རབས13པའི་དུས་སུ། སོག་པོའི་དམག་དཔུང་ནུབ་སྐྱོད་བྱེད་དུས་ནུབ་ཕྱོགས་ཀྱི་མི་མང་པོ་ཀྲུང་གོར་སྤར་བ་དང་། དེ་ནས་རྒྱ་མི་རིགས་དང་། སོག་པོ། ཡུ་གུར་སོགས་མི་རིགས་མང་པོ་ནང་བསྡུ་བྱས་ཏེ་རིམ་བཞིན་གཅིག་གྱུར་གྱི་ཧུའེ་རིགས་གྲུབ་པ་རེད།

3 རིག་གནས་གོམས་སྲོལ།
3_1 རྒྱན་གོས་ཀྱི་སྐོར།

ཧུའེ་རིགས་ཀྱི་གྱོན་ཆས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན། ཁོ་ཚོའི་སྐྱེས་པས་ནང་ལྭ་དཀར་བོ་དང་དེའི་ཐོག་ཏུ་མདོག་ནག་གི་ཕུ་མེད་སྟོད་ཐུང་གོན་ལ། .jpgམགོ་རུ་ཞྭ་དཀར་གོན། ཉིན་ཞ་དང་མཚོ་སྔོན། ཀན་སུའུ་སོགས་མཐའ་འཁོབ་ས་ཁུལ་གྱི་བུད་མེད་ཚོས་མེ་ཏོག་གཙགས་ཡོད་པའི་ཕུ་ཐུང་ཅན་གོན་ཞིང་གཞན་པ་རྒྱ་རིགས་ཀྱི་གྱོན་པ་དང་འདྲ། ཉིན་ཞ་དང་ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་ལྗོངས་ཀྱི་བུད་མེད་ཚོས་ལོ་ཚོད་དང་གཉེན་སྒྲིག་ཡོད་མེད་ཀྱི་གནས་ཚུལ་ལྟར་མགོ་ཁེབས་ལྗང་ཁུ་དང་ནག་པོ།དཀར་བོ་གོན།

3_2 བཟའ་བཏུང་གི་སྐོར།

ཧུའེ་རིགས་ཀྱིས་ཕག་ཤ་དང་རྟ་ཤ  བོང་ཤ  ཁྱི་ཤ་སོགས་གཏན་ནས་མི་ཟ། གཅན་གཟན་རིགས་ཀྱི་ཤ་ཡང་མི་ཟ་ཞིང་རང་དང་དུ་བ་སོགས་ལོངས་སུ་མི་སྤྱོད། ཁོ་ཚོས་ཨ་ཧོང་དང་ཧུའེ་རིགས་ཀྱིས་བཤས་པའི་ནོར་ལུག་གི་ཤ་དང་བྱ་ཤ་ཟ་ལ། ཧ་ཅང་དགའ་བ་ནི་ལུག་ཤའི་རིགས་ཀྱིས་གཡོ་སྐོལ་བྱས་པའི་ཟ་མ་ལས་གཞན་དཀར་ཡོལ་ཁ་ཁེབས་ཅན་གྱི་ནང་དུ་ཇ་འཐུང་བར་དགའ།

3_3 ཆོས་ལུགས་དད་མོས་ཀྱི་སྐོར།

ཧུའེ་རིགས་ནི་དབྱི་སི་ལན་ཆོས་ལུགས་ལ་དད།  ཧུའེ་རིགས་མང་པོ་འདུས་སྡོད་བྱེད་སར་དབྱི་སི་ལན་གྱི་ཆོས་ཁང་བཙུགས་ཡོད་ཅིང་། དེ་ནི་ཧུའེ་རིགས་མུའུ་སི་.jpgལན་གྱིས་གསོལ་མཆོད་དང་ཆོས་ལུགས་བྱ་འགུལ་བསྡུ་ས་ཡིན་ལ། ཨ་ཧོང་གིས་ཆོས་ལུགས་བྱ་འགུལ་ལ་མགོ་འཛིན་བྱེད་པ་ཡིན། ཆོས་ལུགས་བརྩམས་ཆོས་གྲགས་ཅན་ལ《ཁུ་རན་གསུང་རབ》ཡོད་ལ། ཆོས་དད་མི་སྣར“མུའུ་སི་ལིན”ཞེས་འབོད།  སྨྱུང་གྲོལ་དུས་ཆེན་དང་།  ཁུར་པན་དུས་ཆེན་སོགས་ཆོས་ལུགས་ཀྱི་དུས་ཆེན་དུ་མ་ཡོད།  དུས་ཆེན་དེ་དག་ནི་དབྱི་སི་ལན་གྱི་ཆོས་ཐོ་ལྟར་བརྩིས་པ་ཡིན།

3_4 མི་ཚེའི་ཆོ་སྒྲུབ་ཀྱི་སྐོར།

ཧུའེ་རིགས་ཀྱི་གཉེན་སྒྲིག་ཐད་ནས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་དར་བ་དང་། གཉེན་སྒྲིག་གི་མཛད་སྒོ་རྒྱ་ཧ་ཅང་ཆེ་སྟེ། ཨ་ཧོང་གདན་འདྲེན་བྱས་ཏེ་ཆོས་འདོན་པ་དང་གཉེན་དཔང་བྱེད་པ་ཡིན། གཉེན་སྒྲིག་བྱེད་དུས་ཕོ་མོ་ཕྱོགས་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་རྗེས་ད་གཟོད་མཉམ་འདུག་བྱེད་ལ། མནའ་མ་བསུ་དུས་ནངས་མོར་ཅི་ཙམ་སྔ་ན་དེ་ཙམ་ལེགས་པ་དང་། མནའ་མ་གཉེན་ཚང་གི་སྒོ་ཁར་ཐོན་མ་ཐག་གདན་དམར་ཐོག་ནས་ཉལ་ཁྲི་ཡོད་སར་འགྲོ་དགོས།

3_5 དུས་ཆེན་གྱི་སྐོར།

ཧུའེ་རིགས་ཀྱི་དུས་ཆེན་ནི་དབྱི་སི་ལན་ཆོས་ལུགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་གསུམ་ཡིན་ཏེ། སྨྱུང་གྲོལ་དུས་ཆེན་དང་། ཁུར་པན་དུས་ཆེན། རྗེས་དྲན་དུས་ཆེན་བཅས་སོ།

སྨྱུང་གྲོལ་དུས་ཆེན་ནི་རང་རྒྱལ་གྱི་དབྱི་སི་ལན་ཆོས་ལུགས་ལ་དད་པའི་མི་རིགས་བཅུའི་ནང་དུ་དར་ཁྱབ་ཆེ་ལ། མི་རིགས་སོ་སོའི་རང་མི་རིགས་ཀྱི་ཁྱད་ཆོས་.jpgལྟར་རོལ་གྱིན་ཡོད་པས་ཁྱད་པར་ཅུང་མཆིས། དབྱི་སི་ལན་གྱི་སྨྱུང་གནས་ཟླ་གཅིག་ནི་དབྱི་སི་ལན་ཆོས་ཐོ་ཡི་ཟླ་དགུ་བ་ཡིན་ལ། ཁོ་ཚོས་མྱུང་གནས་སྲུང་དགོས་དོན《ཁུ་རན་གསུང་རབ》ལྟར་ན། དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་བདག་མུའུ་ཧན་མུའུ་ཏེ་དགོང་ལོ40(དབྱི་སི་ལན་ཆོས་ཐོ་ཡི་ཟླ་དགུ་བ།)དུས་སུ། དཀོན་མཆོག་གིས་ཁོང་ལ《ཁུ་རན་གསུང་རབ》ཀྱི་ལུང་བསྟན་པ་རེད།  དེ་བས་ཧུའེ་རིགས་ཀྱིས་སྨྱུང་གནས་སྲུང་བའི་ཟླ་དེ་ནི་བཀྲ་ཤིས་ཤིང་བརྩེ་བ་ལྡན་པའི་ཟླ་ཞིག་ལ་བརྩི་བ་ཡིན་ལ།  རྗེས་དྲན་བྱེད་ཆེ་ལོ་རེའི་དབྱི་སི་ལན་ཆོས་ཐོའི་ཟླ་དགུ་བ་དེ་སྨྱུང་གནས་སྲུང་བའི་ཟླ་རུ་གཏན་ལ་ཕབ། དེ་ཡང་སྨྱུང་གནས་སྲུང་འགོ་ཚུགས་ཚད་གཙོ་བོ་ཟླ་བའི་འཕེལ་འགྲིབ་ལ་གཞིགས་པ་ཡིན།  ཟླ་གཅིག་གི་སྨྱུང་གནས་སྲུང་རྗེས།  སྨྱུང་གྲོལ་དུས་ཆེན་ཉིན་གསུམ་ལ་རོལ་བ་ཡིན་ལ།  དུས་ཆེན་གྱི་སྐབས་སུ་ཁྱིམ་ཚང་ཚང་མས་སྣུམ་བཙོས་གོ་རེ་དང་། བྱ་ཤ། ལུག་ཤ་སོགས་ཟས་ཀྱི་ལོངས་སྤྱོད་ལ་རོལ་པ་མ་ཟད།  གོང་གཟབ་མཆོར་སྤྲས་ནས་གཉེན་ཉེ་སྤུན་ཟླ་དང་། ཁྱིམ་མཚེས་ཕན་ཚུན་བར་མཚམས་འདྲིར་འགྲོ་བ་ཡིན།

ཁུར་པན་དུས་ཆེན་ནི་སྤྱིར་བཏང་དུ་སྨྱུང་གྲོལ་དུས་ཆེན་རྗེས་ཀྱི་ཉིན་བདུན་བཅུའི་རྗེས་སུ་རོལ་བ་ཡིན། ཁུར་པན་ཞེས་པ་ནི་ལུས་སྲོག་བློས་བཏང་བའི་དོན་ཡིན། དུས་ཆེན་གྱི་སྐབས་སུ་དམར་མཆོད་ཀྱི་མཛད་སྒོ་རྒྱ་ཆེན་མོ་བྱེད་པ་དང་།  སྤྱིར་བཏང་དུ་ཆ་རྐྱེན་ཅུང་བཟང་བའི་ཁྱིམ་ཚང་གིས་མི་གཅིག་ལ་ལུག་གཅིག་བཤའ་བ་དང་།  མི་བདུན་གྱིས་སྐམས་གཅིག་གམ་རྔ་མོང་གཅིག་བཤའ་བ་ཡིན། བཤས་པའི་ཤ་དེ་སྐལ་གསུམ་བགོ་པ་སྟེ།  གཅིག་རང་གིས་བཟའ་བ། གཅིག་གཉེན་ཉེ་ཁྱིམ་མཚེས་ལ་སྟེར་བ།  ཅིག་ཤོས་སྦྱིན་པ་གཏོང་བ་བཅས་སོ།

3_6 རྩོམ་རིག་གི་སྐོར།

ཧུའེ་རིགས་ཀྱི་རྩོམ་རིག་ནི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་ལས་གྲུང་ཀྱང་ཁོ་ཚོས་རྒྱ་ཡིག་དང་རྒྱ་སྐད་བཀོལ་བཞིན་ཡོད། དམངས་ཁྲོད་རྩོམ་རིག་གི་ནང་དུ་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དོན་བརྗོད་སྙན་ངག  དམངས་གླུ་སོགས་འདུས། ལྷ་སྒྲུང《ཉི་མའི་གཏམ་རྒྱུད》སོགས་ཡོད་ལ། དེས་མིའི་རིགས་ཀྱི་འབྱུང་ཁུངས་གསལ་བཤད་བྱས། དམངས་ཁྲོད་ངག་རྒྱུན་ནང་དུ་མི་སྣའི་ངག་རྒྱུན་ཡོད་དེ། དཔེར་ན།《མཱ་ཧ་མོ་དུའི་ངག་རྒྱུན》ལྟ་བུ།  དམངས་ཁྲོད་གཏམ་རྒྱུད་ལ《ཨ་པུ་ཏོའི་གཏམ་རྒྱུད》སོགས་ཡོད། དཔའ་ཨེར་ནི་ཧུའེ་རིགས་སྤུན་ཟླས་ལེན་པར་དགའ་བའི་དམངས་གླུ་ཞིག་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཧུའེ་རིགས་ལ་རྩོམ་པ་པོ་གྲགས་ཅན་མང་བོ་བྱུང་ཡོད་པ་དཔེར་ན། སྙན་ངག་པ་ཧྲ་ལེ་དང་མུའུ་ཧྥུ། ཀའོ་ཧྲིན།  སྒྲུང་གཏམ་མཁས་ཅན་ཧུའུ་ཆི།  འཁྲབ་སྟོན་གྲགས་ཅན་མཱ་ཐན་ཡོས་དང་ཝང་ཀང་། ལི་ཧྲི་ཧྲི། ཁྲིན་ཅན་པིན། ཚའེ་མིན། ཚའེ་གོ་ཆིན་སོགས།  མགོ་འཛིན་པ་གྲགས་ཅན་ཁྲིན་ལའོ་ཡི་དང་སཱ་པེ་ཉིན། ཐུང་ཙི་རོང་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། མི་རིགས། ཧུའེ་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།