དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།
རྗེ་བཙུན་ཙོང་ཁ་བ་ཆེན་པོས་རྗེ་བཙུན་རེད་མདའ་བ་སོགས་མིའི་དགེ་བའི་བཤེས་གཉེན་དང་། རྗེ་བཙུན་འཇམ་པའི་དབྱངས་སོགས་ལྷའི་དགེ་བའི་བཤེས་གཉེན་མང་བོའི་གསུང་གི་བདུད་རྩི་བཞེས་པའི་སྒོ་ནས་འཕགས་བོད་ཀྱི་དབུ་མའི་བསྟན་བཅོས་རྣམས་ལ་ཕྱོགས་རེ་བ་དང་རགས་པར་མ་སོང་བའི་གསན་སྦྱོང་མཐར་ཕྱིན་པ་མཛད་དེ་དགུང་ལོ་ཞེ་གཅིག་གི་དུས་སུ་བུངྔྷ་པཱ་ལི་ཏར་བརྟེན་ནས་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་དོན་ཇི་བཞིན་རྟོགས་པའི་ཡེ་ཤེས་ཀྱི་ཀློང་དུ་བརྡོལ་བའི་ཚུལ་བསྟན་ཅིང་། འཆད་རྩོད་རྩོམ་གསུམ་གྱིས་དབུ་མའི་ལུགས་བཟང་ཉིད་རྨང་ནས་ཉམས་པ་སླར་གསོས་ཏེ་འཕགས་པ་ཡབ་སྲས་ཀྱི་གཞུང་གི་སྒེར་འགྲེལ་དུ་རྩ་འཇུག་གི་རྣམ་བཤད་གཉིས་དང་། བོད་ཀྱི་ལྟ་བའི་འདོད་ཚུལ་གྱི་འཁྲུལ་སེལ་དུ་ལྷག་མཐོང་ཆེན་མོ། རང་ལུགས་ཀྱི་ལྟ་བའི་སྙིང་བོ་མ་ནོར་བར་སྐྱོང་བའི་དོན་དུ་ལྷག་མཐོང་ཆུང་ངུ་། དབུ་སེམས་ཀྱི་ལྟ་བའི་ཕྲ་རགས་དང་དྲང་ངེས་ཀྱི་དོན་གསལ་བར་བྱེད་པའི་ཆེད་དུ་ལེགས་བཤད་སྙིང་བོ་སྟེ་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་མཛད་པའི་ཡ་གྱལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《入中论善显密意疏》
རྩོམ་པ་པོ།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
གཞུང་ཚད།
སྐུ་འབུམ་ཤིང་དཔར་ལ་ཤོག་གྲངས303དང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་དཔར་མ་ལ་ཤོག་ངོས647ཡོད།
1 ​མིང་ཁ་ཚང་།

དབུ་མ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་ཟེར།

2 རྩོམ་པ་པོ།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་གདུང་མལ་གྱི་རྒྱུད། ཡབ་དར་ར་ཁ་ཕྱོ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ1357ལོར་འཁྲུངས། དགུང་ལོ་གསུམ་ཐོག་ཀརྨ་པ་རོལ་པའི་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དགུང་ལོ་གསུམ་ནས་གཅེས་པར་བསྐྱང་ནས་དཀྱིལ་འཁོར་གྱི་དབང་ཕུལ། དགུང་ལོ་བདུན་ཐོག་ཆོས་རྗེ་དེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་གྲགས་པའི་དཔལ་ཞེས་གསོལ། དགུང་ལོ་བཅོ་ལྔ་བར་མདོ་སྡེ་རྒྱན་སོགས་ཐུགས་སུ་ཆུད། དགུང་ལོ་བཅུ་བདུན་ཐོག་འབྲི་གུང་རྒྱུད་ཚལ་གུང་ཐང་དུ་ཕེབས་རྗེ་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པའི་གཞུང་ལ་སྦྱངས་པ་མཛད། དགུང་ལོ་བཅུ་དགུའི་སྐབས་གསང་ཕུར་ཆོས་གྲྭར་བཞུགས་ནས་ཕར་ཕྱིན་ལ་སྦྱང་བ་མཛད། དགུང་ལོ་ཉི་ཤུ་རྩ་གཅིག་ཐོག་གཙང་ཕྱོགས་སུ་ཕེབས་ནས་ཉ་དབོན་ཀུན་དགའ་དཔལ་བཟང་དང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་བཙུན་ཆོས་ཀྱི་དཔལ་བ། ས་སྐྱ་བསོད་ནམས་རྒྱལ་མཚན། སྣར་ཐང་ལོ་ཙཱ་བ་དོན་བཟང་སོགས་མཁས་གྲུབ་དུ་མ་ནས་གཞུང་དབུ་ཕར་འདུལ་མངོན་ཚད་མ་སོགས་བཀའ་པོད་ལྔ་ལ་གསན་སྦྱོང་མཛད་པས་མཁས་པའི་གྲགས་པ་ཐོབ། བོ་དོང་དང་། གནས་རྙིང་སོགས་ལ་གྲྭ་སྐོར་མཛད། དགུང་ལོ་ཉེར་ལྔའི་ཐོག་བླ་མ་དབུ་མ་པ་དང་ལྷན་དུ་དབུས་སུ་ཕེབས་ནས་དགའ་གདོང་དང་སྐྱོར་མོ་ལུང་སོགས་སུ་འཆད་ཉན་སྒོམ་སྒྲུབ་མཛད་ཐོག་ཕར་ཕྱིན་གྱི་འགྲེལ་བ་ལེགས་བཤད་གསེར་ཕྲེང་རྩམ་པའི་རྟ་གོན་མཛད། དགུང་ལོ་ཉི་ཤུ་རྩ་བདུན་ཐོག་ཡར་ལུང་དུ་ཕེབས། མཁན་ཆེན་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས་བསྙེན་པར་རྫོགས། སྙེར་ཐང་གི་ཆོས་གྲྭར་བཞུགས་ཏེ་དཀའ་ཆེན་བཞིའི་གྲྭ་སྐོར་མཛད། དགུང་ལོ་ཉེར་དགུ་ལོར་གྲྭ་སར་ཕེབས། ཚལ་གུང་ཐང་དུ་བཀའ་འགྱུར་ཞིབ་གཟིགས་མཛད། དེ་ནས་སྐྱོར་ལུང་དང་། སྟོད་ལུང་མཚོ་སྨད། ངང་དཀར་སོགས་སུ་དུས་འཁོར་ཐུགས་སྦྱོང་མཛད་དེ་བློ་གསལ་མང་པོར་སྡེ་སྣོད་མང་དུ་གསུངས། དགུང་ལོ་སོ་དྲུག་ཐོག་སྐུ་འཁོར་དང་བཅས་བྱ་བྲལ་དུ་འོལ་དགའ་ཆོས་ལུང་དུ་ཕེབས་ནས་བསགས་སྦྱངས་དཀའ་བའི་བརྩོན་པ་དྲག་པོ་གཙོ་བོ་མཛད། རྫིང་ཕྱིའི་བྱམས་པའི་སྐུ་བརྙན་སོགས་ཞིག་གསོ་མཛད། དགུང་ལོ་སུམ་ཅུ་སོ་དགུ་ལ་རྗེ་ཉིད་ལྷོ་བྲག་གྲུབ་ཆེན་གྱི་བཀའ་བཞིན་ལྷོ་བྲག་ཏུ་ཕེབས་ཏེ་མཁན་ཆེན་ཕྱོག་རྡོར་བ་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་ལམ་རིམ་ཟབ་ཁྲིད་སོགས་གསན། དགུང་ལོ་ཞེ་དྲུག་ཐོག་རྭ་སྒྲེང་དུ་ཕེབས་ནས་བྱང་ཆུབ་ལམ་རིམ་ཆེན་མོ་མཛད། དགུང་ལོ་ཞེ་བརྒྱད་ཐོག་གྲྭ་སར་ཕེབས། དགོན་གསར་དུ་བཞུགས་ནས་སྡེ་སྣོད་འཛིན་པ་དུ་མར་རྣམ་འགྲེལ་སོགས་ཀྱི་ལུང་གནང་། དགུང་ལོ་ཞེ་དགུར་བདེ་ཆེན་གསང་སྔགས་མཁར་ཟླ་ཤས་བཞུགས་ནས་འོལ་དགའ་བྱམས་གླིང་དུ་ཕེབས་ཏེ་དོན་གཉེར་ཅན་མང་པོར་ལམ་རིམ་གྱི་ཆོས་གསུངས། སློབ་དཔོན་ཀླུ་བྱང་གི་རྣམ་གཞག་གི་ཊཱིཀ་དང་། སྔགས་རིམ་ཆེན་མོ་བརྩམས་པར་མཛད། སྟག་ཚང་ལོ་ཙཱ་བས་བསྔགས་བརྗོད་མཛད། དགུང་ལོ་ང་གཅིག་ཐོག་གྲྭ་སར་ཕེབས། སེ་ར་ཆོས་སྡིངས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་མཇལ། དགུང་ལོ་ང་གསུམ་ཐོག་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། དགུང་ལོ་ང་བརྒྱད་ལོར་འོན་བཀྲ་ཤིས་དོ་ཁར་གདན་འདྲེན་ལྟར་ཕེབས། སྡེ་སྣོད་འཛིན་པ་མང་བོར་ལམ་རིམ་དང་དབུ་ཚད་སོགས་ཟབ་རྒྱས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རྗེ་ཉིད་ཀྱི་དབུ་སྐྲ་ཉིན་གཅིག་ལ་ལན་བདུན་བསིལ་བའི་སྐུ་བརྙན་བྱིན་ཅན་དེ་དུས་བྱུང་བ་ཡིན། དགུང་ལོ་ང་དགུ་ལོར་དགའ་ལྡན་ཡངས་པ་ཅན་རྨང་བཏིངས། འགྲེལ་བ་བཞི་སྦྲགས་མཛད། དགུང་ལོ་རེ་གཅིག་ཐོག་དགའ་ལྡན་ཡངས་པ་ཅན་རྟེན་དང་བརྟེན་པར་བཅས་པ་གྲུབ་པའི་རབ་གནས་མཛད། ཆོ་འཕྲུལ་སྨོན་ལམ་དང་། དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ། རྫིང་ཕྱིའི་ཞིག་གསོ་ཆེན་མོ་སྟེ་མཛད་ཆེན་བཞིར་གྲགས་པ་དང་། རྟེན་འབྲེལ་བསྟོད་པ་དང་། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། བྱམས་བསྟོད་ཚངས་པའི་ཅོད་པན། རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པ་བཞི་ལ་རྗེའི་བསྟོད་ཆེན་བཞིར་གྲགས་སོ།། དགུང་ལོ་རེ་གསུམ་པ་སྟེ་ས་ཕག1419ལོ་ལ་ཞི་བར་གཤེགས། གསུང་འབུམ་པོད་བཅུ་དགུ་བཞུགས།

3 གཞུང་ཚད།

སྐུ་འབུམ་ཤིང་དཔར་ལ་ཤོག་གྲངས303དང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གི་དཔར་མ་ལ་ཤོག་ངོས647ཡོད།

4 བརྗོད་བྱ།

ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཟབ་པ་དང་རྒྱ་ཆེ་བའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གཞུང་ཡིན་ལ། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པའི་དོན་རྒྱ་ཆེར་འགྲེལ་བ་ཡིན། ཁྱད་པར་དུ་དབུ་མ་རྩ་བར་རྒྱས་པར་དངོས་སུ་མ་བསྟན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་ཀྱིས་ཁ་བསྐང་ནས་རྒྱ་ཆེར་འགྲེལ་ལ། ཁ་སྐོང་ཚུལ་ལ་ཡང་མ་ཚང་བ་ཁ་སྐོང་ཚུལ་དང་། མི་རྒྱས་པ་རྒྱས་པར་ཁ་སྐོང་ཚུལ་དུ་མ་ཡོད་པ་ལས་འདིར་དེ་ལས་ཀྱང་ཤིན་ཏུ་རྒྱས་པར་གཙོ་བོར་ཁ་སྐོང་བའོ།། དེ་ཡང་དབུ་མ་རང་རྒྱུད་པ་དང་རྣམ་རིག་པ་དང་མཐུན་པར་བཤད་མི་རུང་བར་བཤད་པ་གཉིས་ཟབ་པའི་འཇུག་ཚུལ་དང་། རྩ་ཤེས་ལས་བཤད་པའི་ལམ་དེ་ལ་ཡན་ལག་གི་སྒོས་ཕྱེ་ནས་སོ་སྐྱེའི་སའི་ཆོས་གསུམ་དང་། འཕགས་པའི་ས་བཅུ་དང་། འབྲས་བུའི་ས་རྣམས་ཀྱིས་ཤིན་ཏུ་རྒྱས་པར་ཁ་སྐོང་བ་དེ་རྒྱ་ཆེ་བའི་སྒོ་ནས་འཇུག་ཚུལ་ཏེ་གཉིས་ཡོད་དོ།། ཟབ་པའི་སྒོ་ནས་དེ་ལྟར་འཇུག་ཚུལ་གཉིས་དེ། ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་ཅིང་དེའི་རྒྱུ་མཚན་གྱིས་རང་རྒྱུད་མི་བཞེད་པ་དང་། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ་སོགས་ཀྱི་སྒོ་ནས་རྩ་ཤེས་ལ་དེ་རང་རྒྱུད་པ་དང་ཐུན་མོང་མ་ཡིན་པར་འཇུག་ཚུལ་ཡིན། དེ་ལྟར་གྲུབ་པ་མེད་པ་རྒྱུ་མཚན་གྱིས་ཀུན་གཞི་རང་རིག་ཕྱི་དོན་མེད་པ་སོགས་མི་འདོད་པ་དེ་སེམས་ཙམ་དང་ཐུན་མོང་མ་ཡིན་པར་འཇུག་ཚུལ་ཡིན། སེམས་ཙམ་པ་དང་རང་རྒྱུད་པ་གཉིས་དང་ཐུན་མོང་མ་ཡིན་པའི་རྩ་ཤེའི་དོན་འདིར་བཤད་པ་ནི་ཟབ་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་བཤད་ཚུལ་ལོ།། རྒྱ་ཆེ་བའི་སྒོ་ནས་འཇུག་ཚུལ་ཡང་སྔར་བཤད་པ་དེ་ལྟར་ཡིན་ཏེ། རྩ་ཤེའི་ལམ་ལ་ཤིན་ཏུ་རྒྱས་པར་ཁ་བསྐང་རྒྱུ་ཡང་དེ་ལྟར་དགོས་ལ། རྩ་ཤེའི་དོན་ཡིད་ལ་སེམས་པ་དང་སྒོམ་པའི་ཚེ་ཡང་ཇི་ལྟར་ཁ་བསྐང་བ་ལྟར་ཟབ་རྒྱས་གཉིས་ཚོགས་གཅིག་ཡིད་ལ་བྱེད་པ་དེ་རྒྱ་ཆེ་བའི་སྒོ་ནས་ཐུན་མོང་མ་ཡིན་པའི་བཤད་ཚུལ་ལོ།། དེ་ཡང་སེམས་བསྐྱེད་པ་བཅུའི་སྒོ་ནས་འགྲེལ་ལོ།།

5 བརྩམས་དུས།

རྗེ་ཉིད་དགུང་ལོ་རེ་གཉིས་དུས་སུ་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཛད།

6 མཆན་འགྲེལ།

སེ་ར་ཆོས་ཀྱི་རྒྱལ་མཚན་གྱི་བསྟན་བཅོས་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གསལ་བར་བྱེད་པའི་སྤྱི་དོན་ལེགས་བཤད་སྐལ་བཟང་མགུལ་རྒྱན། པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་གསལ་བའི་སྒྲོན་མེ། མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་བསྟན་བཅོས་ཆེན་པོ་དབུ་མ་འཇུག་པའི་སྤྱི་དོན་རྣམ་བཤད་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པའི་བློ་གསལ་སྒྲོན་མེ། རྗེ་དྲུང་ཤེས་རབ་དབང་བོའི་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གཏན་ལ་འབེབས་པ་དགོངས་པ་ཡང་གསལ། མཁས་མཆོག་བྱམས་པ་བཀྲ་ཤིས་ཀྱི་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གསལ་བར་བྱེད་པ་ལེགས་པར་བཤད་པའི་སྐལ་བཟང་མགུལ་རྒྱན། སེར་བྱེས་སྟོད་པ་མཁན་པོའི་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་གྱི་དགོངས་དོན་གསལ་བར་བྱེད་པའི་ཡང་གསལ་སྒྲོན་མེ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་དབུ་མ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས། ཀུན་མཁྱེན་འཇིགས་མེད་དབང་བོའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ཞེས་བྱ་བ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་རྒྱུན། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ཉིན་བྱེད་སྣང་བ་ཟབ་ལམ་ལྟ་བའི་མིག་འབྱེད་སོགས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-13

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།