བརྙས་བཅོས་ཀྱི་བྱས་ཉེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྙས་བཅོས་ཀྱི་བྱས་ཉེས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ཞེ་དྲུག་པའི་གཏན་འབེབས་ལྟར་ན། བརྙས་བཅོས་ཀྱི་བྱས་ཉེས་ཞེས་པ་ནི་དྲག་ཤུགས་སམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་འཛེམ་བག་མེད་པར་མི་གཞན་གྱི་མི་གཤིས་ལ་དམའ་འབེབས་དང་། མི་གཞན་གྱི་མཚན་སྙན་ལ་གཏོར་བཤིག་བཏང་བའི་ཉེས་ཚབས་ཆེ་བའི་བྱ་སྤྱོད་ལ་ཟེར། བརྙས་བཅོས་ཀྱི་བྱས་ཉེས་ཞེས་པ་ནི་དོན་དངོས་ཐོག་དྲག་ཤུགས་སམ་བྱ་ཐབས་གཞན་དག་སྤྱད་ནས་མངོན་སུམ་འཛེམས་མེད་ངང་མི་གཞན་གྱི་མཚན་སྙན་ཉམས་སུ་བཅུག་པར་ཟེར། རང་སྣང་ཐད་ནས་ཤེས་བཞིན་དུ་བྱས་པ་ཞིག་ཡིན་དགོས་པ་སྟེ། བྱ་སྤྱོད་སྤེལ་མཁན་གྱིས་རང་ཉིད་ཀྱི་བརྙས་བཅོས་བྱས་པའི་བྱ་སྤྱོད་ཀྱིས་མི་གཞན་གྱི་མཚན་སྙན་ལ་གནོད་འཚེ་གཏོང་བའི་མཇུག་འབྲས་བཟོ་སྲིད་པ་གསལ་པོར་ཤེས་པ་མ་ཟད། ངན་འབྲས་དེ་རིགས་ཐོན་པར་རེ་བ་བྱེད་པའམ་ཡང་ན་རྒྱ་ཡན་དུ་བཏང་བ་ཞིག་ཡིན་དགོས། གཞན་ཡང《ཉེས་ཁྲིམས》ཀྱི་གཏན་འབེབས་ལྟར་ན། ཉེས་ཚབས་ཆེ་བའི་བརྙས་བཅོས་བྱ་སྤྱོད་ཀྱིས་ད་གཟོད་བྱས་ཉེས་འདི་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
侮辱罪
དམིགས་ཡུལ།
འཛེམ་བག་མེད་པར་མི་གཞན་གྱི་མི་གཤིས་ལ་དམའ་འབེབས་དང་། མི་གཞན་གྱི་མཚན་སྙན་ལ་གཏོར་བཤིག་གཏོང་བ།
ཁྱབ་ཁོངས།
ཉེས་ཁྲིམས་ཉེས་མིང་།
བྱད་ཐབས།
དྲག་ཤུགས་སམ་ཡང་ན་བྱེད་ཐབས་གཞན་དག
1 གྲུབ་ཆ་གལ་ཆེན།
1_1 བྱེད་ཡུལ།

བྱས་ཉེས་འདིའི་བཙན་གནོད་བྱེད་ཡུལ་ནི་མི་གཞན་པའི་ཐོབ་ཐང་དང་ལ་རྒྱ་དང་མིང་གྲགས་ཐོབ་དབང་ཡིན། མི་གཤིས་ལ་རྒྱ་དང་མིང་གྲགས་ཐོབ་དབང་ནི་སྤྱི་དམངས་ཀྱི་གཞི་རྩའི་ཀྱི་ཁེ་དབང་ཡིན།《རྩ་ཁྲིམས》ཀྱི་དོན་ཚན38པའི་ནང་གཏན་འབེབས་བྱས་དོན།“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་བྱས་མི་ཆོག བྱེད་ཐབས་གང་ཞིག་ལ་བརྟེན་ནས་སྤྱི་དམངས་ལ་བརྙས་བཅོས་དང་། སྐུར་འདེབས། སྙོན་འཛུགས་ཉེས་འགེལ་བཅས་བྱས་མི་ཆོག” མི་གཤིས་ལ་རྒྱ་ཞེས་པ་ནི་སྤྱི་དམངས་ཀྱིས་རང་ཉིད་གནས་པའི་སྤྱི་ཚོགས་ཁོར་ཡུག་དང་། གོ་གནས། སྙན་གྲགས། ལས་ཀའི་ཁོར་ཡུག ཁྱིམ་ཚང་གི་འབྲེལ་བ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རང་ཉིད་དམ་མི་གཞན་གྱི་མི་གཤིས་རིན་ཐང་དང་སྤྱི་ཚོགས་རིན་ཐང་ལ་ངོས་འཛིན་དང་བརྩི་འཇོག་བྱེད་པར་ཟེར། མཚན་སྙན་ཞེས་པ་ནི་སྤྱི་དམངས་ལ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཐོབ་པའི་མིང་གྲགས་དང་སྙན་གྲགས་ལ་ཟེར་ཞིང་། དེ་ནི་སྤྱི་དམངས་ཤིག་གི་ཀུན་སྤྱོད་དང་། འཇོན་ཐང་། མཚན་སྙན་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཐོབ་པའི་སྤྱི་ཚོགས་ཀྱི་གདེང་འཇོག་ཅིག་ཡིན། མིང་གྲགས་ཐོབ་དབང་ཞེས་པ་ནི་མིང་གྲགས་ཀྱི་སྲུང་སྐྱོབ་དང་བདེ་འཇགས་ནང་དོན་བྱས་པའི་མིའི་ཐོབ་ཐང་གི་དབང་ཆར་ཟེར།

1_2 ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གལ་ཆེན།

བྱས་ཉེས་འདི་ཕྱི་ཡུལ་ཐད་ནས་དྲག་ཤུགས་སམ་བྱེད་ཐབས་གཞན་ལ་བརྟེན་ནས་འཛེམ་བག་མེད་པར་གཞན་གྱི་ཐོབ་ཐང་ལ་དམའ་འབེབས་དང་མི་གཞན་གྱི་མིང་དང་གྲགས་པར་གཏོར་བཤིག་བཏང་བའི་ཉེས་ཚབས་ཆེ་བའི་བྱ་སྤྱོད་ཅིག་ཡིན།  

(གཅིག)མི་གཞན་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་དང་། བྱ་སྤྱོད་ཀྱི་བྱེད་ཐབས་གཙོ་བོ་གཤམ་གསལ།

(1)དྲག་ཤུགས་ལ་བརྟེན་ནས་མིའི་ལུས་ཁམས་ལ་བརྙས་བཅོས་བྱས་པ། འདིར་བཤད་པའི་དྲག་ཤུགས་ཞེས་པ་ནི་བརྙས་བཅོས་བྱེད་ཐབས་ཁོ་ནར་བརྟེན་ནས་བཤད་པ་ཡིན། མི་གཞན་ལ་བཙན་ཤེད་ཀྱིས་མི་གཤིས་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་སྤེལ་བ་སོགས་ཡིན་པ་ལས། ལུས་པོའི་བདེ་ཐང་ལ་ཉེས་རྡུང་གཏོང་བ་དང་གནོད་འཚེ་གཏོང་བའི་དྲག་ཤུགས་ལ་ཟེར་བ་མིན། གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་ཤེས་བཞིན་དུ་མི་གཞན་གྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་ཚེ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་བརྩིས་ནས་ཐག་གཅོད་དགོས།

(2)སྐད་ཆ་སྤྱད་ནས་བརྙས་བཅོས་བྱེད་པ། དེ་ནི་ཚིག་རྩུབ་པའི་སྒོ་ནས་གནོད་འཚེ་ཕོག་མཁན་ལ་འཕྱ་སྨོད་དང་དམའ་འབེབས་བྱེད་པ། མི་མང་གི་མདུན་དུ་མཚང་འབྲུ་བ། དཔེར་ན་ངག་ཐོག་ནས་གནོད་འཚེ་ཕོག་མཁན་གྱི་འཚོ་བའི་གསང་བ་དང་ལུས་ཁམས་ཀྱི་ཞན་ཆ་སོགས་སྒྲོག་སྤེལ་བྱས་པ་ལྟ་བུ་ཡིན།

(3)ཡིག་ཐོག་ནས་བརྙས་བཅོས་བྱེད་པ། དེ་ནི་ཚགས་པར་དང་། ཡིག་ཆུང་ཚགས་པར། རི་མོ། ཟུར་ཟའི་རི་མོ། འཕྲིན་ཡིག དཔེ་དེབ་དང་དུས་དེབ་བམ་ཡང་ན་ཡོངས་བསྒྲགས་ཀྱི་ཡི་གེ་གཞན་དག་སོགས་ཀྱི་ཐོག་ནས་མི་གཞན་གྱི་གསང་དོན་ཕྱིར་བསྒྲགས་ཏེ་མི་གཞན་གྱི་མིའི་ཐོབ་ཐང་ལ་དམའ་འབེབས་དང་། མི་གཞན་གྱི་མིང་གྲགས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཟེར།  

(གཉིས)བརྙས་བཅོས་ཀྱི་བྱ་སྤྱོད་ངེས་པར་དུ་མངོན་གསལ་དུ་སྤེལ་དགོས། “འཛེམ་བག་མེད་པར”བརྙས་བཅོས་བྱེད་པ་ཞེས་པ་ནི་མི་གསུམ་པའི་མདུན་དང་ཐ་ན་མི་མང་གི་མདུན་དུའམ་ཡང་ན་ངེས་མེད་ཀྱི་མི་དང་མི་མང་ཆེ་བས་གོ་ཐུབ་པ་དང་མཐོང་ཐུབ་པའི་བྱ་ཐབས་སྤྱད་ནས་མི་གཞན་ལ་བརྙས་བཅོས་བྱེད་པར་ཟེར།

(གསུམ)བརྙས་བཅོས་བྱ་ཡུལ་ནི་ངེས་པར་དུ་དམིགས་འཛུགས་བྱས་པའི་མི་ཡིན་དགོས། དམིགས་འཛུགས་བྱས་པའི་མི་གཅིག་ཡིན་ཆོག་ལ་མི་འགའ་ཡིན་ཀྱང་ཆོག་མོད། འོན་ཀྱང་ངེས་པར་དུ་ཞིབ་ཕྲ་ཡིན་དགོས་པ་དང་གཏན་འཁེལ་བྱས་ཆོག་པ་ཡིན་དགོས། མི་མང་འཛོམས་སར་དམིགས་བཀར་བྱ་ཡུལ་མེད་པའི་སྒོ་ནས་དམའ་འབེབས་གཏོང་བ་དེས་བརྙས་བཅོས་གཏོང་བའི་ཉེས་པ་བསགས་ཀྱི་མེད། འདས་པོས་བྱས་ཉེས་བརྙས་བཅོས་བྱ་ཡུལ་དུ་འགྱུར་མི་རུང་། གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་ཕྱི་ཚུལ་ཐོག་འདས་པོར་བརྙས་བཅོས་བྱས་པ་དེ་དོན་དངོས་ཐོག་འདས་པོའི་ཁྱིམ་མིར་བརྙས་བཅོས་བྱས་པ་ཡིན་ན་བརྙས་བཅོས་ཀྱི་བྱས་ཉེས་སུ་ངོས་འཛིན་བྱ་དགོས།

(བཞི)བལྟོས་འཛེམ་མེད་པར་གཞན་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་དེ་ཉེས་ཚབས་ཆེ་བའི་ཚད་ལ་སླེབས་ན་མ་གཏོགས་བྱས་ཉེས་འདི་གསོག་གི་མེད། མངོན་སུམ་འཛེམས་མེད་ཀྱིས་མི་གཞན་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་ཡོད་མོད། འོན་ཀྱང་ཉེས་ཚབས་ཆེ་བའི་ཁོངས་སུ་གཏོགས་མེད་པས་སྤྱིར་བཏང་གི་དམངས་དོན་གྱི་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་ཀྱིན་ཡོད། ཉེས་ཚབས་ཆེ་བ་ཞེས་པ་ནི་གཙོ་བོ་བྱེད་ཐབས་ངན་པོ་དང་མཇུག་འབྲས་ཚབས་ཆེ་བ་སོགས་ཀྱི་གནས་ཚུལ་ལ་ཟེར། དཔེར་ན་གནོད་འཚེ་ཕོག་མཁན་ལ་བཙན་ཤེད་ཀྱིས་མི་མང་པོའི་ཁྲོད་ནས་རང་ཉིད་ཀྱི་རྐང་འོག་ནས་འགྲོ་རུ་འཇུག་པ་དང་། མི་མང་པོའི་དཀྱིལ་དུ་གནོད་འཚེ་འཕོག་མཁན་གྱི་གྱོན་གོས་ཕུད་པ། གནོད་འཚེ་ཕོག་མཁན་གྱི་ངོ་གདོང་བཙོག་པ་བཟོ་བ་དང་། ཞྭ་མོ་བསྐོན་ནས་ཁྲོམ་ལམ་དུ་འཁྲིད་པ། མི་གཞན་ལ་བརྙས་བཅོས་ཐེངས་མང་བྱས་ནས་དེའི་མི་གཤིས་དང་མཚན་སྙན་ལ་གནོད་སྐྱོན་ཚབས་ཆེན་ཕོག་པ། གཞུང་དོན་སྒྲུབ་མཁན་དང་། བུད་མེད། ཐ་ན་ཕྱི་རྒྱལ་གྱི་སྐུ་མགྲོན་བཅས་ལ་བརྙས་བཅོས་བྱས་ནས་ཤུགས་རྐྱེན་ངན་པ་བཟོས་པ་སོགས་རེད།

2 གྲུབ་ཆ་གཙོ་བོ།

བྱས་ཉེས་འདིའི་བྱེད་པོ་ནི་སྤྱིར་བཏང་གི་བྱེད་པོ་ཡིན་ཞིང་། ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་ལ་སླེབས་པ་མ་ཟད། ཉེས་དོན་འགན་འཁྲི་འཁུར་ནུས་ཡོད་པའི་རང་བྱུང་སྐྱེ་བོ་ཞིག་ཡིན་ཕྱིན་ཚང་མས་བྱས་ཉེས་འདི་གསོག་གི་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ་བཅས་བྱས་ཉེས་འདིའི་བྱེད་པོར་གྲུབ་མེད།

2_1 རང་སྣང་གི་ཆ་རྐྱེན།

བྱས་ཉེས་འདིའི་རང་སྣང་གི་མཚོན་ཚུལ་ནི་ཐད་ཀར་ཤེས་བཞིན་དུ་བྱས་པ་ཞིག་ཡིན་པ་མ་ཟད། མི་གཞན་གྱི་མི་གཤིས་ལ་དམའ་འབེབས་དང་མི་གཞན་གྱི་མཚན་སྙན་ལ་གཏོར་བཤིག་གཏོང་བའི་དམིགས་ཡུལ་ཡོད་པ་ཞིག་རེད། བར་བརྒྱུད་ཤེས་བཞིན་དང་ལས་འཛོལ་གྱིས་བྱས་ཉེས་འདི་གསོག་གི་མེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།