བེ་རི་ཚུལ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བེ་རི་ཚུལ་ཁྲིམས།
ཁོང་ནི་སྤྱི་ལོ1966ལོའི་ཟླ12པའི་ཚེས5ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སུ་རུག་ཡུལ་ཤོག་སྟོད་ཤོག་འབྲོག་སྡེ་རུ་སྐྱེས། སྔ་ཕྱིར་གྲོང་སྡེའི་སློབ་ཆུང་དང་། ཁུལ་ནང་བསྟན་སྤྲུལ་སྐུའི་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན་དང་། ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་སོགས་སུ་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་སློབ་གཉེར་བྱས། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རིག་གནས་ཅུའུ་རུ་ཕྱག་ལས་གནང་མུས་སུ་མཆིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白日次成
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ12པའི་ཚེས5ཉིན།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སུ་རུག་ཡུལ་ཚོ།
ལས་རིགས།
རིག་གནས་ཞིབ་འཇུག་པ།
ལས་ཐོབ།
མཐོ་རིམ་གཞོན་པ།
བརྩམས་ཆོས་གཙོ་བོ།
《སྲིད་པའི་གནའ་སྒྲུང་རིང་མོ》《གླུ་འབུམ་པོ་ཏི་དགུ་སྒྲིལ》《དམངས་གཞས་བྲོ་ར་ཁྲ་མོ》《ལ་ཤགས་གླུ་ཡིག་ཁྲ་མོ》《བོད་ཀྱི་དམངས་ཁྲོད་བཤད་པ》སོགས་ཡོད།
1 ངོ་སྤྲོད་མདོར་བསྡུས།

ཁོང་ནི་སྤྱི་ལོ1966ལོའི་ཟླ12པའི་ཚེས5ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སུ་རུག་ཡུལ་ཤོག་སྟོད་ཤོག་འབྲོག་སྡེ་རུ་སྐྱེས། སྔ་ཕྱིར་གྲོང་སྡེའི་སློབ་ཆུང་དང་། ཁུལ་ནང་བསྟན་སྤྲུལ་སྐུའི་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན་དང་། ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་སོགས་སུ་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་སློབ་གཉེར་བྱས།  མཐོ་རིམ་པ་གཞོན་པའི་གོ་མིང་ཡོད།  ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རིག་གནས་ཅུའུ་རུ་ཕྱག་ལས་གནང་མུས་སུ་མཆིས། 

2 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1997ལོའི་ཟླ་བརྒྱད་པར་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར། 

སྤྱི་ལོ2007ལོ་ནས་བཟུང་ལས་ཞོར་དུ་དམངས་ཁྲོད་ངག་རྩོམ་སྣ་ཚོགས་འཚོལ་བསྡུའི་མགོ་བརྩམས། 

སྤྱི་ལོ2010ལོར་རྫོང་སློབ་གསོ་ཅུའུ་སློབ་གསོ་སློབ་ཁྲིད་ཞིབ་འཇུག་ཁང་དུ་ལས་གནས་སྤར། 

སྤྱི་ལོ2015ལོའི་ཟླ་ལྔ་པར་རྗོང་རིག་གནས་ཅུའུ་རུ་ལས་བཀོད་བྱས་ནས་ད་བར་དུ་བོད་ཀྱི་རིག་གནས་སྤྱི་དང་ས་གནས་ཀྱི་རིག་གནས། བོད་ཀྱི་ཡུལ་སྲོལ། དམངས་ཁྲོད་ངག་ཐོག་རྩོམ་རིག གེ་སར་རིག་གནས་གཙོས་པའི་བོད་རིག་པ་ལ་ཞིབ་འཇུག་དང་འཚོལ་བསྡུའི་བྱ་བ་བསྒྲུབས། 

3 བྱ་བའི་གྲུབ་འབྲས། 
3_1 གཟེངས་བསྟོད་བྱ་དགའ།

སྤྱི་ལོ1995ལོར་ཁུལ་ནང་བསྟན་སློབ་གླིང་གི་སློབ་མ་ཡོངས་ལས་སྦྱངས་འབྲས་ཨང་དང་པོའི་བྱ་དགའ་ཐོབ།

སྤྱི་ལོ1997ལོར་ཟི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། 

སྤྱི་ལོ2002ལོར་རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་དུ་བདམས། 

སྤྱི་ལོ2003ལོར་གངས་རྒྱན་ན་ཆུང་ཚགས་པར་ཁང་གི་བྱ་བཞག་ལ་རྒྱབ་སྐྱོར་པའི་བྱ་དགའ་ཐོབ།

སྤྱི་ལོ2012ལོར་རྫོང་རིམ་པའི་སློབ་ཁྲིད་ནུས་རྩལ་ལྡན་པའི་གཟེངས་རྟགས་ཐོབ།

སྤྱི་ལོ2013ལོར་རྫོང་རིམ་པའི་ཕུལ་བྱུང་སློབ་གསོ་ལས་སྒྲུབ་པའི་མཚན་སྙན་དང་། ལོ་དེར་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་ཕུལ་བྱུང་རིག་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ། 

སྤྱི་ལོ2014ལོར་རྫོང་རིམ་པའི་ཕུལ་བྱུང་སློབ་གསོ་སློབ་ཁྲིད་ཞིབ་འཇུག་པའི་གཟེངས་རྟགས་དང་། ལོ་དེར་ཁུལ་རིག་རྩལ་ཚོགས་པས་སྔོན་ཐོན་རིག་རྩལ་ལས་སྒྲུབ་པའི་བྱ་དགའ་ཐོབ།

སྤྱི་ལོ2015ལོའི་ཟླ5པར་ཁུལ་རིག་གནས་ཅུའུ་ཀྱིས་མི་རིགས་རིག་གནས་སྲུང་སྐྱོབ་པའི་མི་སྣ་གསར་པའི་གཟེངས་རྟགས་བཅས་ཀྱི་བྱ་དགའ་ཐོབ། ཡང་ལོ་དེར་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་དེའི་ཁུལ་རིག་རྩལ་ལས་རིགས་ཁྲོད་གྲུབ་འབྲས་འབུར་ཐོན་གྱི་གཟེངས་རྟགས་ཐོབ། 

སྤྱི་ལོ2016ལོར་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། ཁུལ་རྩོམ་སྒྱུ་ལྷན་ཚོགས་གཉིས་ཀྱིས་རིག་རྩལ་ལས་དོན་ལ་བྱས་རྗེས་ཆེན་པོ་བཞག་པའི་བྱ་དགའ་ཐོབ། 

སྤྱི་ལོ2017ལོར་རྫ་སྟོད་རྫོང་གི་གཙང་གསུམ་འབྱུང་ཡུལ་སྐབས་གཉིས་པའི་ནོར་ནག་དུས་ཆེན་དང་། སྐབས་དང་པོའི་གངས་ལྗོངས་འབྲོག་གླུའི་དུས་ཆེན་སྐབས་ཕུལ་བྱུང་ལས་སྒྲུབ་པ་དང་སྔོན་ཐོན་མི་སྒེར་གཉིས་ཀྱི་བྱ་དགའ་ཐོབ། 

སྤྱི་ལོ2020ལོར་རྫ་སྟོད་རྫོང་ཨུ་དང་སྲིད་གཞུང་གིས་གླིང་སྒྲུང་རིག་གནས་ལ་དམིགས་བསལ་འབུར་ཐོན་གྱི་བྱས་རྗེས་བྱ་དགའ་དང་། རིག་དངོས་སྲུང་སྐྱོབ་ལས་དོན་སྔོན་ཐོན་མི་སྣའི་གཟེངས་རྟགས་ཐོབ། 

3_2 རིག་གཞུང་དཔྱད་འབྲས།

སྤྱི་ལོ2013ལོའི་ཟླ8པར་ལེའུ་དགུ་ཅན་གྱི་དམངས་ཁྲོད་གཏམ་རྒྱུད་བརྒྱ་དང་སུམ་ཅུ་ཅན་གྱི《སྲིད་པའི་གནའ་སྒྲུང་རིང་མོ།》དང་། གླུ་ཤགས། ལ་གཞས་དང་། འབྲོག་གླུ། མགུར་མོ་སྟེ་ལེའུ་བཞི་དང་གླུ་ཚན་ཆིག་སྟོང་ལྔ་བརྒྱ་ལྷག་འདུས་པའི《གླུ་འབུམ་པོ་ཏི་དགུ་སྒྲིལ།》གཉིས་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས། 

སྤྱི་ལོ2015ལོར་ཡུལ་ཤུལ་གཙོ་བོར་བྱས་པའི་སྡེ་དགེ  ཆབ་མདོ། སྨར་ཁམས། བདེ་ཆེན། དཀར་མཛེས། སྟེང་ཆེན་བཅས་ཁམས་ཁུལ་གྱི་བྲོ་གཞས། འབྲོག་པའི་ངལ་རྩོལ་གྱི་གཞས་སོགས་བྲོ་གཞས་བརྒྱ་ཕྲག་དུ་མ་འདུས་པའི《དམངས་གཞས་བྲོ་ར་ཁྲ་མོ།》དང་། འབྲི་སྟོད་ཀྱི་གླུ་མ་གྲགས་ཅན་ཨོ་ལོའི་ལ་ཤགས་ཆེད་བསྒྲིགས《ལ་ཤགས་གླུ་ཡིག་ཁྲ་མོ།》དང་། གནས་ཁང་། བཟའ་བཏུང་། གོས་རྒྱན། གཉེན་སྟོན། རྟེན་འབྲེལ་ཁ་གཡང་། རྩེད་མོ། སྒོ་ཕྱུག གོ་མཚོན། བསྟོད་གསོལ། ངལ་རྩོལ། གནས་བཤད་སོགས་ལེའུ་བཅུ་གཉིས་ཅན་གྱི་དམངས་ཁྲོད་བཤད་པ་ཅི་རིགས་བརྒྱ་ཕྲག་ལྷག་ཕྱོགས་བསྡུས་ཀྱིས《བོད་ཀྱི་དམངས་ཁྲོད་བཤད་པ།》ཅེས་པའི་དེབ་ཆེན་དང་།《བོད་ཀྱི་དམངས་ཁྲོད་གཏམ་དཔེ།》ཞེས་པའི་གཏམ་དཔེ་སྟོང་ཕྲག་ལྷག་ཡོད་པ་དཔར་བསྐྲུན་བྱས། དེ་མིན་ལྡེའུ་སྣ་ཚོགས་རང་བྱུང་ཁམས་དང་། ཡིག་ལྡེའུ། གབ་ཡིག ཁ་མགྱོགས། བྱིས་པའི་རྩོམ་རིག་བཅས་ལེའུ་བཅུ་ཅན་གྱི《ལྡེའུ་རིག་པའི་སྒོ་འབྱེད།》དང་། བོད་ཀྱི་ཡུལ་སྲོལ་ཀུན་འདུས《ཡུལ་སྲོལ་རིག་པའི་བང་མཛོད།》སྒང་པ་བོད་ཀྱི་འབྲོག་ལས་ཐོན་སྐྱེད་ལག་ལེན་འཚོ་བ་བརྗོད་བྱ་རུ་བྱས་པའི《སྲིད་པ་འབྲོག་གི་རབ་བྱེད།》ཤུལ་མ་ལྷ་བུ་དོན་གྲུབ་ཀྱིས་བཤད་པའི《དམངས་ཁྲོད་གཏམ་རྒྱུད།》བཅས་དཔར་སྐྲུན་གྱི་སྟ་གོན་གྲུབ་པ་ལས་གཞན་ཡང་བོད་ཀྱི་ཤུགས་བསྟན་ངག་སྒྲུང《བྱ་སྒྲུང་བྱེའུ་སྒྲུང་།》སློབ་གསོ་དང་སློབ་ཁྲིད་བྱེད་ཐབས《དགེ་རྒན་གྱི་ཟུར་ལྟའི་ཀློག་དེབ།》གཉིས་པར་བསྐྲུན་བྱས། 

ས་གནས་གྱི་རྩ་ཆེན་རིག་གནས་སྲུང་སྐྱོང་འགན་ཁུར་དང་དུ་བླངས་སྟེ། རྫ་སྟོད་རྫོང་གི་མུ་འབྲེལ་རིག་གནས་དཔེ་ཚོགས་ལས།《རྫ་སྟོད་རྫོང་གི་རི་ཆུའི་རིག་གནས》ལག་བསྟར་རྩོམ་སྒྲིག་བྱས་པ་མ་ཟད། 《རྫ་སྟོད་རྫོང་གི་ས་མིང་རིག་གནས་བརྡ་འགྲེལ》《རྫ་སྟོད་རྫོང་གི་མངོན་མིན་ཤུལ་བཞག་རིག་གནས་གཙོ་བོ》 《རྫ་སྟོད་རྫོང་གི་གནའ་ཤུལ་རིག་གནས》བཅས་རྩོམ་བསྒྲིགས་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། 

སྤྱི་ལོ2020ལོའི་ཟླ་བརྒྱད་པར། རྫ་སྟོད་རྫོང་གི་གེ་སར་རིག་གནས་དཔེ་ཚོགས་དེབ་བརྒྱད་ལས། ཁོང་གིས་རྩོམ་བསྒྲིགས་བྱས་པའི《གེ་སར་རིག་པ་ཕྱོགས་སྟོན》《གེ་སར་གསོལ་མཆོད་དང་སྒྲུབ་ཐབས》དང་། དཔེ་དཀོན་དཔེ་རྙིང་འཚོལ་བསྡུ་བྱས་པའི《སྲིད་པ་སར་ཆགས》《གཅན་གཟན་སྡེ་ལྔ》 ས་གནས་ཀྱི་སྒྲུང་པས་བཤད་པའི་སྒྲ་ཕབ་ཟིན་བཀོད་དག་སྒྲིག་བྱས་པའི《འཁྲུངས་གླིང་པདྨའི་སྡོང་པོ》དང《རྨ་ཨ་ཡུ་དེའུ་ཡི་ནོར་རྫོང》《མུ་སྟེགས་ཁྲབ་རྫོང》《འདམ་གཞུང་གསེར་རྫོང》བཅས་ས་གནས་ཀྱི་གེ་སར་རིག་གནས་སྐོར་གྱི་དེབ་བརྒྱད་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གཟིགས་འབུལ་ཞུས། གོང་གསལ་དམངས་ཁྲོད་རིག་རྩལ་དེབ་ཕྲེང་དང་། རྫ་སྟོད་རྫོང་གི་རིག་གནས་བརྒྱུད་མའི་དཔེ་ཚོགས། རྫ་སྟོད་རྫོང་གི་གེ་སར་རིག་གནས་དཔེ་ཚོགས་བཅས་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་པ་དང་ཆབས་ཅིག །རྫ་སྟོད་འབྲེལ་ཡོད་ཡུལ་ལྷའི་བསང་གསོལ་གྱི་ཡིག་ཆ། གནས་ཡིག  སྔར་བྱོན་སྐྱེས་ཆེན་དག་གི་རང་རྣམ་དང་རྣམ་ཐར། དགོན་སྡེའི་ལོ་རྒྱུས། ས་མིང་མིང་མཛོད། རི་ཆུའི་གཏམ་རྒྱུད། གསུང་འབུམ་བཅས་འཚོལ་བསྡུ་དང་དག་སྒྲིག་གནང་བཞིན་ཡོད།

4 སྤྱི་ཚོགས་འགན་ནུས། 

མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས་ཡུལ་ཤུལ་ཚན་པའི་ལག་བསྟར་རྩོམ་སྒྲིག་པ་དངག། ཡོངས་འཛིན་རིག་ལས་མཛོད་རྫ་སྟོད་ཚན་པའི་བསྡུ་རུག་འགན་ཁུར་པ་དང་། རྒྱལ་ཡོངས་སྐབས་གཉིས་པའི་ས་མིང་ཞིབ་བཤེར་རྫ་སྟོད་རྫོང་གི་ས་མིང་ཡོངས་བཤེར་བློ་འདྲི་ཆེད་མཁས་པ་དང་། རྩོམ་སྒྲིག་དང་དཔྱད་ཞིབ་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་འཆར་འགོད་བློ་འདྲི་ཡུལ། རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཡུལ་རྣམ་སྲས་ཁྱད་ལྡན་གྲོང་རྡལ་གྱི་འཆར་འགོད་པ། སྲིད་གྲོས་ཡུལ་ཤུལ་ཁུལ་གྱི་དེང་རབས་རིག་གནས་མཁས་ཅན་ལོ་རྒྱུས་བསྡུ་རུག་གི་རྫ་སྟོད་ཚན་པའི་འགན་ཁུར་ཞིང་། རྫ་སྟོད་རྫོང་གི་ས་གནས་སློབ་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ། ཡུལ་ཤུལ་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་འཛིན་པ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་སྲུང་སློབ་གསོ་ཚོགས་པའི་ཁོངས་མི། ཡུལ་ཤུལ་ཁུལ་ཏང་ཕྱིའི་ཤེས་ལྡན་པའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ། ཚོགས་པའི་ལས་འཛིན་པ། སྲིད་གྲོས་རྫ་སྟོད་རྫོང་སྐབས་བཅུ་བཞི་པའི་ཨུ་ཡོན་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཨུ་ཡོན། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་དྲུང་གཞོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-04

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།