ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》ཞེས་པ་ནི་དམངས་དོན་ཁྲིམས་གཞུང་གི་སྤྱི་སྲོལ་ཞིག་ཡིན། དེའི་ཁྲོད་དུ་དམངས་དོན་བྱ་འགུལ་གྱི་གཞི་རྩའི་རྩ་དོན་དང་སྤྱིར་བཏང་གི་གཏན་འབེབས་ཡོད་ཅིང་། དམངས་དོན་ཁྲིམས་གཞུང་གི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། དེའི་ནང་དོན་ལ་གཞི་རྩའི་གཏན་འབེབས་དང་། རང་བྱུང་མི། ཁྲིམས་མི། ཁྲིམས་མི་མ་ཡིན་པའི་རྩ་འཛུགས། དམངས་དོན་གྱི་ཁེ་དབང་། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད། ངོ་ཚབ། དམངས་དོན་གྱི་ཁག་འགན། གཏུགས་བཤེར་གྱི་དུས་ཚོད། དུས་ཚོད་བརྩི་སྟངས། ཞར་བྱུང་དོན་ཚན་སོགས་ས་བཅད་བཅུ་གཅིག་དང་དོན་ཚན206ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《中华人民共和国民法总则》
རིགས་དབྱེ།
ཁྲིམས་ལུགས།
ངོ་བོ།
དམངས་དོན་ཁྲིམས་གཞུང་གི་སྤྱི་སྲོལ་ཡིན།
ཁྱབ་བསྒྲགས་གྲོས་ཚོགས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ།
ཀྲུའུ་ཞིའི་བཀའ་རྒྱ།
ཨང66པ།
གྲོས་འཆམ་བྱུང་བའི་དུས་ཚོད།
སྤྱི་ལོ2017ལོའི་ཟླ3པའི་ཚེས15ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ2017ལོའི་ཟླ10པའི་ཚེས1ཉིན།
མེད་པར་བཟོས་པའི་དུས་ཚོད།
སྤྱི་ལོ2021ལོའི་ཟླ1པོའི་ཚེས1ཉིན།
1 ​ངོ་སྤྲོད། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》ཞེས་པ་ནི་དམངས་དོན་ཁྲིམས་གཞུང་གི་སྤྱི་སྲོལ་ཞིག་ཡིན། དེའི་ཁྲོད་དུ་དམངས་དོན་བྱ་འགུལ་གྱི་གཞི་རྩའི་རྩ་དོན་དང་སྤྱིར་བཏང་གི་གཏན་འབེབས་ཡོད་ཅིང་། དམངས་དོན་ཁྲིམས་གཞུང་གི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད།  དེའི་ནང་དོན་ལ་གཞི་རྩའི་གཏན་འབེབས་དང་། རང་བྱུང་མི། ཁྲིམས་མི། ཁྲིམས་མི་མ་ཡིན་པའི་རྩ་འཛུགས། དམངས་དོན་གྱི་ཁེ་དབང་། དམངས་དོན་ཁྲིམས་དོན་གྱི་བྱ་སྤྱོད། ངོ་ཚབ། དམངས་དོན་འགན་འཁྲི། གཏུགས་བཤེར་དུས་ཚོད། དུས་ཚོད་བརྩི་སྟངས། ཞར་བྱུང་དོན་ཚན་སོགས་ས་བཅད་བཅུ་གཅིག་དང་དོན་ཚན206ཡོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་སྤྱི་ལོ2017ལོའི་ཟླ3པའི་ཚེས15ཉིན་བརྡས་ཐག་བཅད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》ལ་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ66པར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས། དམངས་ཁྲིམས་ཀྱི་སྤྱི་སྲོལ་དེ་སྤྱི་ལོ2017ལོའི་ཟླ10པའི་ཚེས1ནས་ལག་བསྟར་བྱས། སྤྱི་ལོ2020ལོའི་ཟླ5པའི་ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལ་གྲོས་འཆམ་བྱུང་ཞིང་། སྤྱི་ལོ2021ལོའི་ཟླ1པོའི་ཚེས1ནས་ལག་བསྟར་བྱ་རྒྱུ་དང་། དུས་མཚུངས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་ཁྲིམས་སྤྱི་སྲོལ》མེད་པར་བྱས། 

2 རྩ་སྲོལ་གྱི་ནང་དོན། 
3 དཀར་ཆག

ས་བཅད་དང་པོ། གཞི་རྩའི་གཏན་འབེབས།

ས་བཅད་གཉིས་པ། རང་བྱུང་མི།

ལེའུ་དང་པོ། དམངས་དོན་གྱི་ཁེ་དབང་འཛིན་ནུས་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས།

ལེའུ་གཉིས་པ། ལྟ་སྐྱོང་།

ལེའུ་གསུམ་པ། བོར་བརླག་གསལ་བསྒྲགས་དང་ཤི་ཟིན་པ་གསལ་བསྒྲགས།

ལེའུ་བཞི་པ། སྒེར་གཉེར་བཟོ་ཚོང་ཐེམ་དུད་དང་གྲོང་གསེབ་ཀྱི་འགན་གཙང་གཉེར་སྐྱོང་བྱེད་མཁན་ཐེམ་དུད།

ས་བཅད་གསུམ་པ། ཁྲིམས་མི།

ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་བ།

ལེའུ་གཉིས་པ། ཁེ་གཉེར་ཁྲིམས་མི།

ལེའུ་གསུམ་པ། ཁེ་གཉེར་མ་ཡིན་པའི་ཁྲིམས་མི།

ལེའུ་བཞི་པ། དམིགས་བསལ་ཁྲིམས་མི།

ས་བཅད་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས།

ས་བཅད་ལྔ་པ། དམངས་དོན་གྱི་ཁེ་དབང་།

ས་བཅད་དྲུག་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད།

ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་བ།

ལེའུ་གཉིས་པ། བསམ་ཚུལ་མཚོན་པ།

ལེའུ་གསུམ་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ནུས་ཆོད།

ལེའུ་བཞི་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ཟུར་དུ་བཀོད་པའི་ཆ་རྐྱེན་དང་དུས་བཅད།

ས་བཅད་བདུན་པ། ངོ་ཚབ།

ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་བ།

ལེའུ་གཉིས་པ། མངགས་བཅོལ་ངོ་ཚབ།

ལེའུ་གསུམ་པ། ངོ་ཚབ་བྱེད་མཚམས་འཇོག་པ།

ས་བཅད་བརྒྱད་པ། དམངས་དོན་གྱི་ཁག་འགན།

ས་བཅད་དགུ་པ། གཏུག་བཤེར་གྱི་དུས་ཆོད།

ས་བཅད་བཅུ་བ། དུས་ཚད་བརྩི་སྟངས།

ས་བཅད་གཅིག་པ། ཞར་བྱུང་དོན་ཚན།

4 ས་བཅད་དང་པོ། གཞི་རྩའི་གཏན་འབེབས།

དོན་ཚན་དང་པོ། དམངས་དོན་གྱི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དམངས་དོན་གྱི་འབྲེལ་བ་ལེགས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་དུ་སྤེལ་བའི་བླང་བྱ་དང་འཚམ་པོ་ཡོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་བཅས་བྱེད་ཆེད་དུ་རྩ་ཁྲིམས་ལ་གཞིགས་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། དམངས་ཁྲིམས་ཀྱིས་འདྲ་མཉམ་གྱི་བྱེད་པོ་ཡིན་པའི་རང་བྱུང་མི་དང་། ཁྲིམས་མི། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་བཅས་བར་གྱི་མི་ལུས་ཀྱི་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ།

དོན་ཚན་གསུམ་པ། དམངས་དོན་གྱི་བྱེད་པོའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཡོད་པས། རྩ་འཛུགས་གང་ཞིག་གམ་མི་སྒེར་སུ་ཞིག་གིས་བཙན་གནོད་བྱེད་མི་རུང་།

དོན་ཚན་བཞི་པ། དམངས་དོན་གྱི་བྱེད་སྒོའི་ནང་དམངས་དོན་གྱི་བྱེད་པོར་ཐོབ་པའི་བཅའ་ཁྲིམས་ཀྱི་གོ་གནས་ཚང་མ་འདྲ་མཉམ་ཡིན།

དོན་ཚན་ལྔ་པ། དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་བྱེད་སྒོ་སྤེལ་བར་རང་མོས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་པ་དང་། རང་གི་འདོད་བློ་དང་བསྟུན་ནས་འཛུགས་པ་དང་། སྒྱུར་བ། མཚམས་འཇོག་པ་བཅས་བྱེད་དགོས།

དོན་ཚན་དྲུག་པ། དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་བྱེད་སྒོ་སྤེལ་བར་དྲང་སྙོམས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་པ་དང་། ཕྱོགས་ཁག་གི་ཁེ་དབང་དང་འོས་འགན་ལུགས་མཐུན་དུ་གཏན་འཁེལ་བྱེད་དགོས།

དོན་ཚན་བདུན་པ། དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་བྱེད་སྒོ་སྤེལ་བར་ཡིད་རྟོན་གྱི་རྩ་དོན་ལ་བརྩི་སྲུང་དང་། བདེན་པ་བདེན་ཐུབ། ཁ་དན་ཚིག་ལ་གནས་པ་བཅས་བྱེད་དགོས།

དོན་ཚན་བརྒྱད་པ། དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་དང་འགལ་མི་རུང་བ་དང་། སྤྱི་སྒྲིག་སྲོལ་བཟང་དང་འགལ་མི་རུང་།

དོན་ཚན་དགུ་པ། དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་བྱེད་སྒོ་སྤེལ་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་པ་ཡོད་དགོས།

དོན་ཚན་བཅུ་པ། དམངས་དོན་གྱི་རྩོད་གཞི་ཐག་གཅོད་བྱེད་པར་བཅའ་ཁྲིམས་ལ་གཞིགས་དགོས། བཅའ་ཁྲིམས་ནང་གཏན་འབེབས་བྱས་མེད་ན་གོམས་སྲོལ་སྤྱད་འཐུས། ཡིན་ན་ཡང་སྤྱི་སྒྲིག་སྲོལ་བཟང་དང་འགལ་མི་རུང་།

དོན་ཚན་བཅུ་གཅིག་པ། དམངས་དོན་གྱི་འབྲེལ་བའི་ཐད་ལ་བཅའ་ཁྲིམས་གཞན་དུ་དམིགས་བསལ་གྱི་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེར་གཞིགས་དགོས།

དོན་ཚན་བཅུ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དམངས་དོན་གྱི་བྱེད་སྒོ་སྤེལ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱད་འཐུས། བཅའ་ཁྲིམས་ལ་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེར་གཞིགས་དགོས།

5 ས་བཅད་གཉིས་པ། རང་བྱུང་མི།

ལེའུ་དང་པོ། དམངས་དོན་གྱི་ཁེ་དབང་འཛིན་ནུས་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས།

དོན་ཚན་བཅུ་གསུམ་པ། རང་བྱུང་མི་གང་ཞིག་ལ་སྐྱེས་པ་ནས་ཤི་བའི་བར་དུ་དམངས་དོན་གྱི་ཁེ་དབང་འཛིན་ནུས་ཡོད་པས། ཁྲིམས་ལྟར་དམངས་དོན་གྱི་ཁེ་དབང་ལོངས་སུ་སྤྱོད་པ་དང་དམངས་དོན་གྱི་འོས་འགན་འཁུར་དགོས།

དོན་ཚན་བཅུ་བཞི་པ། རང་བྱུང་མིར་ཡོད་པའི་དམངས་དོན་གྱི་ཁེ་དབང་འཛིན་ནུས་ཚང་མ་འདྲ་མཉམ་ཡིན།

དོན་ཚན་བཅོ་ལྔ་པ། རང་བྱུང་མིའི་སྐྱེས་པའི་དུས་ཚོད་དང་ཤི་བའི་དུས་ཚོད་ནི་སྐྱེས་པའི་དཔང་ཡིག་དང་ཤི་བའི་དཔང་ཡིག་ཏུ་བྲིས་པའི་དུས་ཚོད་གཞི་འཛིན་སར་བྱེད་དགོས། སྐྱེས་པའི་དཔང་ཡིག་དང་ཤི་བའི་དཔང་ཡིག་མེད་ན་ཐེམ་ཐོའི་ཐོ་འགོད་ཡིག་ཆའམ་ཡང་ན་ཕན་ནུས་ལྡན་པའི་ཐོབ་ཐང་ཐོ་འགོད་ཡིག་ཆ་གཞན་དུ་བྲིས་པའི་དུས་ཚོད་གཞི་འཛིན་སར་བྱེད་དགོས། གོང་གསལ་ཐོར་འཁོད་པའི་དུས་ཚོད་རྩ་སློག་གཏོང་ནུས་ལྡན་པའི་བདེན་དཔང་གཞན་ཡོད་ན། བདེན་དཔང་དེས་ར་སྤྲོད་ཐུབ་པའི་དུས་ཚོད་གཞི་འཛིན་སར་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྒྱུ་ནོར་ཤུལ་འཛིན་དང་སྦྱིན་སྤྲོད་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དང་འབྲེལ་བ་ཡོད་ན། མངལ་གནས་ཕྲུ་གུ་ནི་དམངས་དོན་གྱི་ཁེ་དབང་འཛིན་ནུས་པར་བརྩི་རྒྱུ། ཡིན་ན་ཡང་མངལ་གནས་ཕྲུ་གུ་སྐྱེ་དུས་ནས་ཤི་རོ་ཞིག་ཡིན་ན་དུས་དེ་ནས་དེའི་དམངས་དོན་གྱི་ཁེ་དབང་འཛིན་ནུས་མེད་པར་གྱུར་ཡོད།

དོན་ཚན་བཅོ་བདུན་པ། རང་ལོ་བཅོ་བརྒྱད་ཧྲིལ་པོ་ཡན་གྱི་རང་བྱུང་མི་ནི་མི་དར་མ་ཡིན། རང་ལོ་བཅོ་བརྒྱད་ཧྲིལ་པོར་མ་སོན་པའི་རང་བྱུང་མི་ནི་ལོ་ན་མ་ལོན་པའི་མི་ཡིན།

དོན་ཚན་བཅུ་བརྒྱད་པ། མི་དར་མ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ཡིན་པས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་ཚུགས་སུ་སྤེལ་ཆོག ལོ་བཅུ་དྲུག་ཧྲིལ་པོ་ཡན་གྱི་ལོ་ན་མ་ལོན་པའི་མིས་རང་གི་ངལ་རྩོལ་ཡོང་སྒོ་འཚོ་བའི་འབྱུང་ཁུངས་གཙོ་བོར་བྱེད་པའི་གྲས་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ལ་བརྩི་རྒྱུ།

དོན་ཚན་བཅུ་དགུ་པ། ལོ་བརྒྱད་ཧྲིལ་པོ་ཡན་གྱི་ལོ་ན་མ་ལོན་པའི་མི་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིན། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བར་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ངོ་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ཁས་ལེན་པ་དང་རྗེས་སུ་ཁས་ལེན་བྱེད་དགོས། ཡིན་ནའང་ཁེ་ཕན་ཁོ་ན་ཐོབ་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དམ་ཡང་ན་དེའི་ན་ཚོད་དང་རིག་སྟོབས་དང་མཚུངས་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་ཚུགས་སུ་སྤེལ་ཆོག

དོན་ཚན་ཉི་ཤུ་པ། ལོ་བརྒྱད་ཧྲིལ་པོ་མ་སོན་པའི་ལོ་ན་མ་ལོན་པའི་མི་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་ཡིན་ཞིང་། དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བའི་ལས་ཚབ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རང་གི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་དར་མ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་ཡིན་ཞིང་། དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བའི་ལས་ཚབ་བྱེད་དགོས། ལོ་བརྒྱད་ཧྲིལ་པོ་ཡན་གྱི་ལོ་ན་མ་ལོན་པའི་མིས་རང་གི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་ན་དོན་ཚན་གོང་མའི་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་གཉིས་་པ། རང་གི་བྱ་སྤྱོད་ཆ་ཚང་ངོས་འཛིན་བྱེད་མི་ཐུབ་པའི་དར་མ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིན། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བར་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ངོ་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ཁས་ལེན་པ་དང་རྗེས་སུ་ཁས་ལེན་བྱེད་དགོས། ཡིན་ནའང་ཁེ་ཕན་ཁོ་ན་ཐོབ་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དམ་ཡང་ན་དེའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་དང་མཚུངས་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་ཚུགས་སུ་སྤེལ་ཆོག

དོན་ཚན་ཉེར་གསུམ་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་མཁན་གྱི་ལྟ་སྐྱོང་པ་ནི་དེའི་ཁྲིམས་བཀོད་ངོ་ཚབ་ཡིན།

དོན་ཚན་ཉེར་བཞི་པ། རང་གི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའམ་ཡང་ན་བྱ་སྤྱོད་ཆ་ཚང་ངོས་འཛིན་བྱེད་མི་ཐུབ་པའི་དར་མ་ཡིན་ཕྱིན། དེ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་ནམ་ཡང་ན་འབྲེལ་ཡོད་རྩ་འཛུགས་ཀྱིས་དར་མ་དེ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིན་པར་ངོས་འཛིན་བྱེད་རོགས་ཞེས་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུས་ཆོག མི་དམངས་ཁྲིམས་ཁང་གིས་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིན་པར་ངོས་འཛིན་བྱས་པའི་གྲས་ཡིན་ན། དོ་བདག་དེ་དང་། དོ་བདག་དང་ཕན་གནོད་གྱི་འབྲེལ་བ་ཡོད་མཁན་ནམ་ཡང་ན་འབྲེལ་ཡོད་རྩ་འཛུགས་ཀྱིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་དེའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་སླར་གསོ་བྱུང་བའི་གནས་ཚུལ་ལ་གཞིགས་ནས། དར་མ་དེ་ཉིད་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིན་པའམ་ཡང་ན་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་མཁན་ཡིན་པར་ངོས་འཛིན་བྱས་ཆོག

དོན་ཚན་དེར་བཀོད་པའི་འབྲེལ་ཡོད་རྩ་འཛུགས་ཞེས་པར་དོ་བདག་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ལྟར་བཙུགས་པའི་བགྲེས་སོང་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཚུད་ཡོད།

དོན་ཚན་ཉེར་ལྔ་པ། རང་བྱུང་མིས་ཐེམ་ཐོར་བཀོད་པའམ་ཡང་ན་རྩིས་འགྲོ་ཡོད་པའི་ཐོབ་ཐང་དཔང་ཡིག་ལ་བཀོད་པའི་སྡོད་གནས་དེ་སྡོད་ཁང་དུ་བརྩི་རྒྱུ། རྒྱུན་ཏུ་སྡོད་ས་དང་སྡོད་ཁང་གཅིག་མཚུངས་མ་ཡིན་ན། རྒྱུན་ཏུ་སྡོད་ས་དེ་སྡོད་ཁང་དུ་བརྩི་རྒྱུ།

ལེའུ་གཉིས་པ། ལྟ་སྐྱོང་།

དོན་ཚན་ཉེར་དྲུག་པ། ཕ་མས་ལོ་ན་མ་སོན་པའི་བུ་ཕྲུག་ལ་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་འཁུར་དགོས། ན་སོ་སོན་པའི་བུ་ཕྲུག་གིས་ཕ་མར་ཞབས་ཏོག་དང་། རོགས་སྐྱོར། སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་འཁུར་དགོས།

དོན་ཚན་ཉེར་བདུན་པ། ཕ་མ་ནི་ལོ་ན་མ་ལོན་པའི་བུ་ཕྲུག་གི་ལྟ་སྐྱོང་པ་ཡིན། ལོ་ན་མ་ལོན་པའི་མིའི་ཕ་མ་འདས་ཚར་བའམ་ཡང་ན་ལྟ་སྐྱོང་བྱེད་ནུས་མེད་མཁན་ཡིན་ན། ལྟ་སྐྱོང་བྱེད་ནུས་ཡོད་མཁན་གཤམ་དུ་བཀོད་པ་རྣམས་ཀྱིས་གོ་རིམ་ལྟར་ལྟ་སྐྱོང་པ་བྱེད་དགོས། སྤོ་བོ་དང་རྨོ་བོ། གཅེན་པོ་དང་གཅེན་མོ། ལྟ་སྐྱོང་པ་བྱེད་འདོད་ཡོད་པའི་སྒེར་རམ་ཡང་ན་འབྲེལ་ཡོད་རྩ་འཛུགས། ཡིན་ནའང་ལོ་ན་མ་ལོན་པའི་མི་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་དམངས་སྲིད་སྡེ་ཁག་གིས་ཁས་ལེན་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་དར་མའི་ལྟ་སྐྱོང་པ་ནི་ལྟ་སྐྱོང་བྱེད་ནུས་ཡོད་མཁན་གཤམ་དུ་བཀོད་པ་རྣམས་ཀྱིས་གོ་རིམ་ལྟར་བྱེད་དགོས། བཟའ་ཟླ།  ཕ་མ་དང་བུ་ཕྲུག གཉེན་ཉེ་གཞན་དག ལྟ་སྐྱོང་པ་བྱེད་འདོད་ཡོད་པའི་སྒེར་རམ་ཡང་ན་རྩ་འཛུགས། ཡིན་ནའང་ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་དམངས་སྲིད་སྡེ་ཁག་གིས་ཁས་ལེན་བྱེད་དགོས།

དོན་ཚན་ཉེར་དགུ་པ། ལྟ་སྐྱོང་བྱ་ཡུལ་གྱི་ཕ་མས་ལྟ་སྐྱོང་པ་བྱས་ན། ཁ་ཆེམས་ཐོག་ནས་ལྟ་སྐྱོང་པ་དམིགས་འཛུགས་བྱས་ཆོག

དོན་ཚན་སུམ་ཅུ་པ། ཁྲིམས་མཐུན་ལྟར་ལྟ་སྐྱོང་བྱས་འཐུས་པའི་ཐོབ་ཐང་ཡོད་མཁན་བར་གྲོས་མོལ་བྱས་པ་བརྒྱུད་ལྟ་སྐྱོང་པ་གཏན་ཁེལ་བྱས་ཆོག གྲོས་མོལ་བྱས་པ་བརྒྱུད་ལྟ་སྐྱོང་པ་གཏན་ཁེལ་བྱེད་སྐབས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་མོས་ངོ་མར་བརྩི་འཇོག་བྱེད་དགོས།

དོན་ཚན་སོ་གཅིག་པ། ལྟ་སྐྱོང་པ་གཏན་འཁེལ་བྱ་རྒྱུར་རྩོད་གཞི་བྱུང་ན། ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པ་དམིགས་འཛུགས་བྱེད་དགོས། དམིགས་འཛུགས་བྱས་འབྲས་འབྲེལ་ཡོད་དོ་བདག་གི་བློར་མ་བབ་ན། མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་དམིགས་འཛུགས་བྱེད་རོགས་ཞུས་ཆོག འབྲེལ་ཡོད་དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་དམིགས་འཛུགས་བྱེད་རོགས་ཞེས་ཞུས་ནའང་ཆོག གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག་བཅས་སམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་མིའི་འདོད་མོས་ངོ་མར་བརྩི་འཇོག་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་ལ་ཕན་ཐོགས་ཆེན་པོ་ཡོང་བ་བྱེད་པའི་རྩ་དོན་ལྟར་ལྟ་སྐྱོང་གི་ཐོབ་ཐང་ཡོད་མཁན་ཁྲོད་ནས་ཁྲིམས་མཐུན་ལྟར་ལྟ་སྐྱོང་པ་དམིགས་འཛུགས་བྱེད་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ལྟ་སྐྱོང་པ་དམིགས་འཛུགས་མ་བྱས་གོང་ལ། ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་སྲུང་སྐྱོང་བྱེད་མཁན་མེད་པའི་གནས་སུ་གྱར་རིགས་ལ་ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་སུ་བཀོད་པའི་འབྲེལ་ཡོད་རྩ་འཛུགས་སམ་ཡང་ན་དམངས་སྲིད་སྡེ་ཁག་བཅས་ཀྱིས་གནས་སྐབས་ཀྱི་ལྟ་སྐྱོང་པ་བྱེད་དགོས། ལྟ་སྐྱོང་པ་དམིགས་འཛུགས་བྱས་རྗེས་སུ་རང་མཚམས་ཀྱིས་བསྒྱུར་མི་རུང་། རང་མཚམས་ཀྱིས་བསྒྱུར་རིགས་བྱུང་ན། དམིགས་འཛུགས་བྱས་ཟིན་པའི་ལྟ་སྐྱོང་པའི་འགན་འཁྲི་མེད་པར་མི་བཟོ་རྒྱུ།

དོན་ཚན་སོ་གཉིས་པ། ཁྲིམས་ལྟར་ལྟ་སྐྱོང་པ་བྱེད་པའི་ཐོབ་ཐང་ཡོད་པའི་མི་མེད་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པ་བྱེད་དགོས་པ་དང་། ལྟ་སྐྱོང་གི་འགན་འཁྲི་སྒྲུབ་པའི་ཆ་རྐྱེན་འཛོམས་པའི་ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བྱས་ནའང་ཆོག

དོན་ཚན་སོ་གསུམ་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མི་དར་མས་རང་གི་གཉེན་ཉེ་དང་རང་གི་ལྟ་སྐྱོང་པ་བྱེད་འདོད་ཡོད་མཁན་མི་སྒེར་རམ་ཡང་ན་འབྲེལ་ཡོད་རྩ་འཛུགས་གཞན་དག་དང་སྔོན་ནས་གྲོས་མོལ་བྱས་ཏེ། རང་གི་ལྟ་སྐྱོང་པ་ཡིག་ཐོག་ནས་གཏན་ཁེལ་བྱས་ཆོག གྲོས་མོལ་ཐོག་གཏན་ཁེལ་བྱས་པའི་ལྟ་སྐྱོང་པས་མི་དར་མ་དེའི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཡང་ན་ཆ་ཤས་ཤོར་བའི་སྐབས་སུ་ལྟ་སྐྱོང་བྱེད་འགན་འཁུར་དགོས།

དོན་ཚན་སོ་བཞི་པ། ལྟ་སྐྱོང་པའི་འགན་འཁྲི་ནི་ལྟ་སྐྱོང་བྱ་ཡུལ་གྱི་ངོ་ཚབ་བྱས་ནས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཀྱི་ཁེ་དབང་དང་། རྒྱུ་ནོར་གྱི་ཁེ་དབང་དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོང་བྱ་རྒྱུ་སོགས་ཡིན། ལྟ་སྐྱོང་པས་ཁྲིམས་ལྟར་ལྟ་སྐྱོང་བྱེད་འགན་ཁུར་བ་ལས་ཐོབ་པའི་ཁེ་དབང་དག་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ། ལྟ་སྐྱོང་པས་ལྟ་སྐྱོང་བྱེད་འགན་མི་འཁུར་བའམ་ཡང་ན་ལྟ་སྐྱོང་བྱ་ཡུལ་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་རིགས་བྱུང་ན། དེ་དང་མཚུངས་པའི་ཁྲིམས་འབྲེལ་ཁག་འགན་འཁུར་དགོས།

དོན་ཚན་སོ་ལྔ་པ། ལྟ་སྐྱོང་པས་ལྟ་སྐྱོང་བྱ་ཡུལ་ལ་ཕན་ཐོགས་ཆེན་པོ་ཡོང་བ་བྱེད་པའི་རྩ་དོན་ལྟར་ལྟ་སྐྱོང་བྱེད་འགན་འཁུར་དགོས། ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན་ན་མ་གཏོགས་ལྟ་སྐྱོང་བྱེད་མཁན་གྱིས་ལྟ་སྐྱོང་བྱ་ཡུལ་གྱི་རྒྱུ་ནོར་ཐག་གཅོད་བྱེད་མི་ཆོག ལོ་ན་མ་ལོན་པའི་མིའི་ལྟ་སྐྱོང་པས་ལྟ་སྐྱོང་བྱེད་འགན་ཁུར་ནས་ལྟ་སྐྱོང་བྱ་ཡུལ་མིའི་ཁེ་དབང་དང་འབྲེལ་ཡོད་ཀྱི་ཆོད་དོན་འཇོག་གྲབས་ཡོད་ཚེ། ལྟ་སྐྱོང་བྱ་ཡུལ་གྱི་ན་ཚོད་དང་རིག་སྟོབས་ཀྱི་གནས་ཚུལ་ལ་གཞིགས་པ་དང་ལྟ་སྐྱོང་བྱ་ཡུལ་མིའི་འདོད་མོས་ངོ་མར་བརྩི་འཇོག་བྱེད་དགོས། མི་དར་མའི་ལྟ་སྐྱོང་པས་ལྟ་སྐྱོང་བྱེད་འགན་འཁུར་སྐབས། ལྟ་སྐྱོང་བྱ་ཡུལ་མིའི་འདོད་མོས་ངོ་མར་བརྩི་འཇོག་ཆེན་པོ་བྱེད་གང་ཐུབ་བྱེད་པ་དང་། ལྟ་སྐྱོང་བྱ་ཡུལ་མིས་རང་གི་རིག་སྟོབས་དང་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་མཚུངས་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་ཚུགས་སུ་སྤེལ་བར་འགན་སྲུང་དང་རོགས་རམ་བྱེད་དགོས། ལྟ་སྐྱོང་བྱ་ཡུལ་མིས་རང་ཚུགས་སུ་ཐག་གཅོད་བྱེད་ཐུབ་པའི་དོན་དག་ལ་ལྟ་སྐྱོང་པས་ཐེ་གཏོགས་བྱེད་མི་རུང་།

དོན་ཚན་སོ་དྲུག་པ། ལྟ་སྐྱོང་པར་གནས་ཚུལ་གཤམ་གསལ་བ་གང་རུང་གཅིག་བྱུང་ན། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་རམ་རྩ་འཛུགས་ཀྱི་རེ་ཞུ་ལྟར་དེའི་ལྟ་སྐྱོང་པའི་ཐོབ་ཐང་རྩིས་མེད་དུ་གཏོང་རྒྱུ་དང་། གནས་སྐབས་ཀྱི་ལྟ་སྐྱོང་བྱེད་ཐབས་དགོས་ངེས་སྤྱོད་རྒྱུ་མ་ཟད། ལྟ་སྐྱོང་བྱ་ཡུལ་མིར་ཕན་ཐོགས་ཆེན་པོ་ཡོང་བ་བྱེད་པའི་རྩ་དོན་ལ་གཞིགས་པ་དང་ཁྲིམས་ལྟར་ལྟ་སྐྱོང་པ་དམིགས་འཛུགས་བྱ་རྒྱུ།

ལྟ་སྐྱོང་བྱ་ཡུལ་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་སྤེལ་རིགས་དང་། ལྟ་སྐྱོང་བྱེད་འགན་འཁུར་བར་སྒྱིད་ལུག་བྱེད་པ་དང་། ཡང་ན་ལྟ་སྐྱོང་བྱེད་འགན་འཁུར་མི་ཐུབ་པ་མ་ཟད་ལྟ་སྐྱོང་བྱེད་འགན་ཆ་ཤས་སམ་ཆ་ཚང་མི་གཞན་ལ་མངགས་བཅོལ་བྱེད་འདོད་མེད་པའི་རྐྱེན་གྱིས་ལྟ་སྐྱོང་བྱ་ཡུལ་མི་དཀའ་ཉེན་གྱི་གནས་སུ་གྱར་རིགས། ལྟ་སྐྱོང་བྱ་ཡུལ་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་རིགས།

དོན་ཚན་དེར་བཀོད་པའི་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ཞེས་པའི་ཁོངས་སུ་ལྟ་སྐྱོང་གི་ཐོབ་ཐང་ལྡན་མཁན་གཞན་དག་དང་། ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས། ལོ་ན་མ་ལོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས། ཁྲིམས་ལྟར་བཙུགས་པའི་བགྲེས་སོང་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཚུད་ཡོད། དོན་ཚན་གོང་མར་བཀོད་པའི་མི་སྒེར་དང་དམངས་སྲིད་སྡེ་ཁག་ཕུད་པའི་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པའི་ཐོབ་ཐང་རྩིས་མེད་དུ་གཏོང་རོགས་ཞེས་འཕྲལ་དུ་མ་ཞུས་ན། དམངས་སྲིད་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུ་དགོས།

དོན་ཚན་སོ་བདུན་པ། ཁྲིམས་ལྟར་ལྟ་སྐྱོང་བྱ་ཡུལ་མིར་སྙོར་གསོ་དང་། བསྙེན་བཀུར། གསོ་སྐྱོང་སོགས་ཐད་ཀྱི་གྲོན་དངུལ་སྤྲོད་འགན་འཁུར་བའི་ཕ་མ་དང་། བུ་ཕྲུག བཟའ་ཟླ་སོགས་ཀྱི་ལྟ་སྐྱོང་པའི་ཐོབ་ཐང་མི་དམངས་ཁྲིམས་ཁང་གིས་རྩིས་མེད་དུ་བཏང་ཟིན་ནའང་། འཁུར་བའི་འོས་འགན་མུ་མཐུད་ནས་འཁུར་དགོས།

དོན་ཚན་སོ་བརྒྱད་པ། ལྟ་སྐྱོང་བྱ་ཡུལ་མིའི་ཕ་མའམ་ཡང་ན་བུ་ཕྲུག་གི་ལྟ་སྐྱོང་པའི་ཐོབ་ཐང་མི་དམངས་ཁྲིམས་ཁང་གིས་རྩིས་མེད་དུ་བཏང་རྗེས་སུ། ལྟ་སྐྱོང་བྱ་ཡུལ་མིར་བསམ་བཞིན་དུ་བྱས་ཉེས་གསོག་པའི་བྱ་སྤྱོད་སྤེལ་རིགས་ཕུད། འགྱོད་བཤགས་བྱེད་འདོད་ངོ་མ་ཡོད་ན། དེས་རེ་འདུན་ཞུས་པ་བརྒྱུད།  མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་མིའི་འདོད་མོས་ངོ་མར་བརྩི་འཇོག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་ཚུལ་ལ་གཞིགས་ནས་དེའི་ལྟ་སྐྱོང་པའི་ཐོབ་ཐང་བསྐྱར་གསོ་བྱས་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་ལྟ་སྐྱོང་པ་དང་ལྟ་སྐྱོང་བྱ་ཡུལ་མིའི་བར་གྱི་ལྟ་སྐྱོང་འབྲེལ་བ་དུས་དེ་ནས་མཇུག་བསྒྲིལ་བ་ཡིན།

དོན་ཚན་སོ་དགུ་པ། གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན་ལྟ་སྐྱོང་འབྲེལ་བ་མཇུག་སྒྲིལ་རྒྱུ།

ལྟ་སྐྱོང་བྱ་ཡུལ་མིར་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཐོབ་པའམ་ཡང་ན་སླར་གསོ་བྱེད་ཐུབ་བྱུང་བ་དང་། ལྟ་སྐྱོང་པའི་ལྟ་སྐྱོང་བྱེད་ནུས་ཤོར་བ། ལྟ་སྐྱོང་བྱ་ཡུལ་མིའམ་ལྟ་སྐྱོང་པ་ཤི་བ། མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་འབྲེལ་བ་མཇུག་བསྒྲིལ་བར་ངོས་འཛིན་བྱས་པའི་གནས་ཚུལ་གཞན་དག་བཅས་སོ། །

ལྟ་སྐྱོང་འབྲེལ་བ་མཇུག་བསྒྲིལ་རྗེས། ལྟ་སྐྱོང་བྱ་ཡུལ་མིར་སྔར་བཞིན་ལྟ་སྐྱོང་བྱེད་དགོས་ན། ཁྲིམས་ལྟར་ལྟ་སྐྱོང་པ་ལོགས་སུ་གཏན་འཁེལ་བྱེད་དགོས།

ལེའུ་གསུམ་པ། བོར་བརླག་གསལ་བསྒྲགས་དང་ཤི་ཟིན་པ་གསལ་བསྒྲགས།

དོན་ཚན་བཞི་བཅུ་པ། རང་བྱུང་མི་གར་ཡོད་འདི་ཡོད་མི་ཤེས་པར་ལོ་གཉིས་འདས་རྗེས། ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་བོར་མིར་གྱུར་པའི་གསལ་བསྒྲགས་བྱེད་རོགས་ཞུས་ཆོག

དོན་ཚན་ཞེ་གཅིག་པ། རང་བྱུང་མི་གར་ཡོད་འདི་ཡོད་མི་ཤེས་པའི་དུས་ཡུན་དེ་ནི་མི་དེ་གོ་ཐོས་མེད་པར་གྱུར་པའི་ཉིན་ནས་བརྩི་རྒྱུ་དང་། དམག་འཁྲུག་གི་སྐབས་སུ་གར་ཡོད་འདི་ཡོད་མི་ཤེས་པར་གྱུར་ན། གོ་ཐོས་མེད་པར་གྱུར་པའི་དུས་ཡུན་དེ་དམག་འཁྲུག་མཇུག་བསྒྲིལ་བའི་ཉིན་ནམ་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་ངོས་འཛིན་བྱས་པའི་གར་ཡོད་འདི་ཡོད་མི་ཤེས་པར་གྱུར་པའི་ཉིན་ནས་བརྩི་རྒྱུ།

དོན་ཚན་ཞེ་གཉིས་པ། བོར་མིའི་རྒྱུ་ནོར་དག་ནི་དེའི་བཟའ་ཟླ་དང་། ན་སོ་སོན་པའི་བུ་ཕྲུགཕ་མའམ་ཡང་ན་རྒྱུ་ནོར་ཚབ་ཉར་བྱེད་འདོད་ཡོད་པའི་མི་གཞན་དག་བཅས་ཀྱིས་ཚབ་ཉར་བྱེད་དགོས། སུས་ཚབ་ཉར་བྱ་རྒྱུར་རྩོད་གཞི་བྱུང་རུང་དོན་ཚན་གོང་མར་བཀོད་པའི་མི་མེད་པ་དང་། ཡང་ན་དོན་ཚན་གོང་མར་བཀོད་པའི་མིར་ཚབ་ཉར་བྱེད་ནུས་མེད་ན། མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་མིས་ཚབ་ཉར་བྱེད་དགོས།

དོན་ཚན་ཞེ་གསུམ་པ། རྒྱུ་ནོར་ཚབ་ཉར་བྱེད་མིས་བོར་མིའི་རྒྱུ་ནོར་བདག་གཉེར་ཡག་པོ་བྱེད་པ་དང་། དེའི་རྒྱུ་ནོར་གྱི་བདག་དབང་སྲུང་སྐྱོང་བྱེད་དགོས། བོར་མིས་འཇལ་མེད་པའི་ཁྲལ་དངུལ་དང་། བུ་ལོན་ཟུག་རིགས། འཇལ་དགོས་པའི་གྲོན་དངུལ་གཞན་དག་བཅས་ནི་རྒྱུ་ནོར་ཚབ་ཉར་བྱེད་མཁན་གྱིས་བོར་མིའི་རྒྱུ་ནོར་གྱིས་གཏོང་དགོས། བོར་མིའི་རྒྱུ་ནོར་ལ་ཐེབས་པའི་གྱོང་གུན་དེ་རྒྱུ་ནོར་ཚབ་ཉར་བྱེད་མཁན་གྱིས་བསམ་བཞིན་དུ་བཟོས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་ལས་བྱུང་བ་ཡིན་ན། རྒྱུ་ནོར་ཚབ་ཉར་བྱེད་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

དོན་ཚན་ཞེ་བཞི་པ། རྒྱུ་ནོར་ཚབ་ཉར་བྱེད་མཁན་གྱིས་ཚབ་ཉར་བྱེད་འགན་མི་འཁུར་བ་དང་། བོར་མིའི་རྒྱུ་ནོར་གྱི་བདག་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་ཚབ་ཉར་བྱེད་ནུས་ཤོར་བ་ཡིན་ན། བོར་མི་དང་ཕན་གནོད་གྱི་འབྲེལ་བ་ཡོད་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་ཉར་བྱེད་མཁན་བརྗེ་རོགས་ཞུས་ཆོག རྒྱུ་ནོར་ཚབ་ཉར་བྱེད་མཁན་ལ་ཚུལ་མཐུན་གྱི་རྒྱུ་མཚན་ཡོད་ན་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་ཉར་བྱེད་མཁན་བརྗེ་རོགས་ཞུས་ཆོག མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་ཉར་བྱེད་མཁན་བརྗེས་ཟིན་པ་ཡིན་ན། གསར་པ་བརྗེས་པའི་རྒྱུ་ནོར་ཚབ་ཉར་བྱེད་མཁན་གྱིས་དེ་སྔོན་གྱི་རྒྱུ་ནོར་ཚབ་ཉར་བྱེད་མཁན་ལ་འབྲེལ་ཡོད་རྒྱུ་ནོར་དུས་ཐོག་ཏུ་རྩིས་སྤྲོད་དགོས་པ་མ་ཟད་རྒྱུ་ནོར་ཚབ་ཉར་གནས་ཚུལ་ཡང་ཞུ་རོགས་ཟེར་ཆོག

དོན་ཚན་ཞེ་ལྔ་པ། བོར་མི་བསྐྱར་དུ་ཐོན་ན། བོར་མི་དང་བོར་མི་དེ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱིས་རེ་བ་ཞུས་པ་བརྒྱུད་མི་དམངས་ཁྲིམས་ཁང་གིས་བོར་བརླག་གསལ་བསྒྲགས་ཕྱིར་འཐེན་བྱེད་དགོས། བསྐྱར་དུ་ཐོན་པའི་བོར་མིས་རང་གི་རྒྱུ་ནོར་ཚབ་ཉར་བྱེད་མཁན་ལ་འབྲེལ་ཡོད་རྒྱུ་ནོར་འཕྲལ་དུ་རྩིས་སྤྲོད་བྱ་དགོས་པ་མ་ཟད་རྒྱུ་ནོར་ཚབ་ཉར་གནས་ཚུལ་ཡང་ཞུ་རོགས་ཟེར་ཆོག

དོན་ཚན་ཞེ་དྲུག་པ། རང་བྱུང་མིར་གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན། རང་བྱུང་མི་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་ཤི་ཟིན་པ་གསལ་བསྒྲགས་བྱེད་རོགས་ཞུས་ཆོག

གར་ཡོད་འདི་ཡོད་མི་ཤེས་པར་སོང་ནས་ལོ་ངོ་བཞི་ཙམ་འདས་པ། བསམ་ཡུལ་ལས་འདས་པའི་ཆག་སྒོའི་རྐྱེན་གྱིས་གར་ཡོད་འདི་ཡོད་མི་ཤེས་པར་སོང་ནས་ལོ་ངོ་གཉིས་འདས་པ། བསམ་ཡུལ་ལས་འདས་པའི་ཆག་སྒོའི་རྐྱེན་གྱིས་གར་ཡོད་འདི་ཡོད་མི་ཤེས་པར་སོང་བའི་རང་བྱུང་མི་དེ་འཚོ་གནས་མི་སྲིད་པར་འབྲེལ་ཡོད་ལས་ཁུངས་ཀྱིས་ར་སྤྲོད་བྱས་ཟིན་ན། ཤི་ཟིན་པ་གསལ་བསྒྲགས་བྱེད་རོགས་ཞུ་བར་ལོ་ངོ་གཉིས་འདས་དགོས་ཞེས་པའི་བཀག་སྡོམ་མི་ཐེབས་པ་ཡིན།

དོན་ཚན་ཞེ་བདུན་པ། རང་བྱུང་མི་གཅིག་གི་ཐད་ལ་དེ་དང་ཕན་གནོད་གྱི་འབྲེལ་བ་ཡོད་མཁན་ལ་ལས་དེ་ཉིད་ཤི་ཟིན་པ་གསལ་བསྒྲགས་བྱེད་རོགས་ཞུས་པ་དང་། ལ་ལས་དེ་ཉིད་བོར་བརླག་ཐེབས་པའི་གསལ་བསྒྲགས་བྱེད་རོགས་ཞུས་རུང་། བཅའ་ཁྲིམས་འདིར་བཀོད་པའི་ཤི་ཟིན་པ་གསལ་བསྒྲགས་བྱས་འཐུས་པའི་ཆ་རྐྱེན་འཛོམས་རིགས་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཤི་ཟིན་པ་གསལ་བསྒྲགས་བྱེད་དགོས།

དོན་ཚན་ཞེ་བརྒྱད་པ། ཤི་ཟིན་པ་གསལ་བསྒྲགས་བྱས་པའི་མི་དེའི་ཐད་ལ་མི་དམངས་ཁྲིམས་ཁང་གིས་ཤི་ཟིན་པ་གསལ་བསྒྲགས་བྱས་ན། དཔྱད་མཚམས་བཏང་ཉིན་ནི་མི་དེའི་ཤི་བའི་ཉིན་མོར་བརྩི་རྒྱུ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་གར་ཡོད་འདི་ཡོད་མི་ཤེས་པར་སོང་བས་ཤི་ཟིན་པ་གསལ་བསྒྲགས་བྱས་རིགས་ཡིན་ན། བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བའི་ཉིན་ནི་མི་དེའི་ཤི་བའི་ཉིན་མོར་བརྩི་རྒྱུ།

དོན་ཚན་ཞེ་དགུ་པ། རང་བྱུང་མི་དེ་ཤི་ཟིན་པ་གསལ་བསྒྲགས་བྱས་རུང་ཤི་མེད་ན། རང་བྱུང་མི་དེས་རང་ཉིད་ཤི་བའི་གསལ་བསྒྲགས་བྱས་ཟིན་པའི་དུས་ཡུན་ནང་སྤེལ་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ནུས་ཆོད་ལ་ཤུགས་རྐྱེན་མི་ཐེབས་པ་ཡིན།

དོན་ཚན་ལྔ་བཅུ་པ། ཤི་ཟིན་པ་གསལ་བསྒྲགས་བྱས་པའི་མི་དེ་བསྐྱར་དུ་ཐོན་ན། སྐྱེ་བོ་དེའམ་ཡང་ན་དེ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱིས་རེ་འདུན་ཞུས་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཤི་ཟིན་པའི་གསལ་བསྒྲགས་དེ་ཕྱིར་འཐེན་བྱེད་དགོས།

དོན་ཚན་ང་གཅིག་པ། ཤི་ཟིན་པ་གསལ་བསྒྲགས་བྱས་པའི་མི་དེའི་གཉེན་སྒྲིག་གི་འབྲེལ་བ་དེ། ཤི་ཟིན་པ་གསལ་བསྒྲགས་བྱེད་ཉིན་ནས་རྩིས་མེད་དུ་གྱུར་པ་ཡིན། ཤི་ཟིན་པ་གསལ་བསྒྲགས་དེ་ཕྱིར་འཐེན་བྱས་ཡོད་ན། གཉེན་སྒྲིག་གི་འབྲེལ་བ་དེ་ཤི་ཟིན་པ་གསལ་བསྒྲགས་ཕྱིར་འཐེན་བྱེད་ཉིན་ནས་རང་བཞིན་དུ་སླར་གསོ་བྱེད་ཐུབ་ཡོད། ཡིན་ན་ཡང་དེའི་བཟའ་ཟླ་གཉེན་བསྐྱར་དུ་བསྒྲིགས་ཟིན་པའམ་ཡང་ན་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་གཉེན་སྒྲིག་གི་འབྲེལ་བ་སླར་གསོ་བྱེད་འདོད་མེད་ཅེས་གསལ་བསྒྲགས་བྱས་རིགས་ཕུད།

དོན་ཚན་ང་གཉིས་པ། ཤི་ཟིན་པ་གསལ་བསྒྲགས་བྱེད་རིང་ཤི་ཟིན་པ་གསལ་བསྒྲགས་བྱ་ཡུལ་སྐྱེ་བོ་དེའི་བུ་ཕྲུག་མི་གཞན་གྱིས་ཁྲིམས་ལྟར་གསོ་ཉར་བྱས་ཡོད་ན། མི་དེའི་ཐད་ཀྱི་ཤི་ཟིན་པའི་གསལ་བསྒྲགས་ཕྱིར་འཐེན་བྱས་རྗེས་སུ། རང་ལ་མོས་མཐུན་ཡོད་མེད་མ་དྲིས་པ་རྒྱུ་མཚན་དུ་བྱས་ནས་གསོ་ཉར་གྱི་འབྲེལ་བར་ནུས་ཆོད་མི་འཐོན་པ་ཡིན་བཤད་མི་ཆོག

དོན་ཚན་ང་གསུམ་པ། ཤི་ཟིན་པའི་གསལ་བསྒྲགས་ཕྱིར་འཐེན་བྱས་འབྲས་ཐོབ་པའི་སྐྱེ་བོས་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་ལྟར་རང་གི་རྒྱུ་ནོར་རག་ཡོད་པའི་དམངས་དོན་གྱི་བྱེད་པོར་རྒྱུ་ནོར་ཕྱིར་བསློག་བྱེད་རོགས་ཞུས་ཆོག ཕྱིར་བསློགས་མ་ཐུབ་ན་སྐྱིན་ཚབ་འོས་འཚམ་ཞིག་སྤྲོད་དགོས། ཕན་གནོད་ཀྱི་འབྲེལ་བ་ཐུག་སའི་སྐྱེ་བོས་གནས་ཚུལ་ངོ་མ་གསང་བའི་རྐྱེན་གྱིས་སྐྱེ་བོ་དེ་ཤི་ཟིན་པའི་གསལ་བསྒྲགས་བྱས་རྗེས་དེའི་རྒྱུ་ནོར་བཟུང་བ་ཡིན་ན། རྒྱུ་ནོར་ཕྱིར་བསློག་དགོས་པ་མ་ཟད། དོན་རྐྱེན་དེའི་རྐྱེན་གྱིས་ཕོག་པའི་གྱོང་གུན་ལ་སྐྱིན་ཚབ་སྤྲོད་འགན་ཡང་འཁུར་དགོས།

ལེའུ་བཞི་པ། སྒེར་གཉེར་བཟོ་ཚོང་ཐེམ་དུད་དང་གྲོང་གསེབ་ཀྱི་འགན་གཙང་གཉེར་སྐྱོང་བྱེད་མཁན་ཐེམ་དུད།

དོན་ཚན་ང་བཞི་པ། རང་བྱུང་མིས་བཟོ་ཚོང་ལས་རིགས་གཉེར་སྐྱོར་བྱེད་པར་ཁྲིམས་ལྟར་ཐོ་འགོད་བྱས་ཡོད་ན། སྒེར་གཉེར་བཟོ་ཚོང་ཐེམ་དུད་ཡིན། སྒེར་གཉེར་བཟོ་ཚོང་ཐེམ་དུད་གིས་རང་གི་ཚོང་ཁང་ལ་མིང་བཏགས་ཆོག

དོན་ཚན་ང་ལྔ་པ། ཞིང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་ཁྲིམས་ལྟར་གྲོང་གསེབ་ས་ཞིང་གི་འགན་གཙང་གཉེར་སྐྱོང་དབང་ཆ་ཐོབ་ནས། ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་བྱེད་མཁན་དག་ནི་གྲོང་གསེབ་ཀྱི་འགན་གཙང་གཉེར་སྐྱོང་བྱེད་མཁན་ཐེམ་དུད་ཡིན།

དོན་ཚན་ང་དྲུག་པ། མི་སྒེར་གྱིས་གཉེར་སྐྱོང་བྱེད་པའི་སྒེར་གཉེར་བཟོ་ཚོང་ཐེམ་དུད་གྱི་བུ་ལོན་དེ། སྒེར་གྱི་རྒྱུ་ནོར་གྱིས་འཇལ་སྤྲོད་བྱེད་དགོས། ཁྱིམ་ཚང་གིས་གཉེར་སྐྱོང་བྱེད་རིགས་ཡིན་ན། ཁྱིམ་ཚང་གི་རྒྱུ་ནོར་གྱིས་འཇལ་སྤྲོད་བྱེད་དགོས། དབྱེ་བ་འབྱེད་དཀའ་བའི་རིགས་ཡིན་ན། ཁྱིམ་ཚང་གི་རྒྱུ་ནོར་གྱིས་འཇལ་སྤྲོད་བྱེད་དགོས། གྲོང་གསེབ་ཀྱི་འགན་གཙང་གཉེར་སྐྱོང་བྱེད་མཁན་ཐེམ་དུད་ཀྱི་བུ་ལོན་དེ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་པའི་ཞིང་པའི་རྒྱུ་ནོར་གྱིས་འཇལ་སྤྲོད་བྱེད་དགོས། དོན་དངོས་ཐོག་ཞིང་པའི་ཐེམ་དུད་ཁོངས་མི་ཁག་ཅིག་གིས་གཉེར་སྐྱོང་བྱས་ཡོད་ན། ཁོངས་མི་ཁག་ཅིག་དེ་དག་གི་རྒྱུ་ནོར་གྱིས་འཇལ་སྤྲོད་བྱེད་དགོས།

6 ས་བཅད་གསུམ་པ། ཁྲིམས་མི།

ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་བ།

དོན་ཚན་ང་བདུན་པ། ཁྲིམས་མི་ནི་དམངས་དོན་གྱི་ཁེ་དབང་འཛིན་ནུས་དང་དམངས་དོན་གྱི་བྱ་སྤྱ་སྤེལ་ནུས་ལྡན་པ་དང་། ཁྲིམས་ལྟར་རང་ཚུགས་ཀྱིས་དམངས་དོན་གྱི་ཁེ་དབང་ལོངས་སུ་སྤྱོད་པ་དང་དམངས་དོན་གྱི་འོས་འགན་སྒྲུབ་པའི་རྩ་འཛུགས་ཡིན།

དོན་ཚན་ང་བརྒྱད་པ། ཁྲིམས་མི་ནི་ཁྲིམས་ལྟར་འཛུགས་དགོས། ཁྲིམས་མི་ལ་རང་གི་མིང་རྟགས་དང་། རྩ་འཛུགས་སྒྲིག་གཞི། སྡོད་གནས། རྒྱུ་ནོར་རམ་གྲོན་དངུལ་སོགས་ཡོད་དགོས། ཁྲིམས་མི་བཙུགས་འཐུས་པའི་ཆ་རྐྱེན་དང་གོ་རིམ་བྱེ་བྲག་པའི་ཐད་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་འཁོད་གཏན་འབེབས་གཞིར་འཛིན་དགོས། ཁྲིམས་མི་འཛུགས་སྐབས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ཐོག་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པར་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས།

དོན་ཚན་ང་དགུ་པ། ཁྲིམས་མིར་ལྡན་པའི་དམངས་དོན་གྱི་ཁེ་དབང་འཛིན་ནུས་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ནི། ཁྲིམས་མི་བཙུགས་པ་ནས་ཡོད་པ་དང་། ཁྲིམས་མི་འཛུགས་མཚམས་བཞག་པ་ནས་མེད་པ་ཡིན།

དོན་ཚན་དྲུག་ཅུ་པ། ཁྲིམས་མིས་རང་གི་རྒྱུ་ནོར་ཡོད་ཚད་ཀྱིས་རང་ཚུགས་ཀྱིས་དམངས་དོན་གྱི་ཁག་འགན་འཁུར་དགོས།

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་དང་ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར། ཁྲིམས་མིའི་ཚབ་བྱས་ནས་དམངས་དོན་གྱི་བྱེད་སྒོ་སྤེལ་འགན་འཁུར་བའི་འགན་འཁུར་པ་ནི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན། ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་གྱི་བྱེད་སྒོ་སྤེལ་རྒྱུ་དང་། དེའི་ཁྲིམས་འབྲེལ་མཇུག་འབྲས་དག་ནི་ཁྲིམས་མིས་འཁུར་དགོས། ཁྲིམས་མིའི་སྒྲིག་ཡིག་གམ་ཁྲིམས་མིའི་དབང་འཛིན་སྒྲིག་གཞིའི་ནང་དུ་བཀོད་པའི་ཁྲིམས་བཀོད་འཐུས་ཚབ་པའི་འཐུས་ཚབ་དབང་ཆའི་ཐད་ཀྱི་ཚོད་འཛིན་དག་སེམས་བཟང་གི་བལྟོས་ཟླའི་མིར་འགྲན་རྒོལ་བྱེད་པར་སྤྱོད་མི་རུང་།

དོན་ཚན་རེ་གཉིས་པ། ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་བསྒྲུབས་པའི་དབང་གིས་མི་གཞན་ལ་གནོད་འཚེ་བཟོས་ན། ཁྲིམས་མིས་དམངས་དོན་གྱི་ཁག་འགན་འཁུར་དགོས། ཁྲིམས་མིས་དམངས་དོན་གྱི་ཁག་འགན་ཁུར་རྗེས། བཅའ་ཁྲིམས་སམ་ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར། ནོར་འཛོལ་ཡོད་པའི་ཁྲིམས་བཀོད་འཐུས་ཚབ་པར་སྐྱིན་ཚབ་བདའ་འདེད་བྱས་ཆོག

དོན་ཚན་རེ་གསུམ་པ། ཁྲིམས་མིས་རང་གི་གཙོ་བོའི་ལས་སྒྲུབ་སྒྲིག་གཞི་ཡོད་ས་དེ་སྡོད་སར་བྱེད་དགོས། ཁྲིམས་ལྟར་ཁྲིམས་མིའི་ཐོ་འགོད་འགྲོ་ལུགས་འགྲིམ་དགོས་ན། གཙོ་བོའི་ལས་སྒྲུབ་སྒྲིག་གཞི་ཡོད་ས་དེ་སྡོད་སར་ཐོ་འགོད་བྱེད་དགོས།

དོན་ཚན་རེ་བཞི་པ། སོར་གནས་དུས་ཚད་ནང་ཁྲིམས་མིའི་ཐོ་འགོད་དོན་དག་ལ་འགྱུར་བ་བྱུང་ན། ཁྲིམས་ལྟར་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་ནང་དོན་བསྒྱུར་རོགས་ཞུ་དགོས།

དོན་ཚན་རེ་ལྔ་པ། ཁྲིམས་མིའི་གནས་ཚུལ་དངོས་དེ་ཐོ་འགོད་བྱས་པའི་དོན་དག་དང་མི་མཐུན་ས་བྱུང་ན། སེམས་བཟང་གི་བལྟོས་ཟླའི་མིར་འགྲན་རྒོལ་བྱེད་མི་རུང་།

དོན་ཚན་རེ་དྲུག་པ། ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་མིས་ཐོ་འགོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་རེ་བདུན་པ། ཁྲིམས་མི་ཟླ་སྒྲིལ་བྱས་རིགས་བྱུང་ན། དེའི་ཁེ་དབང་དང་འོས་འགན་ནི་ཟླ་སྒྲིལ་བྱས་རྗེས་ཀྱི་ཁྲིམས་མིས་སྤྱོད་པ་དང་འཁུར་དགོས། ཁྲིམས་མི་ལོགས་སུ་བཙུགས་རིགས་བྱུང་ན། ལོགས་སུ་བཙུགས་པའི་ཁྲིམས་མིས་དེའི་ཁེ་དབང་དང་འོས་འགན་ཐད་ཀྱི་ཞོར་འབྲེལ་གྱི་བུན་དབང་སྤྱོད་པ་དང་། ཞོར་འབྲེལ་གྱི་བུན་འགན་འཁུར་དགོས།  ཡིན་ནའང་བུན་དབང་འཛིན་མཁན་དང་བུན་འགན་འཁུར་མཁན་གྱིས་ལོགས་སུ་ཁ་ཆད་བཞག་པའི་རིགས་དེའི་ནང་མི་ཚུད།

དོན་ཚན་རེ་བརྒྱད་པ། གཤམ་གསལ་རྒྱུ་མཚན་གང་རུང་གཅིག་བྱུང་བ་མ་ཟད་ཁྲིམས་ལྟར་གཙང་རྩིས་བྱས་པ་དང་ཐོ་འགོད་བསུབས་པ་ཡིན་ན། ཁྲིམས་མི་འཛུགས་མཚམས་འཇོག་པ་སྟེ།

ཁྲིམས་མི་སོ་སོར་གྱེས་པ། ཁྲིམས་མིའི་མ་རྩ་སྟོངས་པར་གྱུར་པའི་ཁྱབ་བསྒྲགས་པ། བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་རྒྱུ་མཚན་གཞན་དག་བཅས་སོ། ཁྲིམས་མི་འཛུགས་མཚམས་འཇོག་པར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་རེ་དགུ་པ། གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན། ཁྲིམས་མི་སོ་སོར་གྱེས་རྒྱུ་སྟེ།

ཁྲིམས་མིའི་སྒྲིག་ཡིག་ཏུ་བཀོད་པའི་སོར་གནས་དུས་ཚད་གཙང་བའམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་ཏུ་བཀོད་པའི་སོ་སོར་གྱེས་པའི་རྒྱུ་རྐྱེན་གཞན་དག་ཐོན་པ། ཁྲིམས་མིའི་དབང་འཛིན་སྒྲིག་གཞི་ཡིས་སོ་སོར་གྱེས་པའི་ཆོད་དོན་བཞག་པ། ཁྲིམས་མི་ཟླ་བསྒྲིལ་དང་ཡང་ན་ལོགས་སུ་བཙུགས་པའི་རྐྱེན་གྱིས་སོ་སོར་གྱེས་དགོས་པ། ཁྲིམས་མིའི་ཚོང་གཉེར་ལག་ཁྱེར་དང་ཐོ་འགོད་དཔང་ཡིག་ཁྲིམས་ལྟར་ཕྱིར་བསྡུས་པ་དང་། སྒོ་རྒྱག་ཏུ་བཅུག་པའམ་ཡང་ན་ཕྱིར་འཐེན་བྱས་པ། བཅའ་ཁྲིམས་སུ་བཀོད་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་བདུན་ཅུ་པ། ཁྲིམས་མི་སོ་སོར་གྱེས་རྗེས། མཉམ་སྒྲིལ་ལམ་ཁ་གྱེས་པའི་གནས་ཚུལ་བྱུང་བ་ཕུད། གཙང་རྩིས་བྱེད་འགན་འཁུར་མཁན་གྱིས་དུས་ཐོག་ཏུ་གཙང་རྩིས་ཚོ་ཆུང་བཙུགས་ནས་གཙང་རྩིས་བྱེད་དགོས། ཁྲིམས་མིའི་ཏུང་ཧྲི་དང་ལི་ཧྲི་སོགས་ལག་བསྟར་སྒྲིག་གཞིའམ་ཡང་ན་ཇུས་གཅོད་སྒྲིག་གཞིའི་ཁོངས་མི་དག་ནི་གཙང་རྩིས་འོས་འགན་སྒྲུབ་མཁན་ཡིན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས། གཙང་རྩིས་འོས་འགན་སྒྲུབ་མཁན་གྱིས་གཙང་རྩིས་འོས་འགན་དུས་ཐོག་ཏུ་མ་བསྒྲུབས་པའི་རྐྱེན་གྱིས་གནོད་འཚེ་བཏང་ན། དམངས་དོན་གྱི་ཁག་འགན་འཁུར་དགོས་པ་དང་། གཙོ་སྐྱོང་ལས་ཁུངས་སམ་ཡང་ན་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་འབྲེལ་ཡོད་མི་སྣ་དམིགས་འཛུགས་བྱས་ནས་གཙང་རྩིས་ཚོ་ཆུང་བཙུགས་ཏེ་གཙང་རྩིས་བྱེད་དུ་འཇུག་རོགས་ཞུས་ཆོག

དོན་ཚན་དོན་གཅིག་པ། ཁྲིམས་མིའི་གཙང་རྩིས་གོ་རིམ་དང་གཙང་རྩིས་ཚོ་ཆུང་གི་འགན་དབང་ཐད་ལ་འབྲེལ་ཡོད་བཅའ་ཁྲིམས་ནང་འཁོད་གཏན་འབེབས་གཞིར་འཛིན་དགོས། གཏན་འབེབས་བྱས་མེད་ན་། ཀུང་སིའི་སྐོར་གྱི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

དོན་ཚན་དོན་གཉིས་པ། གཙང་རྩིས་བྱེད་རིང་ཁྲིམས་མི་རང་སོར་གནས་ཡོད་རུང་། གཙང་རྩིས་དང་འབྲེལ་མེད་ཀྱི་བྱེད་སྒོ་སྤེལ་མི་རུང་། གཙང་རྩིས་བྱས་རྗེས་ཀྱི་ཁྲིམས་མིའི་རྒྱུ་ནོར་ལྷག་མ་དག་ནི། ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་སམ་ཡང་ན་ཁྲིམས་མིའི་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་ཐག་གཅོད་བྱེད་དགོས། བཅའ་ཁྲིམས་ནང་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས། གཙང་རྩིས་བྱས་ཟིན་པ་མ་ཟད་ཁྲིམས་མིའི་ཐོ་འགོད་ཀྱང་བསུབས་ཟིན་པ་ཡིན་ན། ཁྲིམས་མི་འཛུགས་མཚམས་རྫོགས་པ་ཡིན། ཁྲིམས་ལྟར་ཁྲིམས་མིའི་ཐོ་འགོད་འགྲོ་ལུགས་འགྲིམ་མི་དགོས་པའི་རིགས་ཡིན་ན། གཙང་རྩིས་མཇུག་བསྒྲིལ་རྗེས། ཁྲིམས་མི་འཛུགས་མཚམས་རྫོགས་པ་ཡིན།

དོན་ཚན་དོན་གསུམ་པ། མ་རྩ་སྟོངས་པའི་ཁྱབ་བསྒྲགས་བྱས་འབྲས་ཐོབ་པའི་ཁྲིམས་མིས་ཁྲིམས་ལྟར་སྟོངས་པར་འགྱུར་བའི་མ་རྩ་གཙང་རྩིས་བྱེད་པ་མ་ཟད་། ཁྲིམས་མིའི་ཐོ་འགོད་བསུབས་པའི་དུས་ལ། ཁྲིམས་མི་འཛུགས་མཚམས་རྫོགས་པ་ཡིན།

དོན་ཚན་དོན་བཞི་པ། ཁྲིམས་མིས་ཁྲིམས་ལྟར་ཡན་ལག་སྒྲིག་གཞི་བཙུགས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་འཁོད་གཏན་འབེབས་ལྟར་ཡན་ལག་སྒྲིག་གཞི་ཐོ་འགོད་བྱེད་དགོས་ན། གཏན་འབེབས་དེ་དང་བསྟུན་དགོས། ཡན་ལག་སྒྲིག་གཞི་ཡིས་རང་གི་མིང་ཐོག་ནས་དམངས་དོན་གྱི་བྱེད་སྒོ་སྤེལ་བའི་རྐྱེན་གྱིས་དམངས་དོན་གྱི་ཁག་འགན་བྱུང་བ་དེ་ཁྲིམས་མིས་འཁུར་དགོས། སྔོན་ལ་ཡན་ལག་སྒྲིག་གཞི་ཡིས་བདག་གཉེར་བྱེད་པའི་རྒྱུ་ནོར་གྱིས་ཁུར་ནའང་ཆོག ཁག་འགན་འཁུར་ནུས་འདང་པོ་མེད་ན། ཁྲིམས་མིས་འཁུར་དགོས།

དོན་ཚན་དོན་ལྔ་པ། ཁྲིམས་མི་འཛུགས་མཁན་གྱིས་ཁྲིམས་མི་འཛུགས་དོན་དུ་དམངས་དོན་གྱི་བྱེད་སྒོ་སྤེལ་ན། དེ་ལས་བྱུང་བའི་ཁྲིམས་འབྲེལ་མཇུག་འབྲས་དག་ཁྲིམས་མིས་འཁུར་དགོས། ཁྲིམས་མི་བཙུགས་མེད་ན། ཁྲིམས་འབྲེལ་མཇུག་འབྲས་དག་ཁྲིམས་མི་འཛུགས་མཁན་གྱིས་འཁུར་དགོས། ཁྲིམས་མི་འཛུགས་མཁན་ནི་མི་གཉིས་ཡན་ཡིན་ན། ཚང་མར་ཞོར་འབྲེལ་གྱི་བུན་དབང་སྤྱོད་དབང་ཡོད་ལ། ཞོར་འབྲེལ་གྱི་བུ་ལོན་འཇལ་འགན་ཡང་ཡོད། ཁྲིམས་མི་འཛུགས་མཁན་གྱིས་ཁྲིམས་མི་འཛུགས་དོན་དུ་རང་གི་མིང་ཐོག་ནས་དམངས་དོན་གྱི་བྱེད་སྒོ་སྤེལ་བའི་རྐྱེན་ལས་བྱུང་བའི་དམངས་དོན་གྱི་ཁག་འགན་དེ། ཕུང་གསུམ་པས་ཁྲིམས་མིའམ་ཁྲིམས་མི་འཛུགས་མཁན་གང་ཞིག་བདམས་ནས་བུན་འགན་འཁུར་རོགས་ཞུས་ཆོག

ལེའུ་གཉིས་པ། ཁེ་གཉེར་ཁྲིམས་མི།

དོན་ཚན་དོན་དྲུག་པ། ཁེ་སྤོགས་རག་ཐབས་བྱེད་པ་མ་ཟད་རྐང་བདག་སོགས་པའི་མ་དངུལ་འདོན་མཁན་ལའང་བགོ་རྒྱུ་དམིགས་ཡུལ་དུ་བྱས་ནས་བཙུགས་པའི་ཁྲིམས་མི་ནི་ཁེ་གཉེར་ཁྲིམས་མི་ཡིན། ཁེ་གཉེར་ཁྲིམས་མིའི་ཁོངས་སུ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མ་རྐང་ཚད་ཡོད་ཀུང་སི། ཁེ་ལས་ཀྱི་ཁྲིམས་མི་གཞན་དག་སོགས་ཚུད་ཡོད།

དོན་ཚན་དོན་བདུན་པ། ཁེ་གཉེར་ཁྲིམས་མི་ཁྲིམས་ལྟར་ཐོ་འགོད་བྱས་པ་བརྒྱུད་འཛུགས་དགོས།

དོན་ཚན་དོན་བརྒྱད་པ། ཁྲིམས་ལྟར་བཙུགས་པའི་ཁེ་གཉེར་ཁྲིམས་མིར་ཐོ་འགོད་ལས་ཁུངས་ཀྱིས་ཁེ་གཉེར་ཁྲིམས་མིའི་ལས་གཉེར་ལག་ཁྱེར་སྤྲོད་དགོས། ལས་གཉེར་ལག་ཁྱེར་སྤྲོད་པའི་དུས་ཚོད་ནི་ཁེ་གཉེར་ཁྲིམས་མི་བཙུགས་པའི་དུས་ཚོད་དེ་ཡིན།

དོན་ཚན་དོན་དགུ་པ། ཁེ་གཉེར་ཁྲིམས་མི་འཛུགས་པར་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས།

དོན་ཚན་བརྒྱད་ཅུ་པ། ཁེ་གཉེར་ཁྲིམས་མིས་དབང་འཛིན་སྒྲིག་གཞི་འཛུགས་དགོས། དབང་འཛིན་སྒྲིག་གཞིས་ཁྲིམས་མིའི་སྒྲིག་ཡིག་དག་བཅོས་དང་། ལག་བསྟར་སྒྲིག་གཞི་དང་ལྟ་སྐུལ་སྒྲིག་གཞིའི་ཁོངས་མི་འདེམས་པའམ་བརྗེ་བ། ཁྲིམས་མིའི་སྒྲིག་ཡིག་ལ་བཀོད་པའི་འགན་དབང་གཞན་དག་བཅས་སྤྱོད་འགན་འཁུར་དགོས།

དོན་ཚན་གྱ་གཅིག་པ། ཁེ་གཉེར་ཁྲིམས་མིས་ལག་བསྟར་སྒྲིག་གཞི་འཛུགས་དགོས། ལག་བསྟར་སྒྲིག་གཞིས་དབང་འཛིན་སྒྲིག་གཞིའི་གྲོས་ཚོགས་སྐོང་འཚོག་དང་། ཁྲིམས་མིའི་གཉེར་སྐྱོང་འཆར་གཞི་དང་དངུལ་འཇོག་འཆར་གཞི་ཐག་གཅོད། ཁྲིམས་མིའི་ནང་ཁོངས་དོ་དམ་སྒྲིག་གཞི་འཛུགས་པའི་ཐག་གཅོད་བཅས་བྱ་རྒྱུ་མ་ཟད། ཁྲིམས་མིའི་སྒྲིག་ཡིག་ལ་བཀོད་པའི་འགན་དབང་གཞན་དག་ཀྱང་སྤྱོད་རྒྱུ། ལག་བསྟར་སྒྲིག་གཞི་ནི་ལས་འཛིན་པའི་ལྷན་ཚོགས་སམ་ཡང་ན་ལག་བསྟར་ལས་འཛིན་པ་ཡིན་ན། ཏུང་ཧྲི་ཀྲང་དང་། ལག་བསྟར་ཏུང་ཧྲིའམ་ཡང་ན་སྤྱི་གཉེར་པས་ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར་ཁྲིམས་བཀོད་ཀྱི་འཐུས་ཚབ་པའི་འགན་འཁུར་དགོས་པ་དང་། ལས་འཛིན་པའི་ལྷན་ཚོགས་སམ་ལག་བསྟར་ལས་འཛིན་པ་བཙུགས་མེད་ན། ཁྲིམས་མིའི་སྒྲིག་ཡིག་ལ་བཀོད་པའི་འགན་འཁུར་པ་གཙོ་བོ་ནི་དེའི་ལག་བསྟར་སྒྲིག་གཞི་དང་ཁྲིམས་བཀོད་འཐུས་ཚབ་པ་ཡིན།

དོན་ཚན་གྱ་གཉིས་པ། ཁེ་གཉེར་ཁྲིམས་མིས་ལས་དོན་ལྟ་སྐུལ་ལྷན་ཚོགས་སམ་ཡང་ན་ལས་དོན་ལྟ་སྐུལ་སོགས་པའི་ལྟ་སྐུལ་སྒྲིག་གཞི་བཙུགས་ཡོད་ན། ལྟ་སྐུལ་སྒྲིག་གཞིས་ཁྲིམས་ལྟར་ཁྲིམས་མིའི་ནོར་དོན་ལ་ཞིབ་བཤེར་བྱེད་དགོས་པ་དང་། ལག་བསྟར་སྒྲིག་གཞིའི་ཁོངས་མི་དང་། མཐོ་རིམ་དོ་དམ་མི་སྣས་ཁྲིམས་མིའི་འགན་འཁྲི་འཁུར་ཚུལ། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ལ་བཀོད་པའི་འགན་འཁྲི་གཞན་དག་བཅས་ལ་ལྟ་སྐུལ་བྱེད་དགོས།

དོན་ཚན་གྱ་གསུམ་པ། ཁེ་གཉེར་ཁྲིམས་མིའི་མ་དངུལ་འདོན་མཁན་གྱིས་མ་དངུལ་འདོན་མཁན་གྱི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཁྲིམས་མིའམ་ཡང་ན་མ་དངུལ་འདོན་མཁན་གཞན་དག་གི་ཁེ་དབང་ལ་གནོད་འཚེ་གཏོང་རིགས་བྱས་མི་ཆོག མ་དངུལ་འདོན་མཁན་གྱི་ཁེ་དབང་གང་བྱུང་དུ་སྤྱད་དེ་ཁྲིམས་མིའམ་ཡང་ན་མ་དངུལ་འདོན་མཁན་གཞན་དག་ལ་གནོད་འཚེ་བཏང་ན། ཁྲིམས་ལྟར་དམངས་དོན་གྱི་ཁག་འགན་འཁུར་དགོས། ཁེ་གཉེར་ཁྲིམས་མིའི་མ་དངུལ་འདོན་མཁན་གྱིས་ཁྲིམས་མིའི་རང་ཚུགས་ཀྱི་གོ་གནས་དང་མ་དངུལ་འདོན་མཁན་གྱི་ཚད་ཡོད་འགན་འཁྲི་གང་བྱུང་དུ་སྤྱད་དེ་བུན་དབང་འཛིན་མཁན་ཡིན་པའི་ཁྲིམས་མིའི་ཁེ་དབང་ལ་གནོད་འཚེ་གཏོང་རིགས་བྱས་མི་ཆོག ཁྲིམས་མིའི་རང་ཚུགས་ཀྱི་གོ་གནས་དང་མ་དངུལ་འདོན་མཁན་གྱི་ཚད་ཡོད་འགན་འཁྲི་གང་བྱུང་དུ་སྤྱད་དེ་བུ་ལོན་འཇལ་འགན་གཡོལ་ཐབས་བྱས་པའི་རྐྱེན་གྱིས། ཁྲིམས་མི་དང་བུན་དབང་འཛིན་མཁན་གྱི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་ན། ཁྲིམས་མིའི་བུན་འགན་ཐད་ཀྱི་ཞོར་འབྲེལ་ཁག་འགན་འཁུར་དགོས།

དོན་ཚན་གྱ་བཞི་པ། ཁེ་གཉེར་ཁྲིམས་མིའི་མ་རྐང་ཚོད་འཛིན་གྱི་མ་དངུལ་འཇོག་མཁན་དང་། དངོས་སུ་ཚོད་འཛིན་བྱེད་མཁན། ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་པ་བཅས་ཀྱིས་སོ་སོའི་བར་གྱི་འབྲེལ་བར་བརྟེན་ནས་ཁྲིམས་མིའི་ཁེ་དབང་ལ་གནོད་འཚེ་གཏོང་རིགས་བྱས་མི་ཆོག སོ་སོའི་བར་གྱི་འབྲེལ་བར་བརྟེན་ནས་ཁྲིམས་མིའི་ཁེ་དབང་ལ་གནོད་འཚེ་གཏོང་རིགས་བྱུང་ན། གུན་གསབ་བྱེད་འགན་འཁུར་དགོས།

དོན་ཚན་གྱ་ལྔ་པ། ཁེ་གཉེར་ཁྲིམས་མིའི་དབང་འཛིན་སྒྲིག་གཞི་དང་ལག་བསྟར་སྒྲིག་གཞིས་གྲོས་ཆོད་འདོན་རྒྱུའི་གྲོས་ཚོགས་སྐོང་འཚོག་བྱེད་རིམ་དང་བརྡས་ཐག་གཅོད་སྟངས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་རིགས་བྱུང་བའམ་ཡང་ན། གྲོས་ཆོད་ཀྱི་ནང་དོན་ཁྲིམས་མིའི་སྒྲིག་ཡིག་དང་འགལ་རིགས་བྱུང་ན། ཁེ་གཉེར་ཁྲིམས་མིའི་མ་དངུལ་འདོན་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་གྲོས་ཆོད་དེ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག ཡིན་ན་ཡང་ཁེ་གཉེར་ཁྲིམས་མིས་གྲོས་ཆོད་དེར་གཞིགས་ནས་སེམས་བཟང་གི་བལྟོས་ཟླའི་མི་དང་ཆགས་པའི་དམངས་དོན་གྱི་བཅའ་ཁྲིམས་འབྲེལ་བར་གནོད་པ་བཟོ་མི་སྲིད།

དོན་ཚན་གྱ་དྲུག་པ། ཁེ་གཉེར་ཁྲིམས་མིས་ཚོང་གཉེར་གྱི་ལས་སྒོ་སྤེལ་སྐབས། ཚོང་ལས་ཀྱི་ཀུན་སྤྱོད་སྲུང་བ་དང་། ཉོ་འཚོང་གི་བདེ་འཇགས་སྲུང་བ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བཅས་བྱེད་དགོས།

ལེའུ་གསུམ་པ། ཁེ་གཉེར་མ་ཡིན་པའི་ཁྲིམས་མི།

དོན་ཚན་གྱ་བདུན་པ། སྤྱི་ཕན་གྱི་ཆེད་དུ་འཛུགས་པའམ་ཡང་ན་ཁེ་གཉེར་མ་ཡིན་པའི་དམིགས་ཡུལ་གཞན་དག་གི་ཆེད་དུ་འཛུགས་པ་དང་། ཐོབ་པའི་ཁེ་སྤོགས་དེ་མ་དངུལ་འདོན་མཁན་དང་། འཛུགས་མཁན་ནམ་ཡང་ན་ཁོངས་མིར་མི་བགོ་བའི་ཁྲིམས་མི་ནི་ཁེ་གཉེར་མ་ཡིན་པའི་ཁྲིམས་མི་ཡིན། ཁེ་གཉེར་མ་ཡིན་པའི་ཁྲིམས་མིའི་ཁོངས་སུ་བྱ་ལས་སྡེ་ཚན་དང་། སྤྱི་ཚོགས་ཚོགས་པ། ཐེབས་རྩ་ལྷན་ཚོགས། སྤྱི་ཚོགས་ཀྱི་ཞབས་ཞུའི་སྒྲིག་གཞི་སོགས་ཚུད་ཡོད།

དོན་ཚན་གྱ་བརྒྱད་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་མཐུན་པ། སྤྱི་ཕན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་བཅས་ཀྱིས་བཙུགས་པའི་བྱ་ལས་སྡེ་ཚན་ལ་ཁྲིམས་ལྟར་འཛུགས་པའི་ཐོ་འགོད་བྱས་པ་ནས་བྱ་ལས་སྡེ་ཚན་གྱི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་དང་། ཁྲིམས་ལྟར་ཁྲིམས་མི་འཛུགས་པའི་ཐོ་འགོད་འགྲོ་ལུགས་འགྲིམ་མི་དགོས་པའི་རིགས་ཡིན་ན། བཙུགས་པའི་ཉིན་མོ་ནས་བྱ་ལས་སྡེ་ཚན་གྱི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།

དོན་ཚན་གྱ་དགུ་པ། བྱ་ལས་སྡེ་ཚན་གྱི་ཁྲིམས་མིས་ལས་འཛིན་ལྷན་ཚོགས་བཙུགས་ཡོད་ན། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་པ་ཕུད། ལས་འཛིན་ལྷན་ཚོགས་ནི་དེའི་ཇུས་འགོད་སྒྲིག་གཞི་ཡིན། བྱ་ལས་སྡེ་ཚན་གྱི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར་ཐོན་པར་བྱེད་དགོས།

དོན་ཚན་དགུ་བཅུ་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། ཚོགས་མིའི་ཐུན་མོང་གི་འདོད་མོས་ལ་གཞིགས་ཡོད་པ། སྤྱི་ཕན་གྱི་དམིགས་ཡུལ་གྱི་ཆེད་དུའམ་ཡང་ན་ཚོགས་མི་ཐུན་མོང་གི་ཁེ་ཕན་འགྲུབ་ཆེད་སོགས་ཁེ་གཉེར་མ་ཡིན་པའི་ཆེད་དུ་བཙུགས་པའི་སྤྱི་ཚོགས་ཚོགས་པར་ཁྲིམས་ལྟར་འཛུགས་པའི་ཐོ་འགོད་བྱས་པ་ནས་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་དང་། ཁྲིམས་ལྟར་ཁྲིམས་མི་འཛུགས་པའི་ཐོ་འགོད་འགྲོ་ལུགས་འགྲིམ་མི་དགོས་པའི་རིགས་ཡིན་ན། བཙུགས་པའི་ཉིན་མོ་ནས་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།

དོན་ཚན་གོ་གཅིག་པ། སྤྱི་ཚོགས་ཚོགས་པའི་ཁྲིམས་མི་བཙུགས་ན་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས། སྤྱི་ཚོགས་ཚོགས་པའི་ཁྲིམས་མིས་ཚོགས་མིའི་ཚོགས་ཆེན་ནམ་ཡང་ན་ཚོགས་མིའི་འཐུས་མིའི་ཚོགས་ཆེན་སོགས་པའི་དབང་འཛིན་སྒྲིག་གཞི་འཛུགས་དགོས། སྤྱི་ཚོགས་ཚོགས་པའི་ཁྲིམས་མིས་ལས་འཛིན་ལྷན་ཚོགས་སོགས་པའི་ལག་བསྟར་སྒྲིག་གཞི་འཛུགས་དགོས། ལས་འཛིན་པའམ་ཡང་ན་ཚོགས་གཙོ་སོགས་འགན་འཁུར་པས་ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས།

དོན་ཚན་གོ་གཉིས་པ། ཁྲིམས་མིའི་ཆ་རྐྱེན་འཛོམས་པ་དང་། སྤྱི་ཕན་དམིགས་ཡུལ་གྱི་ཆེད་དང་། རྒྱུ་ནོར་ཞལ་འདེབས་སུ་འབུལ་ཆེད་བཙུགས་པ་བཅས་ཀྱི་ཐེབས་རྩའི་ལྷན་ཚོགས་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་སྒྲིག་གཞི་སོགས་ནི་ཁྲིམས་ལྟར་འཛུགས་པའི་ཐོ་འགོད་བྱས་པའི་དུས་ནས། ཞལ་འདེབས་རྩིས་ལེན་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན། ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སར་ཁྲིམས་མིའི་ཆ་རྐྱེན་འཛོམས་པོ་ཡོད་ན། ཁྲིམས་མིར་འགྱུར་བའི་ཐོ་འགོད་བྱེད་རོགས་ཞུ་བ་དང་། ཞལ་འདེབས་རྩིས་ལེན་ཁྲིམས་མིའི་ཐོབ་ཐང་ཐོབ་པར་བྱས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དུ་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་གོ་གསུམ་པ། ཞལ་འདེབས་རྩིས་ལེན་ཁྲིམས་མི་འཛུགས་སྐབས། ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས། ཞལ་འདེབས་རྩིས་ལེན་ཁྲིམས་མིས་ལས་འཛིན་པའི་ལྷན་ཚོགས་དང་དམངས་གཙོའི་དོ་དམ་ལྷན་ཚོགས་སོགས་པའི་ཇུས་འགོད་སྒྲིག་གཞི་འཛུགས་དགོས་པ་མ་ཟད། ལག་བསྟར་སྒྲིག་གཞིའང་འཛུགས་དགོས། ལི་ཧྲི་ཀྲང་སོགས་པའི་འགན་འཁུར་པས་ཁྲིམས་མིའི་སྒྲིག་ཡིག་ནང་འཁོད་གཏན་འབེབས་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས། ཞལ་འདེབས་རྩིས་ལེན་ཁྲིམས་མིས་ལས་དོན་ལྟ་སྐུལ་ལྷན་ཚོགས་སོགས་པའི་ལྟ་སྐུལ་སྒྲིག་གཞི་འཛུགས་དགོས།

དོན་ཚན་གོ་བཞི་པ། ཞལ་འདེབས་འབུལ་མིས་ཞལ་འདེབས་རྩིས་ལེན་ཁྲིམས་མིར་ཞལ་འདེབས་ཕུལ་བའི་རྒྱུ་ནོར་བེད་སྤྱོད་དང་དོ་དམ་བྱས་ཚུལ་འདྲི་རྩད་བྱས་ཆོག་པ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་ནའང་ཆོག ཞལ་འདེབས་རྩིས་ལེན་ཁྲིམས་མིས་དུས་ཐོག་ཏུ་ལན་ཇི་མ་ཇི་བཞིན་འདེབས་དགོས། ཞལ་འདེབས་རྩིས་ལེན་ཁྲིམས་མིའི་ཇུས་འགོད་སྒྲིག་གཞི་དང་ལག་བསྟར་སྒྲིག་གཞིའམ་ཡང་ན་དེའི་ཁྲིམས་བཀོད་འཐུས་ཚབ་པས་ཇུས་ཐག་བཅད་པའི་གོ་རིམ་དེ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་བའམ་ཡང་ན་ཇུས་ཐག་བཅད་པའི་ནང་དོན་དེ་ཁྲིམས་མིའི་སྒྲིག་ཡིག་དང་འགལ་བ་ཡིན་ན། ཞལ་འདེབས་འབུལ་མཁན་སོགས་པའི་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་ནམ་ཡང་ན་གཙོ་གཉེར་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་གྲོས་ཆོད་དེ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག ཡིན་ན་ཡང་ཞལ་འདེབས་རྩིས་ལེན་ཁྲིམས་མིས་གྲོས་ཆོད་དེར་གཞིགས་ནས་སེམས་བཟང་གི་བལྟོས་ཟླའི་མི་དང་ཆགས་པའི་དམངས་དོན་གྱི་བཅའ་ཁྲིམས་འབྲེལ་བར་གནོད་པ་བཟོ་མི་སྲིད།

དོན་ཚན་གོ་ལྔ་པ། སྤྱི་ཕན་གྱི་དོན་དུ་བཙུགས་པའི་ཁེ་གཉེར་མ་ཡིན་པའི་ཁྲིམས་མི་འཛུགས་མཚམས་འཇོག་སྐབས། མ་དངུལ་འདོན་མཁན་དང་། འཛུགས་མཁན་ནམ་ཡང་ན་ཁོངས་མིར་རྒྱུ་ནོར་ལྷག་མ་ཆ་བགོ་བྱས་མི་ཆོག རྒྱུ་ནོར་ལྷག་མ་དག་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་སམ་ཡང་ན་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་སྤྱི་ཕན་གྱི་དོན་དུ་སྤྱོད་དགོས་རིགས་ཡིན་པ་དང་། ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་སམ་ཡང་ན་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་ཐག་གཅོད་བྱེད་ཐབས་མེད་པའི་རིགས་ཡིན་ན། གཙོ་གཉེར་ལས་ཁུངས་ཀྱིས་གཙོ་སྐྱོང་བྱས་ནས་དམིགས་ཡུལ་གཅིག་མཚུངས་སམ་གཅིག་མཚུངས་ཙམ་ཡིན་པའི་ཁྲིམས་མིར་བརྒྱུད་སྤྲོད་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།

ལེའུ་བཞི་པ། དམིགས་བསལ་ཁྲིམས་མི།

དོན་ཚན་གོ་དྲུག་པ། ས་བཅད་འདིར་བཀོད་པའི་ལས་ཁུངས་ཀྱི་ཁྲིམས་མི་དང་། གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གྲོང་ཁྱེར་དང་གྲོང་རྡལ་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི། གཞི་རིམ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་བཅས་ནི་དམིགས་བསལ་ཁྲིམས་མི་ཡིན།

དོན་ཚན་གོ་བདུན་པ། རང་ཚུགས་ཀྱི་གྲོན་དངུལ་ཡོད་པའི་ལས་ཁུངས་དང་སྲིད་འཛིན་གྱི་འགན་ནུས་འཁུར་བའི་ཁྲིམས་བཀོད་སྒྲིག་གཞི་བཙུགས་པའི་ཉིན་མོ་ནས་ལས་ཁུངས་ཀྱི་ཁྲིམས་མིའི་ཐོབ་ཐང་ཐོབ་ཡོད་པས། འགན་ནུས་སྒྲུབ་ཕྱིར་མཁོ་བའི་དམངས་དོན་གྱི་བྱེད་སྒོ་སྤེལ་ཆོག

དོན་ཚན་གོ་བརྒྱད་པ། ལས་ཁུངས་ཀྱི་ཁྲིམས་མི་རྩིས་མེད་དུ་བཏང་ཟིན་པ་ཡིན་ན། ཁྲིམས་མི་འཛུགས་མཚམས་རྫོགས་པ་ཡིན་པས། དེའི་དམངས་དོན་གྱི་ཁེ་དབང་དང་འོས་འགན་ནི་ལས་འགན་མུ་མཐུད་འཛིན་པའི་ལས་ཁུངས་ཀྱི་ཁྲིམས་མིར་ཡོད་པ་དང་དེས་འཁུར་དགོས། ལས་འགན་མུ་མཐུད་འཛིན་མཁན་མེད་ན། རྩིས་མེད་དུ་བཏང་བའི་གྲོས་ཐག་གཅོད་མཁན་ལས་ཁུངས་ཀྱི་ཁྲིམས་མིར་ཁེ་དབང་ཡོད་ལ་དེས་འོས་འགན་འཁུར་དགོས།

དོན་ཚན་གོ་དགུ་པ། གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ཐོབ་པར་བྱེད་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ཐོག་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཐད་ལ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་ཐམས་པ། གྲོང་ཁྱེར་དང་གྲོང་རྡལ་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ཐོབ་པར་བྱེད་དགོས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐད་ལ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་གཅིག་པ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་པས། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་གྱི་བྱེད་སྒོ་སྤེལ་ཆོག གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཙུགས་མེད་ན། གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ནུས་ཚབ་ཏུ་བསྒྲུབས་ཆོག

7 ས་བཅད་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས།

དོན་ཚན་བརྒྱ་དང་གཉིས་པ། ཁྲིམས་མི་མ་ཡིན་པའི་རྩའཛུགས་ཞེས་པ་ནི་ཁྲིམས་མིའི་ཐོབ་ཐང་མེད་ཀྱང་། ཁྲིམས་ལྟར་རང་གི་མིང་ཐོག་ནས་དམངས་དོན་གྱི་བྱེད་སྒོ་སྤེལ་ཐུབ་པའི་རྩ་འཛུགས་ཡིན། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཁོངས་སུ་སྒེར་གྱི་མ་དངུལ་ཁེར་འཇོག་ཁེ་ལས་དང་།རོགས་སྡེབ་ཁེ་ལས། ཁྲིམས་མིའི་ཐོབ་ཐང་མི་ལྡན་པའི་ཆེད་ལས་ཞབས་ཞུའི་སྒྲིག་གཞི་སོགས་ཚུད་ཡོད།

དོན་ཚན་བརྒྱ་དང་གསུམ་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ཐོ་འགོད་བྱེད་ལུགས་འགྲིམ་དགོས། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཛུགས་སྐབས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་འཁོད་གཏན་འབེབས་ལྟར་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་པར་བྱེད་དགོས་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་རྒྱུ་ནོར་ལ་བུ་ལོན་འཇལ་ནུས་འདང་པོ་མེད་ན། དེའི་དངུལ་འདོན་མཁན་ནམ་ཡང་ན་འཛུགས་མཁན་གྱིས་བུ་ལོན་འཇལ་འགན་ཚད་མེད་འཁུར་དགོས། བཅའ་ཁྲིམས་སུ་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་ལྔ་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་རྩ་འཛུགས་འདིའི་ཚབ་ཏུ་དམངས་དོན་གྱི་བྱེད་སྒོ་སྤེལ་མཁན་མི་གཅིག་གམ་མི་འགའ་གཏན་འཁེལ་བྱས་ཆོག

དོན་ཚན་བརྒྱ་དང་དྲུག་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་གཅིག་བྱུང་ན། ཁྲིམས་མི་མ་ཡིན་པའི་རྩའཛུགས་སོ་སོར་གྱེས་རྒྱུ་སྟེ།

སྒྲིག་ཡིག་ཏུ་བཀོད་པའི་སོར་གནས་དུས་ཚད་གཙང་བའམ་སྒྲིག་ཡིག་ཏུ་བཀོད་པའི་སོ་སོར་གྱེས་པའི་རྒྱུ་རྐྱེན་ཐོན་པ་དང་། མ་དངུལ་འདོན་མཁན་ནམ་འཛུགས་མཁན་གྱིས་སོ་སོར་གྱེས་རྒྱུའི་ཐག་བཅད་པ། ཁྲིམས་སུ་བཀོད་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་བརྒྱ་དང་བདུན་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཁ་འཐོར་ཕྱིན་ན། ཁྲིམས་ལྟར་གཙང་རྩིས་བྱེད་དགོས།

དོན་ཚན་བརྒྱ་དང་བརྒྱད་པ། ཁྲིམས་མི་ཡིན་པའི་རྩ་འཛུགས་ལ་ལེའུ་འདིའི་གཏན་འབེབས་སྤྱད་འཐུས་པ་མ་ཟད། བཅའ་ཁྲིམས་འདིའི་ལེའུ་གསུམ་པའི་ས་བཅད་དང་པོའི་འབྲེལ་ཡོད་གཏན་འབེབས་ཀྱང་དཔྱད་གཞིར་སྤྱད་འཐུས།

8 ས་བཅད་ལྔ་པ། དམངས་དོན་གྱི་ཁེ་དབང་།

དོན་ཚན་བརྒྱ་དང་དགུ་པ། རང་བྱུང་མིའི་མི་ལུས་ཀྱི་རང་དབང་དང་། མིའི་ཐོབ་ཐང་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་པ། རང་བྱུང་མིར་ཚེ་སྲོག་གི་དབང་ཆ་དང་། ལུས་ཕུང་གི་དབང་ཆ། བདེ་ཐང་གི་དབང་ཆ། རང་མིང་ཐོབ་དབང་། འདྲ་པར་གྱི་བདག་དབང་། མིང་གྲགས་ཐོབ་དབང་། མཚན་བསྟོད་ཐོབ་དབང་། སྒེར་གྱི་གསང་དོན་སྲུང་དབང་། གཉེན་སྒྲིག་རང་མོས་དབང་ཆ་སོགས་པའི་ཁེ་དབང་ཡོད། ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་རང་མིང་ཐོབ་དབང་དང་། མིང་གྲགས་ཐོབ་དབང་། མཚན་བསྟོད་ཐོབ་དབང་སོགས་པའི་ཁེ་དབང་ཡོད།

དོན་ཚན་བརྒྱ་དང་བཅུ་གཅིག་པ། རང་བྱུང་མི་སྒེར་གི་ཆ་འཕྲིན་ནི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ལ་མི་གཞན་སྒེར་གྱི་ཆ་འཕྲིན་ཐོབ་དགོས་ན། ཁྲིམས་ལྟར་འཐོབ་ཐབས་བྱེད་དགོས་པ་མ་ཟད་ཐོབ་པའི་མི་གཞན་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་ཀྱང་བྱེད་དགོས་པ་ལས། ཁྲིམས་འགལ་གྱིས་མི་གཞན་གྱི་ཆ་འཕྲིན་བསྡུ་རུབ་དང་། བེད་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱས་མི་ཆོག་པ་དང་། ཁྲིམས་འགལ་གྱིས་མི་གཞན་གྱི་ཆ་འཕྲིན་ཉོ་འཚོང་དང་། གཞན་ལ་འདོན་སྤྲོད་དམ་ཡོངས་བསྒྲགས་བྱས་མི་ཆོག

དོན་ཚན་བརྒྱ་དང་བཅུ་གཉིས་པ། གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ལས་ཐོབ་པའི་རང་བྱུང་མིའི་མི་ལུས་ཀྱི་རང་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་གསུམ་པ། དམངས་དོན་གྱི་བྱེད་པོའི་རྒྱུ་ནོར་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ཐོག་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་བཞི་པ། དམངས་དོན་གྱི་བྱེད་པོར་ཁྲིམས་ལྟར་དངོས་པོའི་བདག་དབང་སྤྱོད་དབང་ཡོད། དངོས་པོའི་བདག་དབང་ནི་ཁེ་དབང་ཡོད་མཁན་གྱིས་དམིགས་འཛུགས་དངོས་པོ་ཁྲིམས་ལྟར་ཐད་ཀར་བཀོལ་སྤྱོད་དང་གཞན་པ་ཕྱིར་འབུད་གཏོང་བའི་ཁེ་དབང་སྤྱད་ཆོག་པ་དེར་ཟེར་ཞིང་། དེར་བདག་དབང་དང་། བཀོལ་ཁེ་རྫས་དབང་། གཏའ་འཇོག་དངོས་དབང་བཅས་ཚུད་ཡོད།

དོན་ཚན་བརྒྱ་དང་བཅོ་ལྔ་པ།དངོས་པོའི་ཁོངས་སུ་འགྱུར་མེད་རྒྱུ་ནོར་དང་འགྱུར་ལྡན་རྒྱུ་ནོར་ཚུད་ཡོད། བཅའ་ཁྲིམས་སུ་བཀོད་པའི་ཁེ་དབང་ནི་དངོས་པོའི་བདག་དབང་གི་ཕྱིའི་ཡུལ་ཡིན་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་བཅུ་དྲུག་པ། དངོས་པོའི་བདག་དབང་གི་སྣ་ཁ་དང་ནང་དོན་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅོ་བདུན་པ། སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ། བཅའ་ཁྲིམས་སུ་བཀོད་པའི་དབང་མཚམས་དང་གོ་རིམ་ལྟར། འགྱུར་མེད་རྒྱུ་ནོར་རམ་འགྱུར་ལྡན་རྒྱུ་ནོར་བསྡུ་ལེན་དང་བསྡུ་སྤྱོད་བྱས་ན། དྲང་སྙོམས་དང་ཚུལ་མཐུན་ཡིན་པའི་ཁ་གསབ་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་བརྒྱད་པ། དམངས་དོན་གྱི་བྱེད་པོར་ཁྲིམས་ལྟར་བུན་དབང་སྤྱོད་དབང་ཡོད། བུན་དབང་ནི་གན་རྒྱ་དང་། དབང་གནོད་ཀྱི་བྱ་སྤྱོད། མ་སྐུལ་དང་ལེན་གྱི་དོ་དམ། ཚུལ་མིན་ཁེ་ཐོབ་བཅས་དང་དེ་བཞིན་བཅའ་ཁྲིམས་གྱི་གཏན་འབེབས་གཞན་དག་ལ་གཞིགས་ནས། ཁེ་དབང་འཛིན་མཁན་གྱིས་དམིགས་འཛུགས་བྱས་པའི་འོས་འགན་ཡོད་མཁན་གྱི་བྱ་སྤྱོད་དེ་བྱ་སྤྱོད་ངེས་གཏན་དུ་གཏན་འཁེལ་བྱེད་དང་མི་བྱེད་ཀྱི་རེ་འདུན་ཞུས་པའི་ཁེ་དབང་ཡིན།

དོན་ཚན་བརྒྱ་དང་བཅུ་དགུ་པ། ཁྲིམས་ལྟར་བཞག་པའི་གན་རྒྱ་ནི་དོ་བདག་ལ་ཁྲིམས་ཀྱི་འཆུན་ནུས་ལྡན་པ་ཞིག་ཡིན།

དོན་ཚན་བརྒྱ་དང་ཉི་ཤུ་པ། དམངས་དོན་གྱི་ཁེ་དབང་ལ་བཙན་གནོད་ཕོག་ན། བཙན་གནོད་ཕོག་མཁན་གྱིས་བཙན་གནོད་གཏོང་མཁན་ལ་དབང་གནོད་ཀྱི་ཁག་འགན་འཁུར་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ཉེར་གཅིག་པ། ཁྲིམས་སུ་བཀོད་པའམ་ཡང་ན་ཁ་དན་དུ་བཞག་པའི་འོས་འགན་མེད་རུང། གཞན་གྱི་ཁེ་ཕན་ལ་གནོད་འཚེ་མི་ཡོང་བའི་ཆེད་དུ་དོ་དམ་བྱས་པའི་མི་ཡིས་དེའི་ཐད་ལ་བཏང་བའི་འགྲོ་གྲོན་དགོས་ངེས་དེ་ཁེ་ཕན་ཐོབ་མཁན་ལ་འཇལ་སྤྲོད་བྱེད་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ཉེར་གཉིས་པ། སྐྱེ་བོ་གཞན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་རུང་ཚུལ་མིན་གྱི་ཁེ་ཕན་ཐོབ་ནས་གཞན་ལ་གྱོང་གུན་བཏང་ན། གྱོང་གུན་ཕོག་མཁན་གྱིས་ཚུལ་མིན་གྱི་ཁེ་ཕན་ཐོབ་མཁན་ལ་ཚུལ་མིན་གྱི་ཁེ་ཕན་ཕྱིར་སློག་བྱེད་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ཉེར་གསུམ་པ། དམངས་དོན་གྱི་བྱེད་པོར་ཤེས་བྱའི་ཐོན་དངོས་བདག་དབང་ཁྲིམས་ལྟར་ལོངས་སུ་སྤྱོད་དབང་ཡོད། ཤེས་བྱའི་ཐོན་དངོས་བདག་དབང་ནི་ཁེ་དབང་འཛིན་མཁན་ལ་ཁྲིམས་ལྟར་གཤམ་གསལ་གྱི་ཕྱིའི་ཡུལ་དག་ལ་ཆེད་དབང་སྤྱོད་དབང་ཡོད་པ་ཡིན།

བརྩམས་ཆོས་དང་། གསར་གཏོད་དང་། གོ་ཆོད་དཔེ་གསར། ཕྱི་དབྱིབས་ཇུས་འགོད་བཅས། ཚོང་རྟགས། ས་ཁམས་མཚོན་རྟགས། ཚོང་ལས་ཀྱི་གསང་བ། འདུས་གྲུབ་གློག་ལམ་གྱི་བཀོད་རིས་ཇུས་འགོད། རྩི་ཤིང་སྣ་ཁ་གསར་རིགས། བཅའ་ཁྲིམས་སུ་བཀོད་པའི་ཕྱིའི་ཡུལ་གཞན་དག་བཅས་སོ༎

དོན་ཚན་བརྒྱ་དང་ཉེར་བཞི་པ། རང་བྱུང་མིར་ཁྲིམས་ལྟར་ཤུལ་འཛིན་བྱེད་དབང་ཡོད། རང་བྱུང་མིའི་ཁྲིམས་མཐུན་གྱི་སྒེར་དབང་རྒྱུ་ནོར་ཁྲིམས་ལྟར་ཤུལ་འཛིན་བྱས་ཆོག

དོན་ཚན་བརྒྱ་དང་ཉེར་ལྔ་པ། དམངས་དོན་གྱི་བྱེད་པོར་ཁྲིམས་ལྟར་རྐང་དབང་དང་དངུལ་འཇོག་རང་བཞིན་གྱི་ཁེ་དབང་གཞན་དག་ལོངས་སུ་སྤྱོད་དབང་ཡོད།

དོན་ཚན་བརྒྱ་དང་ཉེར་དྲུག་པ། དམངས་དོན་གྱི་བྱེད་པོར་ཁྲིམས་སུ་བཀོད་པའི་དམངས་དོན་གྱི་ཁེ་དབང་དང་ཁེ་ཕན་གཞན་དག་ལོངས་སུ་སྤྱོད་དབང་ཡོད།

དོན་ཚན་བརྒྱ་དང་ཉེར་བདུན་པ། གཞི་གྲངས་དང་དྲ་སྦྲེལ་གྱི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོང་བྱ་རྒྱུའི་ཐད་བཅའ་ཁྲིམས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ། ལོ་ན་མ་ལོན་པའི་མི་དང་། རྒན་རྒོན། དབང་པོ་སྐྱོན་ཅན། བུད་མེད། འཛད་སྤྱོད་པ་སོགས་ཀྱི་དམངས་དོན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཐད་ལ་བཅའ་ཁྲིམས་སུ་དམིགས་བསལ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས།

དོན་ཚན་བརྒྱ་དང་ཉེར་དགུ་པ། དམངས་དོན་གྱི་ཁེ་དབང་ནི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དང་། དོན་དངོས་ཀྱི་བྱ་སྤྱོད། ཁྲིམས་སུ་བཀོད་པའི་དོན་རྐྱེན་ནམ་ཡང་ན་ཁྲིམས་སུ་བཀོད་པའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཐོབ་པར་བྱས་ཆོག

དོན་ཚན་བརྒྱ་དང་སུམ་ཅུ་པ། དམངས་དོན་གྱི་བྱེད་པོས་རང་གི་འདོད་མོས་ལྟར་དམངས་དོན་གྱི་ཁེ་དབང་ཁྲིམས་ལྟར་སྤྱོད་པར་ཐེ་ཇུས་གཏོང་མི་རུང་།

དོན་ཚན་བརྒྱ་དང་སོ་གཅིག་པ། དམངས་དོན་གྱི་བྱེད་པོས་ཁེ་དབང་སྤྱོད་དུས་བཅའ་ཁྲིམས་ནང་གཏན་ལ་ཕབ་པ་དང་དོ་བདག་བར་ཁ་ཆད་བཞག་པའི་འོས་འགན་བསྒྲུབ་དགོས།

དོན་ཚན་བརྒྱ་དང་སོ་གཉིས་པ། དམངས་དོན་གྱི་བྱེད་པོས་དམངས་དོན་གྱི་ཁེ་དབང་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

9 ས་བཅད་དྲུག་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད།

ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་བ།

དོན་ཚན་བརྒྱ་དང་སོ་གསུམ་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ནི་དམངས་དོན་གྱི་བྱེད་པོས་བསམ་ཚུལ་མཚོན་པ་བརྒྱུད་དམངས་དོན་གྱི་ཁྲིམས་ཀྱི་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཚམས་འཇོག་པ་བཅས་བྱེད་པའི་བྱ་སྤྱོད་ཡིན།

དོན་ཚན་བརྒྱ་དང་སོ་བཞི་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དེ་ཕྱོགས་གཉིས་པོའམ་ཕྱོགས་མང་པོའི་བསམ་ཚུལ་མཚོན་པར་བརྟེན་ནས་བཙུགས་ཆོག་ལ། ཕྱོགས་གཅིག་པུའི་བསམ་ཚུལ་མཚོན་པར་བརྟེན་ནས་བཙུགས་ནའང་ཆོག ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་སམ་ཡང་ན་སྒྲིག་ཡིག་ཏུ་བཀོད་པའི་དོན་དག་གྲོས་བསྡུར་བྱེད་ཐབས་དང་བརྡས་ཐག་གཅོད་རིམ་ལྟར་གྲོས་ཆོད་བཞག་ཡོད་ན། གྲོས་ཆོད་འཇོག་པའི་བྱ་སྤྱོད་དེ་གྲུབ་པ་ཡིན།

དོན་ཚན་བརྒྱ་དང་སོ་ལྔ་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་འཛུགས་པར་ཡིག་ཐོག་གམ་ངག་ཐོག་གི་རྣམ་པའམ་རྣམ་པ་གཞན་དག་སྤྱད་ཆོག དམིགས་བསལ་གྱི་རྣམ་པ་སྤྱོད་རྒྱུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་བཀོད་པའམ་དོ་བདག་བར་གྱི་ཁ་ཆད་ནང་དུ་བྲིས་ཡོད་ན། དམིགས་བསལ་གྱི་རྣམ་པ་དེ་སྤྱོད་དགོས།

དོན་ཚན་བརྒྱ་དང་སོ་དྲུག་པ། བཅའ་ཁྲིམས་སུ་གཏན་འབེབས་ལོགས་སུ་བྱས་པའམ་ཡང་ན་དོ་བདག་བར་ཁ་ཆད་ལོགས་སུ་བཞག་པ་ཕུད། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དེ་བཙུགས་པ་ནས་ནུས་ཆོད་ཐོན་པ་ཡིན། ཁྲིམས་སུ་བཀོད་པའི་གཏན་འབེབས་ལ་མ་གཞིགས་པའམ་ཡང་ན་ཕ་རོལ་བའི་ཕྱོགས་ཀྱི་ཡིད་མཐུན་མ་བྱུང་ན། བྱ་སྤྱོད་སྤེལ་མཁན་གྱིས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་རང་དགར་གྱིས་བསྒྱུར་བ་དང་ཡང་ན་རྩིས་མེད་དུ་གཏོང་རིགས་བྱས་མི་ཆོག

ལེའུ་གཉིས་པ། བསམ་ཚུལ་མཚོན་པ།

དོན་ཚན་བརྒྱ་དང་སོ་བདུན་པ། གླེང་མོལ་བྱེད་སྟངས་ཐོག་ནས་མཚོན་པའི་བསམ་ཚུལ་དེ་བལྟོས་ཟླའི་མིས་ཤེས་པའི་དུས་ནས་བཟུང་དེའི་ནུས་ཆོད་ཐོན་པ་ཡིན། གླེང་མོལ་བྱེད་སྟངས་མ་ཡིན་པའི་ཐོག་ནས་མཚོན་པའི་བསམ་ཚུལ་དེ་བལྟོས་ཟླའི་མིའི་སར་འབྱོར་བའི་དུས་ནས་བཟུང་དེའི་ནུས་ཆོད་ཐོན་པ་ཡིན། གླེང་མོལ་བྱེད་སྟངས་མ་ཡིན་པའི་ཐོག་ནས་མཚོན་པའི་བསམ་ཚུལ་གཞི་གྲངས་ཀྱི་གློག་འཕྲིན་གྱི་ཐོག་ནས་མཚོན་རྗེས་སུ། བལྟོས་ཟླའི་མི་ཡིས་དམིགས་འཛུགས་བྱས་པའི་དམིགས་བསལ་གྱི་མ་ལག་གིས་བསྡུ་ལེན་བྱས་ཏེ། དེ་ཉིད་ཀྱི་དམིགས་བསལ་གྱི་མ་ལག་ཏུ་འབྱོར་བའི་དུས་ནས་དེའི་ནུས་ཆོད་ཐོན་པ་ཡིན། དམིགས་བསལ་གྱི་མ་ལག་དམིགས་འཛུགས་བྱེད་མེད་ན། བལྟོས་ཟླའི་མི་ཡིས་གཞི་གྲངས་ཀྱི་གློག་འཕྲིན་དེའི་མ་ལག་ཏུ་འབྱོར་བ་ཤེས་པའམ་ཤེས་དགོས་པའི་དུས་ནས་བཟུང་དེའི་ནུས་ཆོད་ཐོན་པ་ཡིན། གཞི་གྲངས་ཀྱི་གློག་འཕྲིན་ཐོག་ནས་བསམ་ཚུལ་མཚོན་པར་ནུས་ཆོད་ཐོན་པའི་དུས་ཚོད་ཐད་ལ་དོ་བདག་བར་ཁ་ཆད་ལོགས་སུ་བཞག་ཡོད་ན། ཁ་ཆད་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་སོ་བརྒྱད་པ། བལྟོས་ཟླའི་མི་མེད་ཀྱང་བསམ་ཚུལ་མཚོན་པའི་གནས་ཚུལ་བྱུང་ན། བསམ་ཚུལ་མཚོན་པ་མཇུག་བསྒྲིལ་བའི་དུས་ནས་ནུས་ཆོད་ཐོན་པ་ཡིན། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

དོན་ཚན་བརྒྱ་དང་སོ་དགུ་པ། སྤྱི་བསྒྲགས་ཀྱི་རྣམ་པའི་ཐོག་ནས་བསམ་ཚུལ་མཚོན་པ་དེ་སྤྱི་བསྒྲགས་བྱེད་པའི་དུས་ནས་ནུས་ཆོད་ཐོན་པ་ཡིན།

དོན་ཚན་བརྒྱ་དང་བཞི་བཅུ་པ། བྱ་སྤྱོད་སྤེལ་མཁན་གྱིས་གསལ་བརྡའི་ཐོག་ནས་སམ་ཡང་ན་གསང་བརྡའི་ཐོག་ནས་བསམ་ཚུལ་མཚོན་ཆོག གསང་བརྡའི་ཐོག་ནས་བསམ་ཚུལ་མཚོན་ཚུལ་དེ་ཁྲིམས་སུ་བཀོད་པ་དང་དོ་བདག་བར་ཁ་ཆད་བཞག་པ་དང་ཡང་ན་དོ་བདག་བར་ཉོ་འཚོང་བྱེད་པའི་གོམས་སྲོལ་དང་མཐུན་པ་ཡིན་ན། དེ་ཉིད་ད་གཟོད་བསམ་ཚུལ་མཚོན་པ་ཡིན་པར་བརྩིས་ཆོག

དོན་ཚན་བརྒྱ་དང་ཞེ་གཅིག་པ། བྱ་སྤྱོད་སྤེལ་མཁན་གྱིས་མཚོན་པའི་བསམ་ཚུལ་ཕྱིར་འཐེན་བྱས་ཆོག མཚོན་པའི་བསམ་ཚུལ་ཕྱིར་འཐེན་བྱེད་པའི་བརྡ་ཐོ་དེ་མཚོན་པའི་བསམ་ཚུལ་ཉིད་བལྟོས་ཟླའི་མིའི་མདུན་དུ་འབྱོར་བའམ་ཡང་ན་མཚོན་པའི་བསམ་ཚུལ་དང་དུས་གཅིག་ཏུ་བལྟོས་ཟླའི་མི་ཡོད་སར་འབྱོར་བར་བྱེད་དགོས།

དོན་ཚན་བརྒྱ་དང་ཞེ་གཉིས་པ། བལྟོས་ཟླའི་མི་ཡོད་པའི་བསམ་ཚུལ་མཚོན་རིགས་ལ་འགྲེལ་བཤད་རྒྱག་སྐབས། བེད་སྤྱོད་བྱས་པའི་ཚིག་དང་ཚིག་གྲུབ་ལ་བརྟེན་ནས་འབྲེལ་ཡོད་ཀྱི་དོན་ཚན་དང་། བྱ་སྤྱོད་ཀྱི་ངོ་བོ་དང་དམིགས་ཡུལ། གོམས་སྲོལ་བཅས་དང་དེ་བཞིན་ཡིད་རྟོན་བྱེད་དགོས་པའི་རྩ་དོན་དང་ཟུང་འབྲེལ་བྱས་ནས། མཚོན་པའི་བསམ་ཚུལ་གྱི་གོ་དོན་གཏན་འཁེལ་བྱེད་དགོས། བལྟོས་ཟླའི་མི་མེད་པའི་བསམ་ཚུལ་མཚོན་རིགས་ལ་འགྲེལ་བཤད་རྒྱག་སྐབས། བེད་སྤྱོད་བྱས་པའི་ཚིག་དང་ཚིག་གྲུབ་ཁོ་ནར་བརྟེན་མི་རུང་བར། འབྲེལ་ཡོད་ཀྱི་དོན་ཚན་དང་། བྱ་སྤྱོད་ཀྱི་ངོ་བོ་དང་དམིགས་ཡུལ། གོམས་སྲོལ་བཅས་དང་དེ་བཞིན་ཡིད་རྟོན་བྱེད་དགོས་པའི་རྩ་དོན་དང་ཟུང་འབྲེལ་བྱས་ནས། བྱ་སྤྱོད་སྤེལ་མཁན་གྱི་མཚོན་དོན་ངོ་མ་གཏན་འཁེལ་བྱེད་དགོས།

ལེའུ་གསུམ་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ནུས་ཆོད།

དོན་ཚན་བརྒྱ་དང་ཞེ་གསུམ་པ། གཤམ་གསལ་ཆ་རྐྱེན་འཛོམས་པའི་དམངས་དོན་གི་ཁྲིམས་འབྲེལ་བྱ་སྤྱོད་ལ་ནུས་ཆོད་ལྡན་པ་སྟེ།

བྱ་སྤྱོད་སྤེལ་མཁན་ལ་བལྟོས་བཅས་ཀྱི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཡོད་པ། མཚོན་པའི་བསམ་ཚུལ་ངོ་མ་ཡིན་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་བཀོད་པའི་བཙན་ཤེད་རང་བཞིན་ལྡན་པའི་གཏན་འབེབས་དང་མི་འགལ་བ་དང་། སྤྱི་སྒྲིག་སྲོལ་བཟང་དང་མི་འགལ་བ་བཅས་སོ། །

དོན་ཚན་བརྒྱ་དང་ཞེ་བཞི་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་མཁན་གྱིས་སྤེལ་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ནུས་ཆོད་མི་ལྡན།

དོན་ཚན་བརྒྱ་དང་ཞེ་ལྔ་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་སྤེལ་བའི་ཁེ་ཕན་ཁོ་ན་ཐོབ་ཆེད་ཀྱི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་། བློ་རིག སེམས་ཁམས་བདེ་ཐང་བཅས་ཀྱི་གནས་ཚུལ་དང་མཚུངས་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ནུས་ཆོད་ལྡན་པ་ཡིན། དམངས་དོན་ཁྲིམས་འབྲེལ་གྱི་བྱ་སྤྱོད་གཞན་དག་སྤེལ་བར་ཁྲིམས་བཀོད་ངོ་ཚབ་པས་ཁས་བླངས་པའམ་ཡང་ན་རྗེས་སུ་ཁས་བླངས་རྗེས་ནུས་ཆོད་ལྡན་པ་ཡིན། བལྟོས་ཟླའི་མི་ཡིས་ཁྲིམས་བཀོད་ངོ་ཚབ་པར་བརྡ་ཐོ་འབྱོར་ཉིན་ནས་ཟླ་བ་གཅིག་གི་ནང་ཚུན་རྗེས་སུ་ཁས་ལེན་ཡོང་བའི་སྐུལ་བརྡ་བཏང་ཆོག ཁྲིམས་བཀོད་ངོ་ཚབ་པས་ལན་མ་སྟེར་ན་རྗེས་སུ་ཁས་མ་བླངས་པར་བརྩི་རྒྱུ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་རྗེས་སུ་ཁས་ལེན་མ་བྱས་གོང་སེམས་བཟང་གི་བལྟོས་ཟླའི་མིར་ཕྱིར་འཐེན་བྱེད་དབང་ཡོད། ཕྱིར་འཐེན་བྱེད་དབང་དེ་བརྡ་ཐོའི་རྣམ་པའི་ཐོག་ནས་མཚོན་དགོས།

དོན་ཚན་བརྒྱ་དང་ཞེ་དྲུག་པ། བྱ་སྤྱོད་སྤེལ་མཁན་དང་བལྟོས་ཟླའི་མི་གཉིས་ཀས་བསམ་ཚུལ་རྫུན་མ་མཚོན་པའི་ཐོག་ནས་སྤེལ་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ནུས་ཆོད་མི་ལྡན། བསམ་ཚུལ་རྫུན་མ་མཚོན་པར་བརྟེན་ནས་ལྐོག་ཏུ་ལྡན་པར་བྱས་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ནུས་ཆོད་དེ་འབྲེལ་ཡོད་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་ཞེ་བདུན་པ། གོ་ནོར་ཆེན་པོ་ཐེབས་པར་བརྟེན་ནས་སྤེལ་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཡིན་ན། བྱ་སྤྱོད་སྤེལ་མཁན་གྱིས་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ཞེ་བརྒྱད་པ། ཕྱོགས་གཅིག་གིས་མགོ་སྐོར་གཏོང་ཐབས་ལ་བརྟེན་ནས་ཅིག་ཤོས་ཕྱོགས་ལ་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་དུ་བཅུག་རིགས་ཡིན་ན། མགོ་སྐོར་ཐེབས་མཁན་ཕྱོགས་ཀྱིས་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ལ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག

དོན་བརྒྱ་དང་ཞེ་དགུ་པ། ཕུང་གསུམ་པས་མགོ་སྐོར་གཏོང་ཐབས་ལ་བརྟེན་ནས་ཕྱོགས་གཞན་པར་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་དུ་བཅུག་རིགས་ཡིན་ན། ཕ་རོལ་བའི་ཕྱོགས་ཀྱིས་མགོ་སྐོར་བྱ་སྤྱོད་དེ་ཤེས་པའམ་ཤེས་དགོས་པ་ཡིན་ན། མགོ་སྐོར་ཐེབས་མཁན་ཕྱོགས་ཀྱིས་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ལ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ལྔ་བཅུ་པ། ཕྱོགས་གཅིག་གམ་ཕུང་གསུམ་པས་བཙན་སྐུལ་གྱི་ཐབས་ལ་བརྟེན་ནས་ཕ་རོལ་བའི་ཕྱོགས་ལ་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་དུ་བཅུག་རིགས་ཡིན་ན། བཙན་སྐུལ་ཐེབས་པའི་ཕྱོགས་ཀྱིས་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ལ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ང་གཅིག་པ། ཕྱོགས་གཅིག་གིས་ཕ་རོལ་བའི་ཕྱོགས་དཀའ་ཉེན་གྱི་གནས་ལ་གྱར་བ་དང་བརྡར་ཤ་གཅོད་ནུས་མེད་པར་གྱུར་པ་སོགས་ཀྱི་གནས་ཚུལ་ལ་བརྟེན་ནས། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་གྲུབ་པའི་སྐབས་ནས་དྲང་གཞག་ཤོར་བ་ཡིན་ན། གནོད་འཚེ་ཕོག་མཁན་ཕྱོགས་གྱིས་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ལ་རྩིས་མེད་དུ་གཏོང་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་ང་གཉིས་པ། གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན། ཕྱིར་འཐེན་བྱེད་དབང་མེད་པར་གྱུར་པ་སྟེ། དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཡང་ན་ཤེས་དགོས་པའི་ཉིན་མོ་ནས་ལོ་གཅིག་གི་ནང་ཚུན་དང་། གོ་ནོར་ཆེན་པོ་ཐེབས་སྐྱོན་ཕོག་པའི་དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཡང་ན་ཤེས་དགོས་པའི་ཉིན་མོ་ནས་ཟླ་བ་གསུམ་གྱི་ནང་ཚུན་ཕྱིར་འཐེན་བྱེད་དབང་མ་སྤྱད་པ་དང་། དོ་བདག་ལ་བཙན་སྐུལ་ཐེབས་ན། བཙན་སྐུལ་གྱི་བྱ་སྤྱོད་སྤེལ་མཚམས་བཞག་པའི་ཉིན་མོ་ནས་ལོ་གཅིག་གི་ནང་ཚུན་ཕྱིར་འཐེན་དབང་ཆ་མ་སྤྱད་པ། དོ་བདག་གིས་ཕྱིར་འཐེན་གྱི་དོན་རྩ་ཤེས་པའི་རྗེས་སུ་ཕྱིར་འཐེན་བྱེད་དབང་འདོར་རྒྱུ་གསལ་པོར་མཚོན་པའམ་ཡང་ན་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་གསལ་སྟོན་བྱས་པ་བཅས་སོ། དོ་བདག་གིས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་གྲུབ་པའི་ཉིན་མོ་ནས་ལོ་ལྔའི་ནང་ཚུན་ཕྱིར་འཐེན་བྱེད་དབང་མ་སྤྱད་ན། ཕྱིར་འཐེན་བྱེད་དབང་མེད་པར་གྱུར་པ་ཡིན།

དོན་ཚན་བརྒྱ་དང་ང་གསུམ་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་དུ་འཁོད་པའི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་ལ་ཕན་ནུས་མེད། འོན་ཀྱང་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དེའི་རྐྱེན་གྱིས་དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་ཕན་ནུས་མེད་པར་འགྱུར་རིགས་ཕུད་རྒྱུ། སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་དམངས་དོན་ཁྲིམས་འབྲེལ་བྱ་སྤྱོད་ལ་ཕན་ནུས་མེད།

དོན་ཚན་བརྒྱ་དང་ང་བཞི་པ། བྱ་སྤྱོད་སྤེལ་མཁན་དང་བལྟོས་ཟླའི་མི་ཕྱོགས་གཉིས་ཀྱིས་སེམས་ངན་ལྐོག་འབྲེལ་བྱས་ནས། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བར་ནུས་ཆོད་མི་ལྡན།

དོན་ཚན་བརྒྱ་དང་ང་ལྔ་པ། ནུས་ཆོད་མི་ལྡན་པའམ་ཡང་ན་རྩིས་མེད་དུ་བཏང་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ཐོག་མ་ཉིད་ནས་བཅའ་ཁྲིམས་ཀྱི་གཅུན་ནུས་མེད།

དོན་ཚན་བརྒྱ་དང་ང་དྲུག་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཆ་ཤས་ལ་ནུས་ཆོད་མི་ལྡན་པ་དེས་ཆ་ཤས་གཞན་ལ་ནུས་ཆོད་ལྡན་པར་ཤུགས་རྐྱེན་མི་ཐེབས་ན། ཆ་ཤས་གཞན་ལ་སྔར་བཞིན་ནུས་ཆོད་ལྡན་པ་ཡིན།

དོན་ཚན་བརྒྱ་དང་ང་བདུན་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ནུས་ཆོད་མེད་པ་དང་། ནུས་ཆོད་ཕྱིར་འཐེན་བྱས་པའམ་ཡང་ན་ནུས་ཆོད་མི་འཐོན་པར་གཏན་འཁེལ་བྱས་མཐར། བྱ་སྤྱོད་སྤེལ་མཁན་གྱིས་བྱ་སྤྱོད་དེར་བརྟེན་ནས་ཐོབ་པའི་རྒྱུ་ནོར་ཕྱིར་སློག་བྱེད་དགོས། ཕྱིར་སློག་མི་ཐུབ་པའམ་ཡང་ན་ཕྱིར་སློག་པའི་དགོས་པ་མེད་རིགས་ཡིན་ན། དངུལ་ལ་ཕབ་ནས་སྐྱིན་ཚབ་སྤྲོད་དགོས། ནོར་འཁྲུལ་ཡོད་མཁན་ཕྱོགས་ཀྱིས་ཕ་རོལ་བའི་ཕྱོགས་ལ་དེའི་རྐྱེན་ལས་གྱོང་གུན་བྱུང་བ་དེ་སྐྱིན་ཚབ་སྤྲོད་དགོས། ཕྱོགས་ཚང་མར་ནོར་འཁྲུལ་ཡོད་ན་སོ་སོས་དེ་དང་མཚུངས་པའི་ཁག་འགན་འཁུར་དགོས། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

ལེའུ་བཞི་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ཟུར་དུ་བཀོད་པའི་ཆ་རྐྱེན་དང་དུས་བཅད།

དོན་ཚན་བརྒྱ་དང་ང་བརྒྱད་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ཆ་རྐྱེན་ཟུར་དུ་བཀོད་ཆོག ཡིན་ནའང་དེའི་ངོ་བོ་ལྟར་ཆ་རྐྱེན་ཟུར་དུ་བཀོད་མི་འཐུས་པའི་གྲས་ཕུད། ནུས་ཆོད་ཐོན་པའི་ཆ་རྐྱེན་ཟུར་དུ་བཀོད་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་གྲུབ་པའི་དུས་ནས་ནུས་ཆོད་ཐོན་པ་ཡིན། མེད་པར་བཟོ་བའི་ཆ་རྐྱེན་ཟུར་དུ་བཀོད་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ནུས་ཆོད་དེ་ཆ་རྐྱེན་འཛོམས་པའི་དུས་ནས་མེད་པར་གྱུར་པ་ཡིན།

དོན་ཚན་བརྒྱ་དང་ང་དགུ་པ། དོ་བདག་གིས་རང་གི་ཁེ་ཕན་གྱི་ཆེད་དུ་ཚུལ་མིན་ཐོག་ནས་ཆ་རྐྱེན་ཟུར་དུ་བཀོད་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་ཆ་རྐྱེན་འཛོམས་སུ་མི་འཇུག་པའི་རིགས་ཡིན་ན། ཆ་རྐྱེན་འཛོམས་པར་བརྩི་རྒྱུ། ཚུལ་མིན་ཐོག་ནས་ཆ་རྐྱེན་འཛོམས་སུ་བཅུག་པའི་རིགས་ཡིན་ན། ཆ་རྐྱེན་མི་འཛོམ་པར་བརྩི་རྒྱུ།

དོན་ཚན་བརྒྱ་དང་དྲུག་ཅུ་པ། དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ལ་དུས་བཅད་ཟུར་དུ་བཀོད་ཆོག ཡིན་ནའང་དེའི་ངོ་བོ་ལྟར་དུས་བཅད་ཟུར་དུ་བཀོད་མི་རུང་བའི་གྲས་ཕུད།  ནུས་ཆོད་ཐོན་པའི་དུས་བཅད་ཟུར་དུ་བཀོད་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཡིན་ན། དུས་བཅད་ཀྱི་འགོ་བརྩམས་པའི་དུས་ནས་ནུས་ཆོད་ཐོན་པ་ཡིན། མཇུག་སྒྲིལ་བའི་དུས་བཅད་ཟུར་དུ་བཀོད་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཡིན་ན། དུས་བཅད་གཙང་བའི་དུས་ནས་གོ་མི་ཆོད་པར་གྱུར་པ་ཡིན།

10 ས་བཅད་བདུན་པ། ངོ་ཚབ།

ལེའུ་དང་པོ། གཏན་འབེབས་སྤྱིར་བཏང་བ།

དོན་ཚན་བརྒྱ་དང་རེ་གཅིག་པ། དམངས་དོན་གྱི་བྱེད་པོས་ངོ་ཚབ་བརྒྱུད་ནས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་ཆོག ཁྲིམས་སུ་བཀོད་པ་དང་དོ་བདག་བར་ཁ་ཆད་བཞག་པའམ་ཡང་ན་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཀྱི་ངོ་བོ་བཅས་དང་བསྟུན་ནས། དོ་བདག་གིས་དངོས་སུ་སྤེལ་དགོས་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་ཡིན་ན་ངོ་ཚབ་བྱེད་མི་ཆོག

དོན་ཚན་བརྒྱ་དང་རེ་གཉིས་པ། ངོ་ཚབ་པས་ངོ་ཚབ་ཀྱི་དབང་མཚམས་ནང་ངོ་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བ་ཡིན་ན། ངོ་ཚབ་བྱ་ཡུལ་ལ་ནུས་ཆོད་ཐོན་པ་ཡིན།

དོན་ཚན་བརྒྱ་དང་རེ་གསུམ་པ། ངོ་ཚབ་ལ་མངགས་བཅོལ་ངོ་ཚབ་དང་ཁྲིམས་བཀོད་ངོ་ཚབ་གཉིས་ཚུད་ཡོད། མངགས་བཅོལ་ངོ་ཚབ་པས་ངོ་ཚབ་བྱ་ཡུལ་གྱི་མངགས་བཅོལ་ལྟར་ངོ་ཚབ་དབང་ཆ་སྤྱོད་དགོས། ཁྲིམས་བཀོད་ངོ་ཚབ་པས་བཅས་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ངོ་ཚབ་དབང་ཆ་སྤྱོད་དགོས།

དོན་ཚན་བརྒྱ་དང་རེ་བཞི་པ། ངོ་ཚབ་པས་ངོ་ཚབ་བྱེད་འགན་མི་འཁུར་བའམ་ཡང་ན་ངོ་ཚབ་བྱེད་འགན་ཆ་ཚང་མི་འཁུར་བའི་རྐྱེན་གྱིས་ངོ་ཚབ་བྱ་ཡུལ་ལ་གནོད་འཚེ་ཕོག་ན། དམངས་དོན་གྱི་ཁག་འགན་འཁུར་དགོས། ངོ་ཚབ་པ་དང་ཕུང་གསུམ་པས་སེམས་ངན་ལྐོག་འབྲེལ་གྱིས་ངོ་ཚབ་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་ཕན་ལ་གནོད་འཚེ་བཏང་ན། ངོ་ཚབ་པ་དང་བལྟོས་བཅས་ཕུང་གསུམ་པས་ཞོར་འབྲེལ་ཁག་འགན་འཁུར་དགོས།

ལེའུ་གཉིས་པ། མངགས་བཅོལ་ངོ་ཚབ།

དོན་ཚན་བརྒྱ་དང་རེ་ལྔ་པ། མངགས་བཅོལ་ངོ་ཚབ་ལ་ཡིག་ཐོག་ནས་དབང་བསྐུར་བ་ཡིན་ན ། དབང་ཆ་བཅོལ་ཡིག་ནང་ངོ་ཚབ་པའི་རུས་མིང་ངམ་མིང་རྟགས་དང་། ངོ་ཚབ་དོན་དག དབང་མཚམས་དང་དུས་བཅད་བཅས་གསལ་པོར་འགོད་དགོས་པ་མ་ཟད། ད་དུང་ངོ་ཚབ་བྱ་ཡུལ་གྱིས་མིང་འགོད་པའམ་ཡང་ན་ཐམ་ཀ་རྒྱག་དགོས།

དོན་ཚན་བརྒྱ་དང་རེ་དྲུག་པ། མངག་བཅོལ་དོན་དག་གཅིག་ལ་ངོ་ཚབ་མི་འགའ་ཡོད་ན། དོ་བདག་བར་ཁ་ཆད་གཞན་བཞག་ཡོད་པ་ཕུད། ཐུན་མོང་ཐོག་ངོ་ཚབ་དབང་ཆ་སྤྱོད་དགོས།

དོན་ཚན་བརྒྱ་དང་རེ་བདུན་པ། ངོ་ཚབ་པས་ངོ་ཚབ་བྱེད་པའི་དོན་དག་ཁྲིམས་དང་འགལ་ཚུལ་ཤེས་པའམ་ཡང་ན་ཤེས་དགོས་ཀྱང་སྔར་བཞིན་ངོ་ཚབ་བྱ་སྤྱོད་སྤེལ་བ་དང་། ཡང་ན་ངོ་ཚབ་བྱ་ཡུལ་གྱིས་ངོ་ཚབ་པའི་ངོ་ཚབ་བྱ་སྤྱོད་ཁྲིམས་དང་འགལ་ཚུལ་ཤེས་པའམ་ཡང་ན་ཤེས་དགོས་ཀྱང་ངོ་རྒོལ་མ་བྱས་ན། ངོ་ཚབ་བྱ་ཡུལ་དང་ངོ་ཚབ་པ་གཉིས་ཀས་ཞོར་འབྲེལ་གྱི་ཁག་འགན་འཁུར་དགོས།

དོན་ཚན་བརྒྱ་དང་རེ་བརྒྱད་པ། ངོ་ཚབ་པས་ངོ་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་རང་གི་ཆེད་དུ་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་མི་ཆོག ཡིན་ན་ཡང་ངོ་ཚབ་བྱ་ཡུལ་གྱིས་ཁས་བླངས་པའམ་ཡང་ན་རྗེས་སུ་ཁས་བླངས་རིགས་དེའི་ནང་མི་ཚུད། ངོ་ཚབ་པས་ངོ་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་རང་གིས་དུས་གཅིག་ཏུ་ངོ་ཚབ་བྱེད་པའི་མི་གཞན་གྱི་ཆེད་དུ་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་མི་ཆོག ཡིན་ན་ཡང་ངོ་ཚབ་བྱ་ཡུལ་ཕྱོགས་གཉིས་ཀས་ཁས་བླངས་པའམ་ཡང་ན་རྗེས་སུ་ཁས་བླངས་རིགས་དེའི་ནང་མི་ཚུད།

དོན་ཚན་བརྒྱ་དང་རེ་དགུ་པ། ངོ་ཚབ་པས་ཕུང་གསུམ་པར་མངགས་བཅོལ་ངོ་ཚབ་ཀྱི་འགན་སྤོ་སྒྱུར་བྱེད་དགོས་བྱུང་ན། ངོ་ཚབ་བྱ་ཡུལ་གྱིས་ཁས་ལེན་པར་བྱེད་པའམ་ཡང་ན་རྗེས་སུ་ཁས་ལེན་པར་བྱེད་དགོས། མངགས་བཅོལ་ངོ་ཚབ་ཀྱི་འགན་སྤོ་སྒྱུར་བྱ་རྒྱུར་ངོ་ཚབ་བྱ་ཡུལ་གྱིས་ཁས་བླངས་པའམ་ཡང་ན་རྗེས་སུ་ཁས་བླངས་ན། ངོ་ཚབ་བྱ་ཡུལ་གྱིས་ངོ་ཚབ་བྱ་དོན་ལ་དམིགས་ནས་མངག་བཅོལ་སྤོ་སྒྱུར་བྱེད་སའི་ཕུང་གསུམ་པར་ཐད་ཀར་བཀའ་སློབ་གནང་ཆོག ངོ་ཚབ་པས་ཕུང་གསུམ་པ་འདེམས་བསྐོ་བྱ་རྒྱུ་དང་ཕུང་གསུམ་པར་གནང་བའི་བཀའ་སློབ་ཁོ་ནའི་ཐད་ལས་འགན་འཁུར་མི་དགོས། མངག་བཅོལ་ངོ་ཚབ་ཀྱི་འགན་སྤོ་སྒྱུར་བྱ་རྒྱུར་ངོ་ཚབ་བྱ་ཡུལ་གྱིས་ཁས་མ་བླངས་པའམ་ཡང་ན་རྗེས་སུ་ཁས་མ་བླངས་པ་ཡིན་ན། ངོ་ཚབ་པས་མངགས་བཅོལ་སྤོ་སྒྱུར་བྱེད་སའི་ཕུང་གསུམ་པའི་བྱ་སྤྱོད་ལ་འགན་འཁུར་དགོས། ཡིན་ན་ཡང་ཛ་དྲག་ཆེ་བའི་གནས་ཚུལ་འོག་ངོ་ཚབ་པས་ངོ་ཚབ་བྱ་ཡུལ་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཕུང་གསུམ་པར་མངགས་བཅོལ་ངོ་ཚབ་ཀྱི་འགན་སྤོ་སྒྱུར་བྱེད་དགོས་རིགས་དེའི་ནང་མི་ཚུད།

དོན་ཚན་བརྒྱ་དང་བདུན་ཅུ་པ། ལག་བསྟར་ཁྲིམས་མི་དང་ཡང་ན་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་ལས་འགན་སྒྲུབ་མཁན་མི་སྣས་སོ་སོའི་འགན་དབང་གི་ཁྱབ་ཁོངས་ནང་གི་དོན་དག་སྒྲུབ་ཆེད། ཁྲིམས་མིའམ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་མིང་ཐོག་ནས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་ན། ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་ནུས་ཆོད་ཐོན་པ་ཡིན། ཁྲིམས་མིའམ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་དེའི་ལས་འགན་སྒྲུབ་པའི་མི་སྣའི་འགན་དབང་གི་ཁྱབ་ཁོངས་ལ་ཚོད་འཛིན་བྱེད་སྐབས། སེམས་བཟང་གི་བལྟོས་ཟླའི་མིར་འགྲན་རྒོལ་བྱས་མི་ཆོག

དོན་ཚན་བརྒྱ་དང་དོན་གཅིག་པ། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་དབང་ཆ་དང་ངོ་ཚབ་བྱེད་དབང་ལས་བརྒལ་བའི་དབང་ཆ་མེད་པའམ་ཡང་ན་ངོ་ཚབ་དབང་ཆ་འཛིན་མཚམས་བཞག་རྗེས་སྔར་བཞིན་ངོ་ཚབ་བྱ་སྤྱོད་སྤེལ་རུང་། ངོ་ཚབ་བྱ་ཡུལ་གྱིས་དེར་རྗེས་སུ་ཁས་མ་བླངས་ན། ངོ་ཚབ་བྱ་ཡུལ་ལ་ནུས་ཆོད་མི་ཐོན་པ་ཡིན། བལྟོས་ཟླའི་མིས་ངོ་ཚབ་བྱ་ཡུལ་ལ་བརྡ་ཐོ་འབྱོར་ཉིན་ནས་ཟླ་བ་གཅིག་གི་ནང་ཚུན་རྗེས་སུ་ཁས་ལེན་ཡོང་བའི་སྐུལ་བརྡ་བཏང་ཆོག ངོ་ཚབ་བྱ་ཡུལ་གྱིས་ལན་མ་སྟེར་ན་རྗེས་སུ་ཁས་མ་བླངས་པར་བརྩི་རྒྱུ། བྱ་སྤྱོད་སྤེལ་མཁན་གྱིས་སྤེལ་བའི་བྱ་སྤྱོད་ལ་རྗེས་སུ་ཁས་ལེན་མ་བྱས་གོང་། སེམས་བཟང་གི་བལྟོས་ཟླའི་མིར་ཕྱིར་འཐེན་བྱེད་དབང་ཡོད། ཕྱིར་འཐེན་ནང་དོན་དེ་བརྡ་ཐོའི་ཐོག་ནས་གཏོང་དགོས། བྱ་སྤྱོད་སྤེལ་མཁན་གྱིས་སྤེལ་བའི་བྱ་སྤྱོད་ལ་རྗེས་སུ་ཁས་ལེན་མ་བྱས་ན། སེམས་བཟང་གི་བལྟོས་ཟླའི་མིས་བྱ་སྤྱོད་སྤེལ་མཁན་ལ་བུ་ལོན་འཇལ་འགན་འཁུར་རེ་ཞུ་བའམ་ཡང་ན་རང་ལ་ཐེབས་པའི་གྱོང་གུན་དེ་ངོ་ཚབ་བྱེད་དབང་མེད་པའི་མིར་སྐྱིན་ཚབ་སྤྲོད་རོགས་ཞུས་ཆོག ཡིན་ན་ཡང་སྐྱིན་ཚབ་སྤྲོད་ཚད་དེ་ངོ་ཚབ་བྱ་ཡུལ་ལ་རྗེས་སུ་ཁས་བླངས་ཚེ་བལྟོས་ཟླའི་མིར་ཐོབ་ཐུབ་པའི་ཁེ་ཕན་ལས་བརྒལ་མི་རུང་། བལྟོས་ཟླའི་མི་ཡིས་བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་མེད་ལུགས་ཤེས་པའམ་ཡང་ན་ཤེས་དགོས་རིགས་ཡིན་ན། བལྟོས་ཟླའི་མི་དང་བྱ་སྤྱོད་སྤེལ་མཁན་གཉིས་ཀས་སོ་སོའི་ནོར་འཁྲུལ་དང་མཚུངས་པའི་ཁག་འགན་འཁུར་དགོས།

དོན་ཚན་བརྒྱ་དང་དོན་གཉིས་པ། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་དབང་ཆ་དང་ངོ་ཚབ་བྱེད་དབང་ལས་བརྒལ་བའི་དབང་ཆ་མེད་པའམ་ཡང་ན་ངོ་ཚབ་དབང་ཆ་སྤེལ་མཚམས་བཞག་རྗེས་སྔར་བཞིན་ངོ་ཚབ་བྱ་སྤྱོད་སྤེལ་བཞིན་ཡོད་པས། བལྟོས་ཟླའི་མིས་བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་ཡོད་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད་ན། ངོ་ཚབ་བྱ་སྤྱོད་ལ་ནུས་ཆོད་ལྡན་པ་ཡིན།

ལེའུ་གསུམ་པ། ངོ་ཚབ་བྱེད་མཚམས་འཇོག་པ།

དོན་ཚན་བརྒྱ་དང་དོན་གསུམ་པ། གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན། མངགས་བཅོལ་ངོ་ཚབ་བྱེད་མཚམས་འཇོག་རྒྱུ་སྟེ། ངོ་ཚབ་བྱེད་ཡུན་ཐིམ་པའམ་ཡང་ན་ངོ་ཚབ་དོན་དག་བསྒྲུབས་ཟིན་པ་དང་། ངོ་ཚབ་བྱ་ཡུལ་གྱིས་མངག་བཅོལ་རྩིས་མེད་དུ་བཏང་བའམ་ཡང་ན་ངོ་ཚབ་པས་མངག་བཅོལ་རྩ་དགོངས་ཞུས་པ། ངོ་ཚབ་པར་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཤོར་བ། ངོ་ཚབ་པའམ་ངོ་ཚབ་བྱ་ཡུལ་ཤི་བ། ངོ་ཚབ་པའམ་ངོ་ཚབ་བྱ་ཡུལ་ཡིན་པའི་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་འཛུགས་མཚམས་བཞག་པ་བཅས་སོ། །

དོན་ཚན་བརྒྱ་དང་དོན་བཞི་པ། ངོ་ཚབ་བྱ་ཡུལ་ཤི་རྗེས་གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན། མངགས་བཅོལ་ངོ་ཚབ་པས་སྤེལ་བའི་ངོ་ཚབ་བྱ་སྤྱོད་ལ་ནུས་ཆོད་ལྡན་ཡོད་དེ། ངོ་ཚབ་པས་ངོ་ཚབ་བྱ་ཡུལ་ཤི་ཟིན་པ་མི་ཤེས་ལ་ཤེས་ཀྱང་མི་སྲིད་པ་དང་། ངོ་ཚབ་བྱ་ཡུལ་གྱི་ཤུལ་འཛིན་པ་ཚང་མས་ཁས་བླངས་པ། དབང་ཆ་བཅོལ་ཡིག་ནང་དུ་ངོ་ཚབ་དོན་དག་བསྒྲུབས་ཟིན་རྗེས་ངོ་ཚབ་བྱེད་དབང་མཇུག་བསྒྲིལ་བ་གསལ་པོར་བཀོད་པ། ངོ་ཚབ་བྱ་ཡུལ་མ་ཤི་གོང་ནས་སྤེལ་ཟིན་པ་དང་། ངོ་ཚབ་བྱ་ཡུལ་གྱི་ཤུལ་འཛིན་པའི་ཁེ་ཕན་གྱི་ཆེད་དུ་མུ་མཐུད་དུ་ངོ་ཚབ་བྱེད་པ་བཅས་སོ། ངོ་ཚབ་བྱ་ཡུལ་གྱི་ཁྲིམས་མིའམ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཛུགས་མཚམས་བཞག་པའི་རིགས་ལ་དོན་ཚན་གོང་མའི་གཏན་འབེབས་དཔྱད་གཞིར་སྤྱད་འཐུས།

དོན་ཚན་བརྒྱ་དང་དོན་ལྔ་པ། གཤམ་གསལ་གནས་ཚུལ་གང་རུང་གཅིག་བྱུང་ན། ཁྲིམས་བཀོད་ངོ་ཚབ་བྱེད་མཚམས་བཞག་པ་སྟེ། ངོ་ཚབ་བྱ་ཡུལ་ལ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཐོབ་པའམ་ཡང་ན་སླར་གསོ་བྱུང་བ་དང་། ངོ་ཚབ་པའི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཤོར་བ། ངོ་ཚབ་པའམ་ངོ་ཚབ་བྱ་ཡུལ་ཤི་བ། ཁྲིམས་དུ་བཀོད་པའི་གནས་ཚུལ་གཞན་དག་བཅས་སོ། །

11 ས་བཅད་བརྒྱད་པ། དམངས་དོན་གྱི་ཁག་འགན།

དོན་ཚན་བརྒྱ་དང་དོན་དྲུག་པ། དམངས་དོན་གྱི་བྱེད་པོས་བཅའ་ཁྲིམས་ནང་འཁོད་གཏན་འབེབས་དང་དོ་བདག་བར་གྱི་ཁ་ཆད་ལྟར་དམངས་དོན་གྱི་འོས་འགན་བསྒྲུབ་རྒྱུ་དང་། དམངས་དོན་གྱི་ཁག་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་དོན་བདུན་པ། མི་གཉིས་ཡན་གྱིས་ཁྲིམས་ལྟར་རང་བབས་ཁག་འགན་འཁུར་དགོས་སྐབས། སོ་སོས་འཁུར་དགོས་པའི་ཁག་འགན་ཆེ་ཆུང་གཏན་འཁེལ་བྱེད་ཐུབ་ན། སོ་སོས་དེ་དང་མཚུངས་པའི་ཁག་འགན་འཁུར་དགོས། སོ་སོའི་ཁག་འགན་ཆེ་ཆུང་གཏན་འཁེལ་མི་ཐུབ་ན། སོ་སོས་ཆ་སྙོམས་ཀྱིས་ཁག་འགན་འཁུར་དགོས།

དོན་ཚན་བརྒྱ་དང་དོན་བརྒྱད་པ། མི་གཉིས་ཡན་གྱིས་ཁྲིམས་ལྟར་ཞོར་འབྲེལ་གྱི་ཁག་འགན་འཁུར་དགོས་ན། ཁེ་དབང་འཛིན་མཁན་གྱིས་ཁག་འགན་ཆ་ཤས་སམ་ཡང་ན་ཡོངས་རྫོགས་ཞོར་འབྲེལ་ཁག་འགན་འཁུར་མཁན་གྱིས་འཁུར་དགོས་པའི་རེ་འདུན་ཞུས་ཆོག ཞོར་འབྲེལ་གྱི་ཁག་འགན་འཁུར་མཁན་གྱི་ཁག་འགན་འཁུར་སྐལ་དེ་སོ་སོའི་ཁག་འགན་ཆེ་ཆུང་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། ཁག་འགན་ཆེ་ཆུང་གཏན་འཁེལ་བྱེད་དཀའ་མོ་ཡོད་ཚེ་སོ་སོས་ཆ་སྙོམས་ཀྱིས་ཁག་འགན་འཁུར་དགོས། ཞོར་འབྲེལ་གྱི་ཁག་འགན་འཁུར་མཁན་གྱིས་ཁག་འགན་དངོས་སུ་འཁུར་བ་དེ་རང་ཉིད་ཀྱི་འཁུར་སྐལ་ལས་བརྒལ་བ་ཡིན་ན། ཞོར་འབྲེལ་གྱི་ཁག་འགན་འཁུར་མཁན་གཞན་དག་ལ་སྐྱིན་ཚབ་བདའ་འདེད་བྱས་ཆོག

ཞོར་འབྲེལ་གྱི་ཁག་འགན་ནི་བཅའ་ཁྲིམས་ཐོག་གཏན་འབེབས་བྱ་རྒྱུའམ་ཡང་ན་དོ་བདག་བར་ཁ་དན་འཇོག་རྒྱུ།

དོན་ཚན་བརྒྱ་དང་དོན་དགུ་པ། དམངས་དོན་གྱི་ཁག་འགན་འཁུར་སྟངས་གཙོ་བོ་འདི་ལྟར་ཡོད་པ་སྟེ། གནོད་འཚེ་གཏོང་མཚམས་འཇོག་པ་དང་། འགོག་རྐྱེན་སེལ་བ། ཉེན་ཁ་སེལ་བ། རྒྱུ་ནོར་ཕྱིར་སློག རང་འཇགས་སོར་ཆུད། བཟོ་བཅོས་དང་། བསྐྱར་བཟོ། བརྗེ་ལེན། མུ་མཐུད་ལག་ལེན་དུ་བསྟར་བ། གྱོང་གུན་གསབ་པ། ཆིངས་འགལ་དངུལ་ཆད་སྤྲོད་པ། གནོད་པ་སེལ་བ་དང་མིང་གྲགས་སླར་གསོ། དགོངས་དག་ཞུ་བ་བཅས་སོ། ། བཅའ་ཁྲིམས་སུ་ཆད་གཅོད་རང་བཞིན་གྱི་གུན་གསབ་བྱེད་དགོས་ལུགས་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས། དོན་ཚན་འདིར་གཏན་ལ་ཕབ་པའི་དམངས་དོན་གྱི་ཁག་འགན་འཁུར་སྟངས་དེ་ཐ་དད་དུ་སྤྱད་ཆོག་ལ། མཉམ་སྒྲིལ་བྱས་ནས་སྤྱད་ན་ཆོག

དོན་ཚན་བརྒྱ་དང་བརྒྱད་ཅུ་པ། འགོག་ཐབས་བྲལ་བའི་རྐྱེན་ངན་གི་དབང་གིས་དམངས་དོན་གྱི་ཁག་འགན་འཁུར་མི་ཐུབ་ན་དམངས་དོན་གྱི་ཁག་འགན་འཁུར་མི་དགོས། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས་། འགོག་ཐབས་བྲལ་བའི་རྐྱེན་ངན་ཞེས་པ་ནི་སྔོན་དཔག་མི་ཐུབ་པ་དང་གཡོལ་ཐབས་མེད་པ་མ་ཟད་ཁྱད་བསད་ཀྱང་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལ་ཟེར།

དོན་ཚན་བརྒྱ་དང་གྱ་གཅིག་པ། ལུགས་མཐུན་འགོག་སྲུང་གི་རྐྱེན་པས་གནོད་སྐྱོན་བཟོས་ན་དམངས་དོན་གྱི་ཁག་འགན་འཁུར་མི་དགོས། ལུགས་མཐུན་འགོག་སྲུང་དེ་དགོས་ངེས་ཀྱི་ཚད་ལས་བརྒལ་བས་བཟོ་མི་སྲིད་པའི་གནོད་སྐྱོན་བཟོས་ན། ལུགས་མཐུན་འགོག་སྲུང་བྱེད་མཁན་གྱིས་དམངས་དོན་གྱི་ཁག་འགན་འོས་འཚམ་ཞིག་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་གཉིས་པ། འཕྲལ་མར་ཉེན་གཡོལ་གྱི་རྐྱེན་པས་གནོད་སྐྱོན་བཟོས་ན། ཉེན་ཆེའི་གནས་ཚུལ་སློང་མཁན་གྱིས་དམངས་དོན་གྱི་ཁག་འགན་འཁུར་དགོས། ཉེན་ཁ་ནི་རང་བྱུང་གི་རྐྱེན་པས་བྱུང་བ་ཡིན་ན། འཕྲལ་མར་ཉེན་གཡོལ་བྱེད་མཁན་གྱིས་དམངས་དོན་གྱི་ཁག་འགན་འཁུར་མི་དགོས་མོད་གུན་གསབ་འོས་འཚམ་སྤྲད་ཆོག འཕྲལ་མར་ཉེན་གཡོལ་བྱེད་ཐབས་སྤྱོད་པ་མི་འཚམ་པའམ་ཡང་ན་དགོས་ངེས་ཀྱི་ཚད་ལས་བརྒལ་ནས་། ཡོང་མི་སྲིད་པའི་གནོད་སྐྱོན་བཟོས་ན། འཕྲལ་མར་ཉེན་གཡོལ་བྱེད་མཁན་གྱིས་དམངས་དོན་གྱི་ཁག་འགན་འོས་འཚམ་ཞིག་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་གསུམ་པ། མི་གཞན་པའི་དམངས་དོན་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་འཚེ་ཕོག་ན། དབང་གནོད་བྱེད་མཁན་གྱིས་དམངས་དོན་གྱི་ཁག་འགན་འཁུར་དགོས་པ་དང་། ཕན་ཆ་འཐོབ་མཁན་གྱིས་གསབ་དངུལ་འོས་འཚམ་ཀྱང་སྤྲད་ཆོག དབང་གནོད་བྱེད་མཁན་མེད་པ་དང་། དབང་གནོད་བྱེད་མཁན་བྲོས་བྱོལ་དུ་སོང་བའམ་ཡང་ན་དམངས་དོན་གྱི་ཁག་འགན་འཁུར་ནུས་མེད་ཀྱང་། གནོད་འཚེ་ཕོག་མཁན་གྱིས་སྐྱིན་ཚབ་སྤྲོད་རོགས་ཞུས་ན། ཁེ་ཕན་འཐོབ་མཁན་གྱིས་གསབ་དངུལ་འོས་འཚམ་སྤྲོད་དགོས།

དོན་ཚན་བརྒྱ་དང་གྱ་བཞི་པ། མ་བསྐུལ་དང་བླངས་ཐོག་ནས་མྱུར་སྐྱོབ་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་མྱུར་སྐྱོབ་བྱ་ཡུལ་ལ་གནོད་སྐྱོན་བཟོས་ན། མྱུར་སྐྱོབ་བྱེད་མིས་དམངས་དོན་གྱི་ཁག་འགན་འཁུར་མི་དགོས། མྱུར་སྐྱོབ་བྱ་ཡུལ་གྱིས་མྱུར་སྐྱོབ་བྱེད་མིར་ལས་འཛོལ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་རང་ལ་ཡོང་མི་སྲིད་པའི་གནོད་སྐྱོན་ཆེན་པོ་བཟོས་པའི་ར་སྤྲོད་བྱེད་ཐུབ་ཡོད་ན། མྱུར་སྐྱོབ་བྱེད་མིས་དམངས་དོན་གྱི་ཁག་འགན་འོས་འཚམ་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་ལྔ་པ། སྐུ་གཤེགས་དཔའ་བོའི་རུས་མིང་དང་། འདྲ་པར། མཚན་སྙན། སྙན་གྲགས་སོགས་ལ་གནོད་འཚེ་བཏང་རིགས་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་སྐྱོན་བཟོས་རིགས་བྱུང་ན། དམངས་དོན་གྱི་ཁྲིམས་འབྲེལ་ཁག་འགན་འཁུར་དགོས།

དོན་ཚན་བརྒྱ་དང་གྱ་དྲུག་པ། དོ་བདག་ཕྱོགས་གཅིག་ལ་ཁ་ཆད་དང་འགལ་བའི་བྱ་སྤྱོད་བྱུང་བའི་དབང་གིས་ཕྱོགས་ཅིག་ཤོས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་ཕོག་ན། གནོད་འཚེ་ཕོག་མཁན་ཕྱོགས་ཀྱིས་གནོད་འཚེ་གཏོང་མཁན་ཕྱོགས་ལ་ཁ་ཆད་དང་འགལ་བའི་ཁག་འགན་ནམ་ཡང་ན་དབང་གནོད་ཁག་འགན་ལས་གཅིག་བདམས་ནས་འཁུར་རོགས་ཞུས་ཆོག

དོན་ཚན་བརྒྱ་དང་གྱ་བདུན་པ། དམངས་དོན་གྱི་བྱེད་པོས་བྱ་སྤྱོད་གཅིག་གི་རྐྱེན་པས་དམངས་དོན་གྱི་ཁག་འགན་དང་། སྲིད་འཛིན་གྱི་ཁག་འགན། ཉེས་དོན་གྱི་ཁག་འགན་བཅས་འཁུར་དགོས་ན། སྲིད་འཛིན་གྱི་ཁག་འགན་ནམ་ཉེས་དོན་གྱི་ཁག་འགན་གང་རུང་ཁུར་ན་དམངས་དོན་གྱི་ཁག་འགན་འཁུར་བར་ཤུགས་རྐྱེན་མི་ཐེབས་པ་ཡིན། དམངས་དོན་གྱི་བྱེད་པོའི་རྒྱུ་ནོར་གྱིས་འཇལ་སྤྲོད་མི་འདང་བ་ཡིན་ན། སྔོན་ལ་དམངས་དོན་གྱི་ཁག་འགན་འཁུར་བར་སྤྱོད་དགོས།

12 ས་བཅད་དགུ་པ། གཏུག་བཤེར་གྱི་དུས་ཆོད།

དོན་ཚན་བརྒྱ་དང་གྱ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་རེ་ཞུ་བའི་གཏུག་གཤེར་གྱི་དུས་ཆོད་ནི་ལོ་གསུམ་ཡིན། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས། གཏུག་བཤེར་བྱས་འཐུས་པའི་དུས་ཚད་ནི་ཁེ་དབང་འཛིན་མཁན་གྱིས་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་དེ་བཞིན་འོས་འགན་འཁུར་མཁན་ཤེས་པའམ་ཡང་ན་ཤེས་དགོས་པའི་ཉིན་མོ་ནས་བརྩི་རྒྱུ། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་ན་གཏན་འབེབས་དེ་དང་བསྟུན་དགོས། ཡིན་ནའང་། ཁེ་དབང་ལ་གནོད་འཚེ་ཕོག་པའི་ཉིན་མོ་ནས་ལོ་ཉི་ཤུ་ལས་བརྒལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོང་མི་བྱེད་པ་ཡིན། དམིགས་བསལ་གྱི་གནས་ཚུལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་འཛིན་མཁན་གྱི་རེ་ཞུ་ལྟར་གཏུག་བཤེར་བྱས་འཐུས་པའི་དུས་ཚད་རིང་དུ་བཏང་ཆོག

དོན་ཚན་བརྒྱ་དང་གྱ་དགུ་པ། དོ་བདག་བར་བུ་ལོན་གཅིག་དུས་བགོས་འཇལ་སྤྲོད་བྱ་རྒྱུའི་ཁ་དན་བཞག་ཡོད་ན། གཏུག་བཤེར་བྱས་འཐུས་པའི་དུས་ཚད་ནི་དུས་བགོས་འཇལ་སྤྲོད་བྱེད་ཡུན་མཐའ་མ་གཙང་བའི་ཉིན་མོ་ནས་བརྩི་རྒྱུ།

དོན་ཚན་བརྒྱ་དང་དགུ་བཅུ་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པའམ་ཡང་ན་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་སྐྱེ་མོས་སོ་སོའི་ཁྲིམས་བཀོད་ངོ་ཚབ་པའི་རེ་ཞུའི་དབང་ཆར་གཏུག་བཤེར་བྱས་འཐུས་པའི་དུས་ཚད་ནི་ཁྲིམས་བཀོད་ངོ་ཚབ་བྱེད་མཚམས་བཞག་པའི་ཉིན་མོ་ནས་བརྩི་རྒྱུ།

དོན་ཚན་བརྒྱ་དང་གོ་གཅིག་པ། ལོ་ན་མ་ལོན་པའི་མིའི་མཚན་མར་བཙན་གནོད་ཕོག་ན། བཙན་གནོད་བཏང་བའི་སྐྱིན་ཚབ་སྤྲོད་རོགས་ཞུ་བའི་གཏུག་བཤེར་བྱས་འཐུས་པའི་དུས་ཚད་ནི། བཙན་གནོད་ཕོག་མཁན་རང་ལོ་བཅོ་བརྒྱད་ཧྲིལ་པོ་སོན་པའི་ཉིན་མོ་ནས་བརྩི་རྒྱུ།

དོན་ཚན་བརྒྱ་དང་གོ་གཉིས་པ། གཏུག་བཤེར་བྱས་འཐུས་པའི་དུས་ཚད་གཙང་རྗེས། འོས་འགན་འཁུར་མཁན་གྱིས་འོས་འགན་མི་འཁུར་བའི་དགག་སྒྲུབ་བྱས་ཆོག གཏུག་བཤེར་བྱས་འཐུས་པའི་དུས་ཚད་གཙང་རྗེས། འོས་འགན་འཁུར་མཁན་གྱིས་འོས་འགན་འཁུར་རྒྱུར་ཁས་བླངས་ཡོད་ན། གཏུག་བཤེར་བྱས་འཐུས་པའི་དུས་ཚད་གཙང་བར་ཁ་གཡར་ནས་དགག་སྒྲུབ་བྱེད་མི་ཆོག འོས་འགན་འཁུར་མཁན་གྱིས་འོས་འགན་མ་བསྐུལ་དང་བླངས་ཀྱིས་འཁུར་བཞིན་ཡོད་ན། རེ་ཞུའི་དབང་ཆ་ཕྱིར་སློག་བྱེད་རོགས་ཞུས་མི་ཆོག

དོན་ཚན་བརྒྱ་དང་གོ་གསུམ་པ། མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་ནས་གཏུག་བཤེར་བྱས་འཐུས་པའི་དུས་ཚད་སྐོར་གྱི་གཏན་འབེབས་སྤྱོད་མི་ཆོག

དོན་ཚན་བརྒྱ་དང་གོ་བཞི་པ། གཏུག་བཤེར་བྱས་འཐུས་པའི་དུས་ཚད་ཀྱི་མཇུག་མཐའི་ཟླ་བ་དྲུག་གི་ནང་དུ། གཤམ་གསལ་འགལ་རྐྱེན་གང་རུང་ཞིག་གི་རྐྱེན་པས་རེ་ཞུའི་དབང་ཆ་སྤྱོད་མི་ཐུབ་ན། གཏུག་བཤེར་བྱས་འཐུས་པའི་དུས་ཆོད་སྤྱོད་མཚམས་རྫོགས་པ་སྟེ།

འགོག་ཐབས་བྲལ་བའི་འགལ་རྐྱེན་དང་། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ལ་ཁྲིམས་བཀོད་ངོ་ཚབ་མེད་པའམ། ཡང་ན་ཁྲིམས་བཀོད་ངོ་ཚབ་ཤི་བ་དང་། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཤོར་བ། ངོ་ཚབ་བྱེད་དབང་ཤོར་བ་བཅས། རྒྱུན་འཛིན་བྱེད་འགོ་ཚུགས་རུང་རྒྱུན་འཛིན་པའམ་ཤུལ་བཞག་དོ་དམ་པ་གཏན་ཁེལ་བྱས་མེད་པ། ཁེ་དབང་འཛིན་མཁན་ལ་འོས་འགན་འཁུར་མཁན་ནམ་ཡང་ན་མི་གཞན་གྱི་ཚོད་འཛིན་ཐེབས་པ། ཁེ་དབང་འཛིན་མཁན་གྱིས་རེ་ཞུའི་དབང་ཆ་སྤྱོད་མི་ཐུབ་པའི་འགལ་རྐྱེན་གཞན་དག་བཅས་སོ། དུས་ཆོད་སྤྱོད་མཚམས་འཇོག་པའི་རྒྱུ་རྐྱེན་སེལ་བའི་ཉིན་མོ་ནས་ཟླ་བ་དྲུག་ཟིན་རྗེས། གཏུག་བཤེར་བྱས་འཐུས་པའི་དུས་ཚད་ཐིམ་པ་ཡིན།

དོན་ཚན་བརྒྱ་དང་གོ་ལྔ་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་ན་གཏུག་བཤེར་གྱི་དུས་ཆོད་སྤྱོད་མཚམས་འཇོག་རྒྱུ་དང་། དུས་ཆོད་སྤྱོད་མཚམས་བཞག་པ་དང་འབྲེལ་ཡོད་བྱ་རིམ་མཇུག་རྫོགས་པའི་དུས་ནས་བཟུང་། གཏུག་བཤེར་བྱས་འཐུས་པའི་དུས་ཚད་བསྐྱར་དུ་བརྩི་རྒྱུ།

ཁེ་དབང་འཛིན་མཁན་གྱིས་འོས་འགན་འཁུར་མཁན་ལ་འོས་འགན་འཁུར་རེ་ཞུ་བ་དང་། འོས་འགན་འཁུར་མཁན་གྱིས་འོས་འགན་འཁུར་རྒྱུར་ཁས་བླངས་པ། ཁེ་དབང་འཛིན་མཁན་གྱིས་ཞུ་གཏུག་བྱེད་པའམ་ཡང་ན་འདུམ་གཅོད་ཡོང་རེ་ཞུ་བ། ཞུ་གཏུག་བྱེད་པའམ་འདུམ་གཅོད་ཡོང་རེ་ཞུ་བ་དང་ནུས་ཆོད་གཅིག་འདྲ་ཡོད་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་བརྒྱ་དང་གོ་དྲུག་པ། གཤམ་གསལ་རེ་ཞུའི་དབང་ཆའི་ཐད་ལ་གཏུག་བཤེར་གྱི་དུས་ཆོད་སྐོར་གྱི་གཏན་འབེབས་སྤྱད་མི་འཐུས་པ་སྟེ།

གནོད་འཚེ་གཏོང་མཚམས་འཇོག་པ་དང་། འགོག་རྐྱེན་སེལ་བ། ཉེན་ཁ་སེལ་བ་བཅས་བྱེད་རོགས་ཞུ་བ་དང་། འགྱུར་མེད་དངོས་པོའི་བདག་དབང་དང་ཐོ་འགོད་བྱས་པའི་འགྱུར་ལྡན་དངོས་པོའི་བདག་དབང་གི་ཁེ་དབང་འཛིན་མཁན་གྱིས་རྒྱུ་ནོར་ཕྱིར་སློག་བྱེད་རོགས་ཞུ་བ། གསོ་སྐྱོང་གི་གྲོན་དངུལ་དང་། བསྙེན་བཀུར་གྱི་གྲོན་དངུལ་ལམ་ཡང་ན་སྙོར་གསོའི་གྲོན་དངུལ་སྤྲོད་རོགས་ཞུ་བ། གཏུག་བཤེར་གྱི་དུས་ཆོད་ཁྲིམས་ལྟར་སྤྱོད་མི་འཐུས་པའི་རེ་ཞུའི་དབང་ཆ་གཞན་དག་བཅས་སོ། །

དོན་ཚན་བརྒྱ་དང་གོ་བདུན་པ། གཏུག་བཤེར་གྱི་དུས་ཆོད་སྤྱོད་པའི་དུས་ཡུན་དང་རྩི་སྟངས་དེ་བཞིན་མཚམས་འཇོག་པ་དང་མཚམས་བཞག་པའི་རྒྱུ་རྐྱེན་ནི་བཅའ་ཁྲིམས་ཐོག་གཏན་འབེབས་བྱས་ཡོད་པས། དོ་བདག་བར་ཁ་ཆད་འཇོག་རིགས་ལ་ནུས་ཆོད་མི་ལྡན། དོ་བདག་གིས་གཏུག་བཤེར་གྱི་དུས་ཆོད་སྤྱོད་པའི་ཁེ་ཕན་སྔོན་ཚུད་ནས་འདོར་རིགས་ལ་ནུས་ཆོད་མི་ལྡན།

དོན་ཚན་ཉིས་བརྒྱ་དང་གོ་བརྒྱད་པ། བཅའ་ཁྲིམས་ཐོག་ཁྲུན་གཅོད་ཀྱི་དུས་ཆོད་ཐད་ལ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས། གཏན་འབེབས་བྱས་མེད་ན་གཏུག་བཤེར་གྱི་དུས་ཆོད་ཐད་ཀྱི་གཏན་འབེབས་སྤྱད་འཐུས།

དོན་ཚན་བརྒྱ་དང་གོ་དགུ་པ། བཅའ་ཁྲིམས་ཐོག་གཏན་འབེབས་བྱས་པའམ་ཡང་ན་དོ་བདག་བར་ཁ་ཆད་བཞག་པའི་ཕྱིར་འཐེན་བྱེད་དབང་དང་རྩིས་མེད་དུ་གཏོང་དབང་སོགས་ཁེ་དབང་གི་སོར་གནས་དུས་ཚད་དེ། བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད། ཁེ་དབང་འཛིན་མཁན་གྱིས་ཁེ་དབང་གི་ནུས་ཆོད་ཐོན་པ་ཤེས་པའམ་ཤེས་དགོས་པའི་ཉིན་མོ་ནས་བརྩི་རྒྱུ། གཏུག་བཤེར་གྱི་དུས་ཆོད་སྤྱོད་མཚམས་བཅད་པ་དང་བཞག་པ། རིང་དུ་གཏོང་བ་བཅས་ཐད་ཀྱི་གཏན་འབེབས་སྤྱོད་མི་འཐུས། སོར་གནས་དུས་ཚད་ཐིམ་ན། ཕྱིར་འཐེན་བྱེད་དབང་དང་རྩིས་མེད་དུ་གཏོང་དབང་སོགས་པའི་ཁེ་དབང་སྤྱོད་མཚམས་རྫོགས་པའོ། །

13 ས་བཅད་བཅུ་པ། དུས་ཚད་བརྩི་སྟངས།

དོན་ཚན་ཉིས་བརྒྱ་པ། དམངས་ཁྲིམས་སུ་བཀོད་པའི་དུས་ཚད་ནི་སྤྱི་རྩིས་ཀྱི་ལོ་དང་། ཟླ་བ། ཉི་མ། ཆུ་ཚོད་བཅས་ལྟར་བརྩི་རྒྱུ།

དོན་ཚན་ཉིས་བརྒྱ་དང་གཅིག ལོ་དང་། ཟླ་བ། ཉི་མ་བཅས་ལྟར་དུས་ཚད་རྩི་སྐབས། ཉིན་གཉིས་པ་ནས་བརྩི་འགོ་ཚུགས་རྒྱུ་ལས། འགོ་ཚུགས་པའི་ཉིན་མོ་ནས་མི་བརྩི་རྒྱུ། ཆུ་ཚོད་ལྟར་དུས་ཚད་རྩི་སྐབས་བཅའ་ཁྲིམས་སུ་བཀོད་པའམ་ཡང་ན་དོ་དམ་བར་ཁ་ཆད་བཞག་པའི་དུས་ཚོད་ནས་བརྩི་འགོ་ཚུགས་རྒྱུ།

དོན་ཚན་ཉིས་བརྒྱ་དང་གཉིས་པ། ལོ་དང་ཟླ་བ་ལྟར་དུས་ཚད་རྩི་སྐབས། དུས་ཚད་ཐིམ་པའི་ཟླ་བའི་བལྟོས་ཟླའི་ཉིན་མོ་དེ་དུས་ཚད་ཐིམ་པའི་ཉིན་མོ་མཐའ་མ་ཡིན། བལྟོས་ཟླའི་ཉིན་མོ་མེད་ན་ཟླ་མཇུག་གི་ཉིན་མོ་དེ་དུས་ཚད་ཐིམ་པའི་ཉིན་མོ་མཐའ་མ་ཡིན།

དོན་ཚན་ཉིས་བརྒྱ་དང་གསུམ་པ། དུས་ཚད་ཐིམ་པའི་ཉིན་མོ་མཐའ་མ་ནི་ཁྲིམས་བཀོད་གུང་སེང་ཉིན་མོ་ཡིན་ན། ཁྲིམས་བཀོད་གུང་སེང་ཉིན་མོ་མཇུག་བསྒྲིལ་བའི་ཕྱི་ཉིན་དེ་དུས་ཚད་ཐིམ་པའི་ཉིན་མོ་མཐའ་མ་ཡིན། དུས་ཚད་ཐིམ་པའི་ཉིན་མོ་མཐའ་མའི་དུས་བཅད་དུས་ཚོད་ནི་ཆུ་ཚོད24གི་ནང་ཚུན་ཡིན། ལས་སྒོའི་དུས་ཚོད་ཡོད་ན། ལས་སྒོ་མཇུག་བསྒྲིལ་བའི་དུས་ཚོད་དེ་ལས་མཚམས་འཇོག་པའི་དུས་ཚོད་ཡིན།

དོན་ཚན་ཉིས་བརྒྱ་དང་བཞི་པ། དུས་ཚད་རྩི་སྟངས་ཐད་ལ་བཅའ་ཁྲིམས་འདིའི་གཏན་འབེབས་གཞིར་འཛིན་དགོས། འོན་ཀྱང་བཅའ་ཁྲིམས་ཐོག་གཏན་འབེབས་ལོགས་སུ་བྱས་ཡོད་པའམ་ཡང་ན་དོ་བདག་བར་ཁ་ཆད་བཞག་རིགས་ཕུད།

14 ས་བཅད་གཅིག་པ། ཞར་བྱུང་དོན་ཚན།

དོན་ཚན་ཉིས་བརྒྱ་དང་ལྔ་པ། དམངས་ཁྲིམས་ནང་དུ་འཁོད་པའི“ཡན”དང་། “མན” “ནང་ཚུན” “དུས་ཡུན་ཐིམ་པ”ཞེས་པའི་ནང་གྲངས་ཀ་དེ་ཉིད་ཚུད་ཡོད། “མ་ལོན་པ”དང་། “བརྒལ་བ” “ཕུད་པ”ཞེས་པའི་ནང་གྲངས་ཀ་དེ་ཉིད་ཚུད་མེད།

དོན་ཚན་ཉིས་བརྒྱ་དང་དྲུག་པ། བཅའ་ཁྲིམས་འདི་སྤྱི་ལོ2017ལོའི་ཟླ10པའི་ཚེས་1ཉིན་ནས་བཟུང་ལག་ལེན་དུ་བསྟར་རྒྱུ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དམངས་ཁྲིམས། དམངས་དོན། དོ་བདག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-09

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།