དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བ།
དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བ་ནི་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ལེགས་སྒྲིག་བྱས་པའི་མི་དམངས་ཁྲིམས་ཁང་དང་། དོ་བདག་དང་གཏུག་བཤེར་དུ་ཞུགས་མཁན་གཞན་དག་བར་གནས་པའི་གཏུག་བཤེར་གྱི་དབང་ཆ་དང་གཏུག་བཤེར་གྱི་འོས་འགན་ནང་དོན་བྱས་པའི་སྤྱི་ཚོགས་ཀྱི་འབྲེལ་བ་བྱེ་བྲག་པ་ལ་ཟེར། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་བའི་ཐ་སྙད་དེ་དུས་རབས19པའི་དུས་དཀྱིལ་དུ་འཇར་མན་དུ་བྱུང་བ་དང་། འཇར་མན་གྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་མཁས་དབང་པིའོ་ལུའོ་ཡིས་སྤྱི་ལོ1868ལོའི《གཏུག་བཤེར་དག་འབུད་དང་གཏུག་བཤེར་གྱི་ཆ་རྐྱེན་གལ་ཆེན་སྨྲ་བ》ཞེས་པའི་དཔེ་དེབ་ནང་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་གཞུང་ལུགས་ཐོག་མར་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民事诉讼法律关系
1 ངོ་སྤྲོད་མདོར་བསྡུས། 

དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་ལེགས་སྒྲིག་བྱས་པའི་ཁྲིམས་ཁང་དང་། དོ་བདག་དང་གཏུག་བཤེར་དུ་ཞུགས་མཁན་གཞན་དག་བར་གནས་པའི་གཏུག་བཤེར་འོས་འགན་ནང་དོན་དུ་བྱས་པའི་སྤྱི་ཚོགས་ཀྱི་འབྲེལ་བ་བྱེ་བྲག་པ་ལ་ཟེར། 

2 ཁྱད་ཆོས།

དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བར་གཤམ་གསལ་གྱི་ཁྱད་ཆོས་གསུམ་ཡོད་དེ།

དང་པོ། དམངས་དོན་གཏུག་བཤེར་གྱི་དོ་བདག་ནི་ཐོག་མཐའ་བར་གསུམ་དུ་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་ཡིན་དགོས། ཞུ་སྦྱོར་སྔ་མ་བས་གཏུག་བཤེར་བྱས་པའི་ཡི་གེ་དེ་ཁྲིམས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ནས་ཚད་དང་མཐུན་པར་འདོད་ཚེ། ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མའི་གཏུག་བཤེར་ཡི་གེ་དང་ལེན་བྱེད་དགོས་པས། ཞུ་སྦྱོར་སྔ་མ་དང་ཁྲིམས་ཁང་བར་དུ་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་བྱུང་བ་རེད། མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མའི་གཏུག་བཤེར་ཞུ་ཡིག་བདག་སྤྲོད་བྱས་རྗེས་ངེས་པར་དུ་ཞུ་སྦྱོར་ཕྱི་མར་གཏུག་བཤེར་ཞུ་ཡིག་གི་འདྲ་བཤུས་སྐྱེལ་སྤྲོད་བྱ་དགོས་ཤིང་། ཞུ་སྦྱོར་ཕྱི་མར་གཏུག་བཤེར་ཞུ་ཡིག་གི་འདྲ་བཤུས་འབྱོར་རྗེས་སྤྱིར་བཏང་དུ་ཁྲིམས་ཁང་ལ་གཏུག་བཤེར་ལན་བསློག་འབུལ་དགོས་པས།ཞུ་སྦྱོར་ཕྱི་མ་དང་ཁྲིམས་ཁང་བར་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་བྱུང་བ་རེད། ཁྲིམས་སྦྱོར་དུས་རིམ་ནང་དེ་ལྟར་ཡིན་ལ་གཏུག་བཤེར་གྱི་དུས་རིམ་གཞན་དག་ནང་དུའང་དེ་ལྟར་ཡིན། གཏུག་བཤེར་གྱི་གོ་རིམ་ཧྲིལ་པོའི་ཁྲོད་དུ་ཞུ་སྦྱོར་སྔ་མ་དང་ཁྲིམས་ཁང་བར་ཞུ་སྦྱོར་ཕྱི་མ་དང་ཁྲིམས་ཁང་བར་ཐོག་མཐའ་བར་གསུམ་དུ་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་ལེགས་སྒྲིག་བྱས་པའི་སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག་ཆགས་སྲིད།

གཉིས་པ། དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་ཁྲོད་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་གོ་གནས་གལ་ཆེན་བཟུང་ཡོད། དོ་བདག་དང་ཁྲིམས་ཁང་བར་དུ་བྱུང་བའི་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་ཁྲོད་ཁྲིམས་ཁང་ནི་བྱེད་པོ་གྲས་ཤིག་ཡིན་པ་དང་། ཁྲིམས་ཁང་དང་གཏུག་བཤེར་དུ་ཞུགས་མཁན་གཞན་དག་བར་བྱུང་བའི་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་ཁྲོད་ཁྲིམས་ཁང་ཡང་བྱེད་པོ་གཙོ་བོའི་གྲས་ཤིག་ཡིན། དེ་ནི་ཁྲིམས་ཁང་གིས་གཏུག་བཤེར་དུ་ཞུགས་མཁན་ཡོངས་ལ་གོ་རིམ་ལྟར་གཏུག་བཤེར་བྱ་སྤྱོད་སྤེལ་རྒྱུའི་བཀའ་གཏོང་བ་ཡིན་ལ། ཁྲིམས་ཁང་གིས་དོ་བདག་དང་གཏུག་བཤེར་དུ་ཞུགས་མཁན་གྱིས་དུས་ཐོག་ཏུ་གཏུག་བཤེར་དབང་ཆ་སྤྱད་དེ་གཏུག་བཤེར་འོས་འགན་བསྒྲུབ་རྒྱུར་སྐུལ་མ་གཏོང་བ་ཞིག་ཡིན།

གསུམ་པ། དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བ་ནི་ཕྱོགས་མང་དང་འབྲེལ་བ་རབ་དང་རིམ་པ་ཞིག་ཡིན། “ངོས་མང”ཞེས་པ་ནི་ཁྲིམས་ཁང་དང་ཞུ་སྦྱོར་སྔ་མ་དང་། ཁྲིམས་ཁང་དང་ཞུ་སྦྱོར་ཕྱི་མ། ཁྲིམས་ཁང་དང་ཕུང་གསུམ་པ། ཁྲིམས་ཁང་དང་དཔང་མི། ཁྲིམས་ཁང་དང་གསལ་འབྱེད་པ། ཁྲིམས་ཁང་དང་རྩད་ཞིབ་པ། ཁྲིམས་ཁང་དང་སྐད་ཡིག་སྒྱུར་མཁན་སོགས“ངོས་མང་པོའི”བར་གྱི་འབྲེལ་བ་སོ་སོ་ནི་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བ་ཡིན།

3 ཁྱད་ཆོས།

1.དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བ་ནི་འདྲི་གཅོད་བཅའ་ཁྲིམས་འབྲེལ་བ་དང་གཏུག་རྩོད་བཅའ་ཁྲིམས་འབྲེལ་བ་ལས་གྲུབ་པའི་དམིགས་བསལ་གྱི་སྤྱི་ཚོགས་འབྲེལ་བ་ཡིན།

2.དམངས་དོན་བཅའ་ཁྲིམས་འབྲེལ་བས་ཁྲིམས་ཁང་གི་འདྲི་གཅོད་དབང་ཆ་དང་དོ་བདག་གི་གཏུག་བཤེར་དབང་ཆའི་འགལ་ཟླ་དང་དོ་སྙོམས་མཚོན་ཡོད།

4 རྒྱུ་རྐྱེན།

དམངས་དོན་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་རྒྱུ་རྐྱེན་གཙོ་བོ་ནི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་འབྲེལ་བ་གྲུབ་པའི་གཞི་རྩའི་རྒྱུ་རྐྱེན་ལ་ཟེར། དམངས་དོན་གཏུག་བཤེར་བཅའ་ཁྲིམས་འབྲེལ་བ་དེ་བཅའ་ཁྲིམས་ཀྱི་འབྲེལ་བ་གཞན་དག་དང་འདྲ་བར་བྱེད་པོ་དང་། བྱ་ཡུལ། ནང་དོན་བཅས་རྒྱུ་རྐྱེན་གཙོ་བོ་གསུམ་གྱིས་གྲུབ་པ་ཡིན།

4_1 བྱེད་པོ།

དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་ནི་དམངས་དོན་གཏུག་བཤེར་ཁྲོད་གཏུག་བཤེར་གྱི་དབང་ཆ་དང་གཏུག་བཤེར་གྱི་འོས་འགན་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་དམངས། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ལ་ཟེར། དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་ལ་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། གཏུག་བཤེར་དུ་ཞུགས་མཁན་ཡོད་ཚད་འདུས། དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་གཏུག་བཤེར་དུ་ཞུགས་པའི་དམིགས་ཡུལ་དང་། ནུས་པ། གཏུག་བཤེར་གྱི་གོ་གནས། གཏུག་བཤེར་གྱི་ཁེ་དབང་དང་འོས་འགན་མི་འདྲ་བ་གཞིར་བཟུང་ནས་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་གཤམ་གསལ་རིགས་ལྔ་ལ་དབྱེ་ཆོག་པ་སྟེ། མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། དོ་བདགགཏུག་བཤེར་གྱི་ངོ་ཚབ། གཏུག་བཤེར་དུ་ཞུགས་མཁན་གཞན་དག་བཅས་ཡིན།

རང་རྒྱལ་གྱི་དམངས་དོན་གཏུག་བཤེར་གཞུང་ལུགས་ཁྲོད་དུ་ད་དུང་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་དང་འབྲེལ་བ་ཡོད་ལ་ཁྱད་པར་ཡོད་པའི་ཐ་སྙད་ཅིག་ཀྱང་ཡོད་པ་སྟེ། དམངས་དོན་གཏུག་བཤེར་གྱི་བྱེད་པོའི་(བསྡུས་མིང་ལ་གཏུག་བཤེར་བྱེད་པོ་ཟེར)ཡིན། གཏུག་བཤེར་བྱེད་པོ་ནི་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་བྱེད་པོའི་བསྡུས་མིང་མ་ཡིན་པར། གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་བྱེད་པོའི་ཁྲོད་ཐད་ཀར་གཏུག་བཤེར་གོ་རིམ་གྱི་བྱུང་བ་དང་། འཕེལ་རྒྱས། མཇུག་སྒྲིལ་བཅས་ལ་ཤུགས་རྐྱེན་ཐེབས་མཁན་ལ་ཟེར། གཏུག་བཤེར་གྱི་བདག་པོ་ཡིན་ཚེ་ངེས་པར་དུ་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་ཡིན་དགོས། དཔེར་ན་དོ་བདག་ནི་གཏུག་བཤེར་བྱེད་པོ་ཡིན་ལ་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་ཡང་ཡིན། གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་བའི་གྲུབ་ཆ་གཙོ་བོ་ཡིན་ཚེ་གཏུག་བཤེར་བྱེད་པོ་ཡིན་པའི་ངེས་པ་མེད། གཏུག་བཤེར་བྱེད་པོའི་ནང་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། དོ་བདག་བཅས་ཚུད་ཡོད།

4_2 ནང་དོན།

དམངས་དོན་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་ནང་དོན་ནི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་བྱེད་པོས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་གཏུག་བཤེར་དབང་ཆ་དང་འཁུར་བའི་གཏུག་བཤེར་འོས་འགན་ལ་ཟེར།

4_3 བྱ་ཡུལ། 

དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱ་ཡུལ་ནི་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་བར་གྱི་གཏུག་བཤེར་དབང་ཆ་དང་གཏུག་བཤེར་འོས་འགན་གྱིས་བསྟན་པའི་བྱ་ཡུལ་ལ་ཟེར། དེར་རྒྱུན་དུ་གྱོད་དོན་གྱི་དོན་དངོས་དང་དོ་བདག་བར་གྱི་རྩོད་གླེང་གི་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་འདུས་ཡོད།

འདི་རུ་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱ་ཡུལ་དང་གཏུག་བཤེར་གྱི་དམིགས་བྱ་གཉིས་དབྱེ་བ་འབྱེད་དགོས། གཏུག་བཤེར་གྱི་དམིགས་བྱ་དེ་ནི་དོ་བདག་བར་དུ་རྩོད་གླེང་བྱུང་བ་དང་། ཁྲིམས་ཁང་ལ་གཏུག་བཤེར་བྱེད་པའི་དམངས་དོན་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ཐག་གཅོད་བྱེད་རེ་ཞུས་པ་ལ་ཟེར། དེ་ནི་གཏུག་བཤེར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་བྱ་ཡུལ་ནི་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་བྱེད་པོ་བར་གྱི་གཏུག་བཤེར་ཁེ་དབང་དང་འོས་འགན་གྱི་ཁ་གཏད་ཡུལ་ལ་ཟེར། དེར་ཞིབ་བཤེར་གསལ་པོ་བྱ་དགོས་པའི་གྱོད་དོན་གྱི་དོན་དངོས་ཚུད་ཡོད་ལ། དོ་བདག་བར་རྩོད་གླེང་བྱུང་བའི་དམངས་དོན་ཁེ་དབང་དང་འོས་འགན་གྱི་འབྲེལ་བའང་ཚུད་ཡོད། དེའི་ཐོག་ནས་གཏུག་བཤེར་གྱི་དམིགས་བྱ་ནི་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་བའི་བྱ་ཡུལ་ནང་དོན་གྱི་ཆ་ཤས་ཤིག་ཡིན་པ་ལས་འདྲ་མཚུངས་ཀྱི་ཨང་གྲངས་གཏན་ནས་བརྩི་མི་རུང་། དེ་གཉིས་ཀྱི་ངོ་བོ་དང་དེར་འདུས་པའི་ནང་དོན་དངོས་ཚང་མར་ཁྱད་པར་ཡོད།

5 གཞུང་ལུགས་དང་ལག་ལེན། 

དམངས་དོན་གཏུག་བཤེར་བཅའ་ཁྲིམས་འབྲེལ་བའི་རྒྱུ་རྐྱེན་གྱི་གནད་དོན་ནི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་རིག་པའི་ཁྲོད་ཀྱི་གཞུང་ལུགས་གནད་དོན་གལ་ཆེན་ཞིག་ཡིན་ལ། དུས་མཚུངས་སུ་དམངས་དོན་གཏུག་བཤེར་ལག་ལེན་དང་འབྲེལ་བ་དམ་པོ་ཡོད། དེར་བརྟེན་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་འབྲེལ་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པར་གཞུང་ལུགས་ཀྱི་དོན་སྙིང་གལ་ཆེན་ལྡན་ལ།ལག་ལེན་གྱི་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། གཙོ་བོ་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ཚད་གཞིའི་དགོངས་དོན་གྱི་ངོ་བོར་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་ཕན་པའི་ཐོག་ནས་མཚོན་ཡོད། མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་བྱེད་མཁན་གྱི་གཏུག་བཤེར་དབང་ཆར་བརྩི་འཇོག་དང་། ཁྲིམས་ལྟར་འདྲི་གཅོད་དབང་ཆ་སྤྱོད་པ། འགན་འཁྲི་ཡང་དག་པར་སྒྲུབ་པ་བཅས་ལ་ཕན་ཐོགས་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-26

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།