གནམ་བདེ་སྒོ་མོ་ཆེའི་ཐང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནི་པེ་ཅིང་གྲོང་ཁྱེར་གྱི་ལྟེ་བར་གནས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཏུང་ཁྲེང་ཆུས་ཀྱི་ཤར་ངོས་ཁྲང་ཨན་ཁྲོམ་གཞུང་དུ་གནས་ཡོད། བྱང་དུ་གནམ་བདེ་སྒོ་མོ་ཆེ་དང་། ལྷོ་ནས་ཀྲེང་དབྱང་སྒོ། ཤར་དུ་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། ནུབ་ཏུ་མི་དམངས་ཚོགས་ཁང་ཆེན་མོ་སོགས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྨི880དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྨི500ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི44ཡོད། མི་ཁྲི100ཤོང་ནས་འདུ་འཛོམས་གཟབ་རྒྱས་ཤིག་སྤེལ་ཐུབ་པས། འཛམ་གླིང་སྟེང་གི་གྲོང་ཁྱེར་ཐང་ཆེན་ཆེ་ཤོས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天安门广场
ཕྱི་ཡིག་གི་མིང་།
Tiananmen Square
གནས་ཡུལ།
པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཤར་ངོས་ཀྱི་ཁྲང་ཨན་སྲང་ལམ་དུ་གནས་ཡོད།
ནམ་ཟླ།
དྲོད་རྒྱུད་དུས་རླུང་ནམ་ཟླ།
འཛིན་བྱང་རིན་གོང་།
རིན་མེད།
མཛེས་ལྗོངས་གྲགས་ཅན།
རྒྱལ་དར་སྒྲེང་བའི་མཛད་སྒོ་དང་། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་། མའོ་ཀྲུའུ་ཞི་དྲན་གསོ་ཁང་སོགས།
རྒྱ་ཁྱོན།
སྨི་གྲུ་བཞི་མ440000
ལྟ་སྐོར་དུས་ཚོད།
5:00—22:00
1 ​ངོ་སྤྲོད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནི་པེ་ཅིང་གྲོང་ཁྱེར་གྱི་ལྟེ་བར་གནས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཏུང་ཁྲེང་ཆུས་ཀྱི་ཤར་ངོས་ཁྲང་ཨན་ཁྲོམ་གཞུང་དུ་གནས་ཡོད། བྱང་དུ་གནམ་བདེ་སྒོ་མོ་ཆེ་དང་། ལྷོ་ནས་ཀྲེང་དབྱང་སྒོ། ཤར་དུ་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། ནུབ་ཏུ་མི་དམངས་ཚོགས་ཁང་ཆེན་མོ་སོགས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྨི880དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྨི500ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི44ཡོད། མི་ཁྲི100ཤོང་ནས་འདུ་འཛོམས་གཟབ་རྒྱས་ཤིག་སྤེལ་ཐུབ་པས། འཛམ་གླིང་སྟེང་གི་གྲོང་ཁྱེར་ཐང་ཆེན་ཆེ་ཤོས་ཡིན། 

ཐང་ཆེན་གྱི་ས་ངོས་ཚང་མ་དམིགས་བསལ་བཟོ་རྩལ་ལག་རྩལ་གྱིས་སྒྲིག་སྦྱོར་བྱས་པའི་མདོག་སྐྱ་བོའི་འཛེང་རྡོའི་རྡོ་བཏིང་ནས་གྲུབ་ཡོད་པ་དང་། དཀྱིལ་སྙིང་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་དང་བརྗིད་ཉམས་ལྡན་པའི་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་གཉིས་ཀྲོང་ངེར་ལངས་ཡོད་པ་དང་། གནམ་བདེ་སྒོ་མོ་ཆེའི་གཡས་གཡོན་ནི་ངལ་རྩོལ་མི་དམངས་རིག་གནས་ཁང་དང་ཀྲུང་ཧྲན་སྤྱི་གླིང་ཡིན་པས་གནམ་བདེ་སྒོ་མོ་ཆེ་དང་གཞི་གཅིག་ཏུ་གྱུར་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྲུབ་ཡོད། སྤྱི་ལོ1986ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དེ“པེ་ཅིང་གི་མཛེས་ལྗོངས་བཅུ་དྲུག”གི་གྲས་སུ་བདམས་ཡོད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོའི་མི་དམངས་ཀྱི་དཔའ་ངར་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དང་ཞུམ་པ་མེད་པའི་དཔའ་བོའི་བློ་སྟོབས་བཀོད་ཡོད་པ་དང་། ལྔ་བཞིའི་ལས་འགུལ་དང་། གཅིག་གཉིས་དགུའི་ལས་འགུལ། ལྔ་པའི་ཉི་ཤུའི་ལས་འགུལ་བཅས་ཀྱིས་འདི་གར་ཀྲུང་གོའི་དེང་རབས་གསར་བརྗེའི་ལོ་རྒྱུས་ལ་ཚོན་མདངས་ཟབ་མོ་ཞིག་བཞག་ཡོད། དུས་མཚུངས་སུ་ཆབ་སྲིད་དང་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་གྲངས་མེད་བྱུང་བའི་གནས་ཡིན་པས། དེ་ནི་ཀྲུང་གོ་ཉམས་རྒུད་དུ་སོང་བ་ནས་དར་རྒྱས་བྱུང་བའི་བར་གྱི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན།

སྤྱི་ལོ2018ལོའི་ཟླ་དང་པོའི་ཚེས1ཉིན་ཀྱི་ཆུ་ཚོད7:36སྟེང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་དང་དམག་མིའི་རོལ་དབྱངས་ཚོགས་པས་ཐོག་མར་ལག་བསྟར་བྱས། 

2 ལོ་རྒྱུས་འཕེལ་རིམ།

གནམ་བདེ་སྒོ་མོ་ཆེའི་དེ་སྔའི་མིང་ལ་ཁྲེང་ཐེན་མུན་ཟེར་བ་དང་། མིང་ཡུང་ལུ་ལོ་བཅོ་ལྔ་པ་སྤྱི་ལོ1417ལོར་བཙུགས།

ཆིང་རྒྱལ་རབས་ཀྱི་ཧྲུན་ཀྲི་ཁྲི་ལོ་བརྒྱད་པ་སྤྱི་ལོ1651ལོར་བསྐྱར་སྐྲུན་བྱས་རྗེས་གནམ་བདེ་སྒོ་མོ་ཆེ་ཞེས་བཏགས། སྐབས་དེའི་གནམ་བདེ་སྒོ་མོ་ཆེའི་མདུན་དུ་བཀག་སྡོམ་བྱས་པའིTདབྱིབས་ཅན་གྱི་ཕོ་བྲང་ཐང་ཆེན་ཞིག་ཡིན་པ་དང་། མིང་དང་ཆིང་རྒྱལ་རབས་དུས་སུ་རྟེན་འབྲེལ་མཛད་སྒོ་གལ་ཆེན་སྤེལ་ས་དང་རྒྱལ་ཡོངས་ལ་སྲིད་བཀའ་ཁྱབ་བསྒྲགས་བྱེད་ས་གལ་ཆེན་ཞིག་ཡིན་པས། གོང་མའི་དབང་ཆའི་བརྗིད་ཉམས་མཚོན་གྱིན་ཡོད། 

ཀོང་ཞུས་ལོ་ཉེར་དྲུག་པ་སྤྱི་ལོ1900ལོར་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་པེ་ཅིང་ལ་བཙན་འཛུལ་བྱས་པས། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དེ་བཙན་འཛུལ་བྱེད་མཁན་དམག་གི་དྲག་རྩལ་སྦྱོང་ཡུལ་དུ་གྱུར།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པ་སྤྱི་ལོ1914ལོའི་ཟླ5པར་པེ་དབྱང་སྲིད་གཞུང་གི་ཀྲུའུ་ཆི་ཆན་ཡིས་རྒྱལ་ས་རྙིང་པ་བསྒྱུར་བཀོད་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས། གནམ་བདེ་སྒོ་མོའི་མདུན་གྱི་གོམ་སྟོང་བར་ཁྱམས་བཤིག་ནས། ལི་ཆིང་ལམ་དང་། ཝེང་གྲོང་སོགས་བཟོ་སྐྲུན་བྱས་པས། སྔོན་ཆད་བཀག་སྡོམ་བྱས་པའི་ཕོ་བྲང་གི་ཐང་ཆེན་དེར་རང་མོས་ཀྱིས་འགྲོ་ཆོག་པ་དང་འདུས་སྡོད་བྱེད་ཆོག་པར་སྒོ་འབྱེད་བྱས་པས་དེ་སྔའི་བརྗིད་ཉམས་དང་ལྐོག་གྱུར་གྱི་གོང་མའི་གནས་དེ་མེད་པར་བཟོས། ཀྲུའུ་ཆི་ཡིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལ་ཐེངས་དང་པོར་བསྒྱུར་བཀོད་བྱས་པའི་རྐྱེན་གྱིས་གནམ་བདེ་སྒོ་མོ་ཆེ་དེ་དེང་རབས་དོན་སྙིང་ལྡན་པའི་ཐང་ཆེན་དུ་འགྱུར་མགོ་བརྩམས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པ་སྤྱི་ལོ1928ལོར་ཅང་ཅེ་ཧྲིས་བྱང་འདུལ་ལ་རྒྱལ་ཁ་ཐོབ། ལོ་དེའི་ཟླ7པར་པེ་ཕིང་གི་དམག་སྲིད་ལས་རིགས་སོ་སོའི་རྩ་འཛུགས་ཀྱི་མི་ཁྲི7གནམ་བདེ་སྒོ་མོ་ཆེའི་མདུན་དུ་འཛོམས་ནས་རྒྱལ་ཁའི་སྨོན་འདུན་ཞུ་བའི་ཚོགས་ཆེན་འཚོགས། ཟླ8ཚེས24ཉིན། སུན་ཀྲུང་ཧྲན་གྱི་སྐུ་བརྙན་གནམ་བདེ་སྒོ་མོ་ཆེའི་མཁར་གྱི་ཐོག་ཁང་དུ་བཀལ་བ་དེ་ནི་གནམ་བདེ་སྒོ་མོ་ཆེའི་མཁར་ཐོག་ཁང་དུ་མི་སྒེར་གྱི་སྐུ་པར་བཀལ་ཐེངས་དང་པོ་ཡིན།

མི་སེར་རྒྱལ་ཁབ་ཀྱི་ལོ་ཉེར་དྲུག་པ་སྤྱི་ལོ1937ལོར་རི་པིན་དང་སྲིད་གཞུང་རྫུན་མའི་དབང་སྒྱུར་འོག་གི་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་མཁར་ཐོག་ཏུ“ཨེ་ཤ་ཡ་ཤར་མའི་སྒྲིག་ལམ་གསར་པ་འཛུགས་སྐྲུན་བྱེད་པའི”སྦྱར་ཡིག་སྦྱར། 

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་པོ་སྤེལ།

སྤྱི་ལོ1950ལོར། ཐང་ཆེན་གྱི་དར་ཤིང་དང་གནམ་བདེ་སྒོ་མོ་ཆེའི་བར་གྱི་བར་ཐག་ཐུང་བས་མ་འོངས་པར་ཁྲོམ་སྐོར་རུ་ཁག་གི་ཞེང་ཚད་མི་འདང་བས་གནམ་བདེ་སྒོ་མོ་ཆེའི་མདུན་གྱི་ཆུ་ཚོད་འཁོར་ལོ་དང་རྡོ་སེང་གཉིས་སྨི་དྲུག་ལ་གནས་སྤོར་བྱས།

སྤྱི་ལོ1954ལོར། ཀྲུང་ཧྭ་སྒོ་ཆེན་དང་། ཁྲང་ཨན་གཡས་སྒོ། ཁྲང་ཨན་གཡོན་སྒོ། ཁྲིམས་འཛིན་པུའུ་སོགས་དཔོན་སྒར་གྱི་ཡ་མོན་དང་དེ་བཞིན་མཛོད་ཁང་གི་ཆི་ཕན་ཁྲོམ་གཞུང་སོགས་བཤིག་ནས་ཐང་ཆེན་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་བཙུགས།

སྤྱི་ལོ1958ལོར་ལོ་བཅུ་འཁོར་བའི་རྒྱལ་སྟོན་ལ་བསུ་བ་ཞུ་ཆེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱས་སྐྲུན་བྱེད་མགོ་བརྩམས། ཀྲུང་ཧྭ་སྒོ་ཆེན་དང་། ཆི་ཕན་ཁྲོམ་གཞུང་། ཐང་ཆེན་ཐོག་གི་གྱང་དམར་པོ་སོགས་བཤིག་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང44ཟིན་ཡོད་པ་དེ་ཨུ་རུ་སུའི་ཐང་ཆེན་དམར་པོའི་ལྡབ9ཡིན། འཛུགས་སྐྲུན་པ་ཐའོ་ཙུང་ཀྲེན་གྱིས་ཞེང་ཚད་ཇེ་ཆུང་དུ་བཏང་ནས་མཐའ་འཁོར་གྱི་འགྲོ་ལམ་དང་འཚམ་པར་བྱ་རྒྱུའི་གྲོས་འགོ་བཏོན་པར། “སྒུལ་མི་རུང་། དེ་ནི་མའོ་ཀྲུའུ་ཞིས་གཏན་འཁེལ་གནང་བ་ཞིག་རེད”ཅེས་བཤད་པ་དང་ཆབས་ཅིག་ཐང་ཆེན་ཐོག་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་དང་གཞོགས་གཉིས་སུ་བཙུགས་པའི་མི་དམངས་ཚོགས་ཁང་ཆེན་མོ་དང་། ཀྲུང་གོའི་གསར་བརྗེ། དམག་དོན་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་ཐང་ཆེན་དེ་ཆབ་སྲིད་ཀྱི་ལྟེ་བར་བྱེད་པའི་རྩ་བའི་དགོངས་གཞི་བཏིང་ཡོད།

སྤྱི་ལོ1976ལོའི་ཟླ9པའི་ཚེས9ཉིན། མའོ་ཙེ་ཏུང་སྐུ་གཤེགས་རྗེས། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལ་ཆེས་མཐའ་མའི་གཞི་ཁྱོན་ཆེ་བའི་བསྐྱར་སྐྲུན་བྱས་ནས་མའོ་ཙེ་ཏུང་གི་དྲན་གསོ་ཁང་བསྐྲུན།

སྤྱི་ལོ1988ལོའི་ཟླ1པའི་ཚེས1ཉིན། པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་ལོའི་ཉིན་དང་པོར་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དངོས་སུ་སྒོ་འབྱེད་གནང་།

སྤྱི་ལོ1999ལོའི་ཟླ10ཚེས1ཉིན། ལོ་ལྔ་བཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཆེན་པོ་འཚོགས།

སྤྱི་ལོ2009ལོར། ལོ་དྲུག་ཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་བསུ་ཆེད། བརྙན་ཤེལ་ཆེན་པོ་གཉིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བཀོད་སྒྲིག་བྱས་པ་དང་། བརྙན་ཤེལ་ཐོག་གྲོང་ཁྱེར་གྱི་མཛེས་ལྗོངས་དང་སྤྱི་ཕན་བརྡ་ཁྱབ་ཤར་གཏོང་བྱས།

སྤྱི་ལོ2015ལོའི་ཟླ9ཚེས3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར70ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས།

སྤྱི་ལོ2018ལོའི་ཟླ་དང་པོའི་ཚེས1ཉིན་གྱི་ཆུ་ཚོད7:36སྟེང་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་དང་དམག་མིའི་རོལ་དབྱངས་ཚོགས་པས་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ངང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཚོགས།

3 འཛུགས་སྐྲུན་བཀོད་སྒྲིག

མིང་དང་ཆིང་རྒྱལ་རབས་ཀྱི་དུས་སུ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནི་པེ་ཅིང་ཙི་ཅིན་མཁར་གྱི་སྒོ་ཕྱིའི་ཕོ་བྲང་གི་ཐང་ཆེན་ཞིག་ཡིན་ལ། ཤར་དང་ནུབ། ལྷོ་ངོས་གསུམ་གྱང་གི་བསྐོར་ནས་མི་སེར་དཀྱུས་མ་འཛུལ་མི་ཆོག་པར་བཀག་སྡོམ་བྱས་ཡོད། ཐང་ཆེན་བྱང་ངོས་ཀྱི་གནམ་བདེ་སྒོ་མོ་ཆེ་ནས་ལྷོ་ངོས་ཀྲེང་དབྱང་སྒོ་བར་དང་། ཤར་གྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནས་ནུབ་ངོས་མི་དམངས་ཚོགས་ཁང་ཆེན་མོའི་བར། ལྷོ་བྱང་གི་རིང་ཚད་ལ་སྨི880དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྨི500ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི44ཡོད། ཐང་ཆེན་གྱི་དཀྱིལ་སྙིང་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་དང་བརྗིད་ཉམས་ལྡན་པའི་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་ཀྲོང་ངེར་ལངས་ཡོད་པ་དང་། ཐང་ཆེན་གྱི་ནུབ་ངོས་ནི་མི་དམངས་ཚོགས་ཁང་ཆེན་མོ་དང་། ཤར་ཕྱོགས་ནི་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ཡིན། ལྷོ་ངོས་སུ་དུས་རབས14པར་བསྐྲུན་པའི་གནའ་བོའི་མཁར་གྲོང་གཉིས་ཏེ་ཀྲེང་དབྱང་སྒོ་དང་མདུན་སྒོའི་ཅན་ཐོག་ཁང་གཉིས་ཡིན། གནམ་བདེ་སྒོ་མོ་ཆེའི་མཁར་དེ་ཐང་ཆེན་གྱི་བྱང་སྣེ་རུ་གནས་ཡོད་པ་དང་། གནམ་བདེ་སྒོ་མོ་ཆེའི་མཁར་ལ་སྒོ་ལྔ་དང་། ཐོག་བརྩེགས་དགུ་ཡོད། མཐོ་ཚད་ལ་སྨི33.7ཡོད། གནམ་བདེ་སྒོ་མོ་ཆེའི་ཕྱོགས་གཉིས་སུ་ངལ་རྩོལ་མི་དམངས་རིག་གནས་ཁང་དང་ཀྲུང་ཧྲན་སྤྱི་གླིང་གཉིས་གནས་ཡོད། བརྗིད་ཉམས་ལྡན་པའི་བཟོ་བཀོད་འདི་དག་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སོགས་གཞི་གཅིག་ཏུ་གྲུབ་ཡོད་པས་པེ་ཅིང་གི་མཛེས་ལྗོངས་ཆེན་པོ་ཞིག་ཏུ་གྱུར་ཡོད། 

4 འཛུགས་སྐྲུན་གཙོ་བོ།

གནམ་བདེ་སྒོ་མོ་ཆེ།

མི་དམངས་ཚོགས་ཁང་ཆེན་མོ།

མའོ་ཀྲུའུ་ཞི་དྲན་གསོ་ཁང་།

མི་དམངས་དཔའ་བོ་དྲན་གསོའི་རྡོ་རིང་།

ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།

གནམ་བདེ་སྒོ་མོ་ཆེའི་གཟིགས་སྟེགས།

ཀྲེན་དབྱང་སྒོ།

5 བྱེད་སྒོ་ཆེན་པོ།

གནམ་བདེ་སྒོ་མོ་ཆེའི་རྒྱལ་དར་སྒྲེང་བའི་མཛད་སྒོ་པེ་ཅིང་གྲོང་ཁྱེར་ཡུལ་སྐོར་ཨུ་ལྷན་གྱིས་དམིགས་འཛུགས་བྱས་པའི་ཡུལ་སྐོར་རྣམ་གྲངས་ཤིག་ཡིན། སྤྱི་ལོ1949ལོའི་ཟླ10ཚེས1ཉིན། བློ་མཐུན་མའོ་ཙེ་ཏུང་གིས་ཐོག་མར་གློག་སྒོ་མནན་ནས་སྐར་ལྔའི་དར་དམར་ཐེངས་དང་པོ་བསྒྲེངས་པ་ཡིན། སྤྱི་ལོ1990ལོའི་ཟླ་10ཚེས1ཉིན།《རྒྱལ་དར་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ཏེ། རྒྱལ་དར་སྒྲེང་སྐབས་ངེས་པར་དུ་རྒྱལ་གླུ་དཀྲོལ་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྔར་ལས་བརྗིད་ཉམས་ལྡན་པ་ཞིག་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན། སྤྱི་ལོ2004ལོའི་ཟླ6ཚེས1ཉིན་ནས་བཟུང་གནམ་བདེ་སྒོ་མོ་ཆེའི་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་ཟླ་རེར་རྒྱལ་དར་ཆེན་པོ་ཐེངས་གསུམ་རྒྱལ་དར་སྒྲེང་བའི་ལས་ཀ་དེ་ཟླ་རེའི་ཚེས1ཉིན་རྒྱལ་དར་ཆེན་པོ་གཏོང་བར་བསྒྱུར་བ་དང་། རྒྱལ་དར་སྲུང་སྐྱོང་རུ་མི36དང་དྲག་ཆས་ཉེན་རྟོག་དམག་མིའི་རོལ་དབྱངས་ཚོགས་པའི་རུ་མི62ཀྱིས་སྔོན་ཆད་ཀྱི་རྒྱལ་དར་སྒྲེང་བ་དང་འདྲ་བར་གནས་དེར་རྒྱལ་གླུ་ཐེངས་གསུམ་དཀྲོལ་ནས་རྒྱལ་དར་སྒྲེང་བཞིན་ཡོད། རྒྱལ་དར་སྒྲེང་བའི་དུས་ཚོད་ནི་ཉི་མ་འཆར་བའི་དུས་ཚོད་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པ་དང་། སྤྱིར་བཏང་དུ་ཆུ་ཚོད5:00-7:00བར་ཡིན། 

ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ལོ2018ལོའི་ཟླ1ཚེས1ཉིན་ནས་བཟུང་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་དར་སྲུང་སྐྱོང་དང་རྟེན་འབྲེལ་མེ་སྒྱོགས་གཏོང་བའི་ལས་འགན་འཁུར་ཡོད།

6 དོན་རྐྱེན་གཙོ་བོ།

སྤྱི་ལོ2001ལོའི་ཟླ7པའི་ཚེས13ཉིན། པེ་ཅིང་གིས་ལེགས་སྒྲུབ་མཛད་པའི་སྤྱི་ལོ2008ལོའི་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་བྱུང་བ་དང་། མི་རྣམས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དགའ་འབོད་བྱས་ནས་རྟེན་འབྲེལ་ཞུས།

སྤྱི་ལོ2008ལོའི་ཟླ5པའི་ཚེས12ཉིན། སི་ཁྲོན་ཞིང་ཆེན་གྱི་ཝུན་ཁྲོན་ས་ཡོམ་ཆེན་པོ་དང་། ཚེས21ཉིན་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་དྲན་གསོ་ཞུ་ཆེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དར་ཆ་ཐོག་མར་ཕྱེད་ཀ་མར་ཕབ་པ་དང་། ཟླ8ཚེས8ཉིན་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་མེ་ལྕེ་སྤར་བ་དང་། མེ་ལྕེ་པེ་ཅིང་གི་དཀྱིལ་ཐིག་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་གཙོ་བོར་བསྐྱོད། 

སྤྱི་ལོ2016ལོའི་ཟླ9ཚེས30ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་དང་། ལི་ཁུ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་ཕུལ་བའི་མཛད་སྒོར་ཞུགས།

7 ལོ་རྒྱུས་དོན་སྙིང་།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་། པེ་ཅིང་གི་ལྟེ་བའི་ས་ཁུལ། ཀྲུང་གོའི་ཆབ་སྲིད་བྱེད་སྒོ་ལྟེ་གནས་བཅས་ནི་འཛམ་གླིང་སྟེང་གི་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་ཆེ་ཤོས་ཡིན། གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཀྲུང་གོའི་མི་དམངས་ཀྱི་དཔའ་ངར་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དང་ཞུམ་པ་མེད་པའི་དཔའ་བོའི་བློ་སྟོབས་བཀོད་ཡོད་པ་དང་། ལྔ་བཞིའི་ལས་འགུལ་དང་། གཅིག་གཉིས་དགུའི་ལས་འགུལ། ལྔ་པའི་ཉི་ཤུའི་ལས་འགུལ་བཅས་ཚང་མས་ཀྲུང་གོའི་དེང་རབས་གསར་བརྗེའི་ལོ་རྒྱུས་ལ་ཚོན་མདངས་ཟབ་མོ་བཞག་ཡོད། ཀྲུང་གོའི་མི་དམངས་དམངས་གཙོར་ཕྱོགས་སུ་བསྐྱོད་པ་དང་རང་དབང་ལ་བརྩོན་ལེན་བྱེད་པ། ཕྱི་རྒྱལ་གྱི་བཙན་འཛུལ་དང་ལོག་སྤྱོད་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་བདེན་དཔང་བྱས་ཡོད། སྤྱི་མཐུན་རྒྱལ་ཁབ་ཀྱི་རྟེན་འབྲེལ་མཛད་སྒོ་གལ་ཆེན་དང་། འདུ་ཚོགས་གཟབ་རྒྱས། ཕྱི་དོན་གྱི་མགྲོན་བསུའི་གནས་མཆོག་བཅས་ཡིན་པ་མ་ཟད། ཀྲུང་གོའི་བྱེད་སྒོ་སྤེལ་ཡུལ་དང་འདུ་འཛོམས་བྱ་ཡུལ་གལ་ཆེ་ཞིག་ཀྱང་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-03

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།