ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཟེར་ཞིང་། དེ་ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中共中央政法委员会
མིང་ཆ་ཚང་།
ཀྲུང་གོ་གུང་ཁྲན་ཏང་ཨུ་ཡོན་ལྷན་ཁང་གི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།
ད་ལྟའི་ཧྲུའུ་ཅི།
ཀུའོ་ཧྲེང་ཁུན།
ལས་ཁུངས་ཀྱི་རིགས་དབྱེ།
ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས།
འགན་དབང་གཙོ་བོ།
ཀྲུང་དབྱང་དང་ས་གནས་རིམ་པའི་སྲིད་ཁྲིམས་སྡེ་ཁག་གི་བྱ་བར་མཛུབ་སྟོན་བྱེད་པ།
ལམ་ལུགས་རྩ་དོན།
དམངས་གཙོ་གཅིག་སྡུད་ལམ་ལུགས།
1 ​ངོ་སྤྲོད། 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཟེར་ཞིང་། དེ་ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་གྲས་ཤིག་ཡིན་པ་དང་། ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནི་ཏང་ཨུས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་དང་དོ་དམ་བྱེད་པའི་འགན་ནུས་སྡེ་ཚན་ཞིག་ཡིན་པ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་ནས་ཏང་ཀྲུང་དབྱང་ལ་འགན་འཁུར་བ་དང་ཏང་ཀྲུང་དབྱང་གི་ལྟ་སྐུལ་དང་ལེན་བྱས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་ལས་དོན་སྙན་སེང་ཞུ་དགོས།

2 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཐག་བཅད་ལྟར་ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། སྔ་རྗེས་སུ་ཁྲེན་ཧྲའོ་ཡུའུ་དང་ཞེ་ཅུའེ་ཙའེ་ཡིས་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1958ལོར། ཀྲུང་གུང་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྲིད་ཁྲིམས་འགོ་ཁྲིད་ཚན་ཆུང་འཛུགས་པའི་གྲོས་ཐག་བཅད་ཅིང་། བློ་མཐུན་ཕེང་ཀྲེན་ལགས་ཀྱིས་ཙུའུ་ཀྲང་གི་འགན་བཞེས།

རིག་གནས་གསར་བརྗེ་ཆེན་མོ་འགོ་བརྩམས་པ་དང་བསྟུན་ཚན་ཆུང་དེ་མེད་པར་བཟོས་མོད། དེའི་ཐད་ཀྱི་ལས་དོན་ལ་བློ་མཐུན་ཁང་ཧྲེང་ནས་འགན་ལེན་གྱིན་ཡོད།

སྤྱི་ལོ1980ལོའི་ཟླ1པོའི་ཚེས24ཉིན། ཏང་ཀྲུང་དབྱང་གིས《ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པའི་བརྡ་ཐོ》བཏང་ཞིང་། ལོ་དེའི་ཟླ3པར་བློ་མཐུན་ཕེང་ཀྲེན་གྱིས་ལས་འགན་བཞེས་ཏེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་ལས་འགན་སླར་གསོ་བྱས།

སྤྱི་ལོ1988ལོར། རྒྱལ་ཁབ་ཀྱིས་ལས་ཁུངས་བཅོས་བསྒྱུར་བྱས་ཏེ་ཏང་སྲིད་སོ་སོར་ཕྱེས། ལོ་དེའི་ཟླ5པའི་ཚེས19ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་འགོ་ཁྲིད་ཚན་ཆུང་བཙུགས།

སྤྱི་ལོ1990ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་ནས་སླར་ཡང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་ནས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི》དཔར་འགྲེམ་བྱས་ཤིང་། ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་དང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་། འབྲེལ་ཡོད་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལ་སྤྲོད་རྒྱུ་དང་། ཀྲུང་དབྱང་གཏན་འཇགས་སྲུང་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་ཡང་མེད་པར་བཟོས་ཏེ་འབྲེལ་ཡོད་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་འཁུར་རྒྱུ། ཆོས་ལོག་སྔོན་འགོག་དང་གནད་དོན་ཐག་གཅོད་འགོ་ཁྲིད་ཚན་ཆུང་གི་འགན་འཁྲི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ་པུའུ་ལ་སྤྲོད་རྒྱུ་བཅས་ཀྱི་ཐག་བཅད་ཡོད།

3 འགན་འཁྲི་གཙོ་བོ།

གཅིག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་ཀྱི་རེས་སྐོར་གསོ་སྦྱོང་དང་ཆབ་སྲིད་ཀྱི་ལྟ་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གཉིས། ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་ཆོད་དོན་ལག་ལེན་མཐར་ཕྱིན་དང་། སྲིད་ཁྲིམས་སྡེ་ཚན་བར་དང་། སྲིད་ཁྲིམས་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་དང་ས་གནས་བར་གྱི་འབྲེལ་ཡོད་དོན་དག་གལ་ཆེན་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱས་ཏེ། སྲིད་ཁྲིམས་སྡེ་ཚན་གྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱ་དགོས།

གསུམ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ལག་ལེན་གལ་ཆེན་དང་རིགས་པའི་གཞུང་ལུགས་ཀྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐབས་ཇུས་བཀོད་སྒྲིག་དང་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་འདོན་པ་དང་། ཏང་ཨུས་ཇུས་ཐག་གཅོད་པ་དང་སྲིད་ཁྲིམས་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀ་ཁག་ལ་གཞོགས་འདེགས་བྱ་དགོས།

བཞི། སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་དང་སྲིད་ཁྲིམས་ལས་དོན་སྤེལ་ཚུལ་ཤེས་རྟོགས་དང་། ཁོང་དུ་ཆུད་པ། དབྱེ་ཞིབ། བརྡར་ཤ་གཅོད་པ། སྡེ་ཁག་མང་པོ་ཞུགས་པའི་བདེ་འཇགས་ལེགས་སྐྱོང་གི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་སྤྱི་ཚོགས་ཀྱི་འགལ་བ་དང་ཉེན་ཁ་སྔོན་འགོག འདུམ་སེལ་བཅས་བྱེད་པར་མཐུན་སྦྱོར་བྱེད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་ལ་གདོང་གཏད་པ་དང་ཐག་གཅོད་འོས་འཚམ་བྱེད་པར་མཐུན་སྦྱོར་བྱེད་པ། སྲིད་ཁྲིམས་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་གིས་ལོག་ཆོས་ལ་རྒོལ་བ་དང་དྲག་སྤྱོད་ལ་རྒོལ་བའི་ལས་དོན་ལེགས་པོ་སྒྲུབ་པར་མཐུན་སྦྱོར་དང་ཁྲིད་སྟོན་བཅས་བྱ་དགོས།

ལྔ། སྲིད་ཁྲིམས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཆོས་ལོག་ལ་ངོ་རྒོལ། གཏུམ་སྤྱོད་འཇིགས་སྐུལ་ལ་ངོ་རྒོལ་སོགས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་བྱེད་རྒྱུར་གཅིག་གྱུར་མཐུན་སྦྱོར་བྱ་དགོས།

དྲུག སྲིད་ཁྲིམས་སྡེ་ཚན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་ལྟ་སྐུལ། སྲིད་ཁྲིམས་སྡེ་ཚན་གྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་ཚུལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་བཅས་ལ་ཞིབ་བཤེར། སྲིད་ཁྲིམས་སྡེ་ཚན་ལ་མཛུབ་སྟོན་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་ཀ་འབྲེལ་མཐུད་དང་རོགས་ལས་གཞོགས་འདེགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་བསྟར་ནན་པོ་དང་ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

བདུན། སྲིད་ཁྲིམས་སྡེ་ཚན་གྱི་ཏང་ལེགས་སྐྱོང་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་སྲིད་ཁྲིམས་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་རོགས་རམ། ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ལྟ་སྐུལ་ཞིབ་བཤེར་དང་། ཞིབ་བཤེར་བརྟག་དཔྱད་ཀྱི་ལས་ཀ་ལེགས་པོར་བྱེད་པ། རིམ་པ་གཅིག་མཚུངས་ཀྱི་སྲིད་ཁྲིམས་སྡེ་ཚན་གྱི་ཏང་ཙུའུ་(ཏང་ཨུ)ཡི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཟུར་ཞུགས་བྱེད་པ་མི་ཆད་པ་བཅས་བྱ་དགོས།

བརྒྱད། ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཁུངས་རིམ་པ་ཁག་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་ལས་ཁུངས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། དེའི་ལས་སྒྲུབ་སྒྲིག་གཞིའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུ། སྲིད་ཁྲིམས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ཀྱི་འཐབ་ཇུས་ཞིབ་འཇུག་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་མཛུབ་སྟོན་བྱས་ཏེ། གྲོས་འགོ་དང་ལས་ཀའི་བསམ་འཆར་འདོན་པ་དང་། སྲིད་ཁྲིམས་སྡེ་ཚན་གྱིས་ཆབ་སྲིད་བདེ་འཇགས་ལས་དོན་དང་ཁྲིམས་བསྟར་ཁྲིམས་འཛིན་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་ལས་དོན་ལ་མཛུབ་སྟོན་དང་མཐུན་སྦྱོར་བྱ་དགོས།

དགུ། སྲིད་ཁྲིམས་ཐད་ཀྱི་གླེང་ཕྱོགས་གནས་ཚུལ་ལ་དབྱེ་ཞིབ་བྱ་རྒྱུ་ཁོང་དུ་ཆུད་པར་བྱས་ནས་སྲིད་ཁྲིམས་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལས་སྒྲུབ་དང་། དྲིལ་སྒྲོག་དང་གནས་འཕྲིན་སྤེལ་བ། གླེང་ཕྱོགས་ཐོག་ནས་ཁྲིད་སྟོན་བྱེད་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལེགས་པོ་སྒྲུབ་པར་ཁྲིད་སྟོན་དང་མཐུན་སྦྱོར་བྱ་དགོས།

བཅུ། ཏང་ཨུ་དང་གོང་རིམ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་རྒྱུ་བཅས་ཡིན།

བཅུ་གཅིག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཀྱི་འགན་འཁྲི་གཙོ་བོ་ནི། སྲིད་ཁྲིམས་ལས་ཁུངས་སོགས་སྡེ་ཁག་གིས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་དོན་དག་གལ་ཆེན་ཐག་གཅོད་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་གལ་ཆེན་ལ་གདོང་གཏད་པ་དང་ཐག་གཅོད་པར་མཐུན་སྦྱོར་བྱ་རྒྱུ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་བྱུང་ཚུལ་ཤེས་རྟོགས་དང་། ཁོང་དུ་ཆུད་པ། དབྱེ་ཞིབ། བརྡར་ཤ་གཅོད་པ། དེ་མིན་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་ཀྱི་འགལ་བ་དང་ཉེན་ཁ་སྔོན་འགོག་དང་འདུམ་སེལ་བྱེད་རྒྱུ་སོགས་ཡིན།

བཅུ་གཉིས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་ཀ་སྤེལ་བར་སྒྲིག་འཛུགས་མཐུན་སྦྱོར་དང་། སྐུལ་སྤེལ། སྐུལ་འདེད་བཅས་བྱེད་པའི་འགན་འཁུར་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་གནས་ཚུལ་ཕྱོགས་བསྡོམས་དང་ཁོང་དུ་ཆུད་པ། གློ་བུར་དུ་བྱུང་བའི་དོན་རྐྱེན་གལ་ཆེན་མཐུན་སྦྱོར་དང་ཐག་གཅོད། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་ཀའི་ཐབས་ཇུས་དང་གྲོས་འགོ་འདོན་པ་སོགས་བྱ་རྒྱུ།

བཅུ་གསུམ། འབྲེལ་ཡོད་སྡེ་ཚན་ཁག་གིས་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཐུན་སྦྱོར་མཛུབ་ཁྲིད་བྱས་ནས་འབྲེལ་ཡོད་གནས་ཚུལ་གྱི་ཆ་འཕྲིན་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་འབྲེལ་ཏང་ཀྲུང་དབྱང་ལ་སྲིད་ཇུས་ཀྱི་གྲོས་འགོའང་བཏོན་ཏེ་གློ་བུར་དུ་ཐོན་པའི་དོན་རྐྱེན་ཚབས་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱེད་རྒྱུ་སོགས་ཡིན། སྤྱི་བདེ་པུའུ་ཡིས་ལོག་ཆོས་ཀྱི་ལས་དོན་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་ཐད་ཀྱི་འགན་འཁྲི་གཙོ་བོ་ནི་ལོག་ཆོས་རྩ་འཛུགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་འཚོལ་བསྡུ་དང་། དབྱེ་ཞིབ། བརྡར་ཤ་གཅོད་པ་དང་། དེ་མིན་ཆོས་ལོག་རྩ་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་སོགས་ཡིན།

4 ལམ་ལུགས་རྩ་དོན།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ་དང་། ཧྲུའུ་ཅི་ཡིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་སྐྱོང་བྱེད་པ། ཨུ་ཡོན་ཁག་གིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་། ཐག་གཅོད། གཏན་འབེབས། བླང་བྱ་བཅས་ཞིབ་འཇུག་དང་གཏན་འབེབས་བྱས་པ་མ་ཟད། དེ་ཉིད་སྡེ་ཁག་དེ་ག་དང་ཁོངས་གཏོགས་དེ་གའི་ལས་དོན་ཁྲོད་དོན་འཁྱོལ་ཡང་བྱས་པ་རེད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་དོན་ཐག་གཅོད་བྱེད་འགན་འཁུར་བ་དང་། དྲུང་ཡིག་ཆེན་མོས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་ལས་དོན་གཙོ་སྐྱོང་བྱེད་པ་ཡིན།

5 འགོ་ཁྲིད་ཚན་ཁག
5_1 ཧྲུའུ་ཅི།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀུའོ་ཧྲེང་ཁུན།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཀྲའོ་ཁུ་ཀྲི།

5_2 ཨུ་ཡོན།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲོའུ་ཆང་། ཀྲང་ཅུན། ཁྲེན་དབྱི་ཞིན། ཁྲེན་ཝུན་ཆིང་། ཐང་དབྱི་ཅུན། ཝང་ཉིང་། ཝང་རེན་ཧྭ།

5_3 དྲུང་ཡིག་ཆེན་མོ།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཁྲེན་དབྱི་ཞིན།

5_4 དྲུང་ཡིག་ཆེན་མོ་གཞོན་པ།

ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཅིང་ཧན་ཁྲའོ། པའེ་ཧྲའོ་ཁང་། ཝང་ཧུང་ཞང་། ལེ་ཏུང་ཧྲེང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-14

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།