མཁའ་འདྲི་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁའ་འདྲི་དང་པོ།
མཁའ་འདྲི་དང་པོར་དབྱིན་སྐད་དུTianwen1ཞེས་འབོད་ཅིང་། ཀྲུང་གོའི་བར་སྟོང་ལག་རྩལ་ཞིབ་འཇུག་གླིང་གིས་ཞིབ་འཇུག་བགྱིས་ཏེ་བཟོས་ཤིང་། ཀྲུང་གོའི་རང་རྟོགས་སྒོས་མིག་དམར་འཚོལ་ཞིབ་ཀྱི་ལས་འགན་སྒྲུབ་ཐེངས་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天问一号
ཕྱི་ཡིག་གི་མིང་།
Tianwen1
རྒྱལ་ཁབ།
ཀྲུང་གོ།
གསར་བཟོ་ལས་ཁུངས།
ཀྲུང་གོའི་བར་སྟོང་ལག་རྩལ་ཞིབ་འཇུག་གླིང་།
རིགས་དབྱེ།
མིག་དམར་འཚོལ་ཞིབ་ཆས།
སྤྱིའི་ཇུས་འགོད་པ།
ཀྲང་རོང་ཆའོ།
འཚོལ་ཞིབ་ཆས་ཀྱི་ཚབ་ཨང་།
TW-1/Huoxing-1/HX 1
འཕེན་གཏོང་ས་གནས།
ཝུན་ཁྲང་མཁའ་འགྲུལ་འཕེན་གཏོང་ར་བ།
སྐྱེལ་འདྲེན་མེ་ཤུགས་འཕུར་མདའ།
རྒྱང་སྐྱོད་ལྔ་པའི་མེ་ཤུགས་འཕུར་མདའ་བཞི་པ།
འཕེན་གཏོང་དུས་ཚོད།
སྤྱི་ལོ2020ལོའི་ཟླ7པའི་ཚེས23ཉིན་ཆུ་ཚོད12དང་སྐར་མ41སྟེང་།
1 ​ངོ་སྤྲོད།

སྤྱི་ལོ2020ལོའི་ཟླ7པའི་ཚེས23ཉིན། མཁའ་འདྲི་དང་པོ་ཝུན་ཁྲང་འཕེན་གཏོང་ར་བ་ནས་རྒྱང་སྐྱོད་ལྔ་པའི་མེ་ཤུགས་ཕུར་མདའ་འཁོར་སྐྱོད་བཞི་པས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཏེ་རྒྱལ་ཁའི་ངང་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་བགྲོད་ཐུབ་པ་བྱུང་། འཆར་གཞི་ལྟར་ན་མཁའ་འདྲི་དང་པོས་སྤྱི་ལོ2021ལོའི་ཟླ2པར་མིག་དམར་དུ་ཐོན་ཏེ་མིག་དམར་འཛིན་པའི་འཆར་གཞི་ལག་བསྟར་བྱ་ངེས། སྤྱི་ལོ2021ལོའི་ཟླ5པར་འོས་འཚམ་གྱི་གོ་སྐབས་དང་བསྟུན་ཏེ་སར་འབབ་པ་སྟེ། སར་འབབ་སྐོར་ཞིབ་ཆས་དང་འཁོར་ཆས་སོ་སོར་གྱེས་པ་དང་། བརྟན་ལྷིང་ངང་མིག་དམར་གྱི་ཕྱི་ངོས་སུ་འབབ་པ། མིག་དམར་འཁོར་ལོ་འབབ་སྟེགས་དང་གྱེས་པ། སྐོར་ཞིབ་དང་མྱུལ་དཔྱད་སོགས་ཀྱི་ལས་ཀ་བསྒྲུབ་ངེས། དེ་མིན་མིག་དམར་ཕྱི་ངོས་ཀྱི་དབྱིབས་རྣམ་དང་། ས་གཤིས་ཀྱི་ཁྱད་ཆོས། དངོས་པོའི་གྲུབ་ཆ། ཆུ་དང་དར། རླུང་ཁམས་ཆེན་མོ། གློག་གྱེས་བང་རིམ། སྡུད་ར་སོགས་ཀྱི་ཚན་རིག་དང་འབྲེལ་བའི་མྱུལ་དཔྱད་བྱས་ཏེ། ཀྲུང་གོའི་བར་སྟོང་མྱུལ་དཔྱད་ཐད་ལག་རྩལ་གྱི་ཐོད་བརྒལ་གསར་བ་མངོན་འགྱུར་བྱ་ངེས་པ་སྟེ། བར་སྟོང་མྱུལ་དཔྱད་དེ་བར་སྟོང་ཚན་རིག་དང་། བར་སྟོང་ལག་རྩལ། བར་སྟོང་ཉེར་སྤྱོད་ཁྱོན་ཡོངས་ནས་འཕེལ་རྒྱས། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མིའི་རིགས་ཀྱི་བདེ་སྐྱིད་ཆེར་འཕེལ་བར་སྔར་ལས་ལྷག་པའི་བྱས་རྗེས་བཞག

སྤྱི་ལོ2021ལོའི་ཟླ1པོའི་ཚེས3ཉིན་གྱི་ཆུ་ཚོད6པའི་བར་དུ། མཁའ་འདྲི་དང་པོ་འཁོར་ལམ་ནས་ཉིན163ལ་འཕུར་སྐྱོད་བྱས་ཤིང་། འཕུར་སྐྱོད་ཀྱི་ལམ་ཐག་སྟོང་སྨི་དུང་ཕྱུར4ལས་བརྒལ་ཞིང་། སའི་གོ་ལ་དང་བར་ཐག་སྟོང་སྨི་དུང་ཕྱུར1.3དང་། སྐར་མ་མིག་དམར་དང་བར་ཐག་ས་ཡ་སྟོང་སྨི830ཡོད་སར་གནས།

2 འཕེལ་རིམ།
2_1 ལོ་རྒྱུས་རྒྱབ་ལྗོངས།

སྤྱི་ལོ2011ལོའི་ཟླ11པའི་ཚེས9ཉིན། ཀྲུང་གོས་བཟོས་པའི་མིག་དམར་འཚོལ་ཞིབ་ཆས་དང་པོ་སྟེ་དབྱིན་ཧུའོ་དང་པོ་ཨུ་རུ་སུའི་ཧྥུའུ་པུའུ་སི་ས་གཤིས་རྟགས་ཀྱི་འཚོལ་ཞིབ་ཆས་དང་ལྷན་དུ་ཧ་ས་ཁི་སི་ཐན་རྒྱལ་ཁོངས་ཀྱི་ཁུ་ནུའུར་འཕེན་གཏོང་ར་བ་ནས་འཕེན་གཏོང་བྱས་མོད། ཨུ་རུ་སུའི་འཚོལ་ཞིབ་ཆས་ལ་གནད་དོན་བྱུང་བས་འཕེན་གཏོང་ཕམ་ཁའི་ངང་མཇུག་སྒྲིལ། དེའུ་རྗེས་སུ་ཀྲུང་གོའི་མེ་ཤུགས་འཕུར་མདའ་དང་མཁའ་དབྱིངས་མྱུལ་དཔྱད་ཆས་སོགས་ཀྱི་ལག་རྩལ་ཐད་འཕེལ་རྒྱས་བྱུང་ཞིང་། ཀྲུང་གོ་རང་ངོས་ནས་མིག་དམར་འཚོལ་ཞིབ་ཆས་གསར་བཟོ་བྱེད་པར་ཕྱོགས།

2_2 གསར་བཟོའི་བརྒྱུད་རིམ།

《2016ལོའི་ཀྲུང་གོའི་མཁའ་སྐྱོད》ཅེས་པའི་དེབ་ཏུ་ཀྲུང་གོའི་མིག་དམར་འཚོལ་ཞིབ་གྱི་འོས་འགན་དང་། མེ་འཁོར་སྐོར་བ། སར་འབབ་པ། འཚོལ་ཞིབ་མྱུལ་དཔྱད་བཅས་ཀྱི་ལག་རྩལ་གནད་འགག་ཅན་ཐོག་མར་ལག་བསྟར་བྱ་དགོས་པ་གསལ་བོར་བསྟན་ཡོད།

སྤྱི་ལོ2016ལོའི་ཟླ1པོར། ཀྲུང་གོའི་རང་ངོས་ནས་བསྒྲུབ་པའི་མིག་དམར་འཚོལ་ཞིབ་ལས་འགན་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་སྟེ་རྣམ་གྲངས་སུ་གྲུབ་ཅིང་། འོས་འགན་གྱི་བླང་བྱ་ལྟར་ན་འཕེན་གཏོང་བྱེད་ཐེངས་གཅིག་གིས་མིག་དམར་ལ་སྐོར་བ་རྒྱག་པ་དང་། སར་འབབ་པ། འཚོལ་ཞིབ། མིག་དམར་ལ་གོ་ལ་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་སྐོར་བ་བརྒྱབ་སྟེ་འཚོལ་ཞིབ་བྱེད་པ། མིག་དམར་གྱི་ཕྱི་ངོས་ནས་ཡུལ་ཁོངས་རང་བཞིན་གྱི་འཚོལ་ཞིབ་མྱུལ་དཔྱད་བྱེད་དགོས། སྤྱི་ལོ2020ལོའི་ཟླ7པ་ནས8པའི་བར་དུ་གོ་སྐབས་དང་བསྟུན་ཏེ་འཕེན་གཏོང་བྱས་པ་དང་། སྤྱི་ལོ2021ལོར་མིག་དམར་སྟེང་ཐོན་དགོས་པའི་འཆར་གཞི་འཐེན་ཡོད།

སྤྱི་ལོ2020ལོའི་ཟླ7པའི་ཚེས14ཉིན། མིག་དམར་འཚོལ་ཞིབ་ཆས་མཁའ་འདྲི་དང་ཁོ་ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་ར་བར་སླེབས།

སྤྱི་ལོ2020ལོའི་ཟླ7པའི་ཚེས23ཉིན་གྱི་ཆུ་ཚོད12དང་སྐར་མ41སྟེང། མཁའ་འདྲི་དང་པོ་ཝུན་ཁྲང་འཕེན་གཏོང་ར་བ་ནས་རྒྱང་སྐྱོད་ལྔ་པའི་མེ་ཤུགས་ཕུར་མདའ་འཁོར་སྐྱོད་བཞི་པས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཏེ་སྐར་ཆ2000ལྷག་ལ་འཕུར་སྐྱོད་བྱས་པའི་རྗེས་སུ་ རྒྱལ་ཁའི་ངང་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་བགྲོད་ཐུབ་པ་བྱུང་བ་དང་། མིག་དམར་འཚོལ་ཞིབ་ཀྱི་ལས་འགོ་ཚུགས་ཤིང་། ཀྲུང་གོས་རང་ངོས་ནས་རྒྱུ་སྐར་ལ་འཚོལ་ཞིབ་བྱེད་པའི་གོམ་ཐེངས་དང་པོ་སྤོས།

3 འཕུར་སྐྱོད་གོ་རིམ།

སའི་གོ་ལ་དང་ཟླ་བའི་མཉམ་པར།

སྤྱི་ལོ2020ལོའི་ཟླ7པའི་ཚེས27ཉིན། པེ་ཅིང་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་ཚོགས་པ་དང་ཀྲུང་གོའི་བར་སྟོང་ལག་རྩལ་ཞིབ་འཇུག་གླིང་གི་ཚོད་ལྟའི་རུ་ཁག་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་མཁའ་འདྲི་དང་པོ་སའི་གོ་ལ་དང་བར་ཐག་སྟོང་སྨི་ས་ཡ1དང་འབུམ2གཉིས་ཡོད་པའི་སར་ཕྱིར་གོ་ལར་བལྟ་རུ་བཅུག་པ་དང་། འོད་རིག་པའི་ཕྱོགས་སྟོན་ཚོར་སྐྱེན་ཆས་སྤྱད་དེ་སའི་གོ་ལ་དང་ཟླ་བའི་མཉམ་པར་བླངས།

འཁོར་ལམ་བཟོ་བཅོས།

སྤྱི་ལོ2020ལོའི་ཟླ8པའི་ཚེས2ཀྱི་ཆུ་ཚོད7པའི་སྟེང་། མཁའ་འདྲི་དང་པོ་འཚོལ་ཞིབ་ཆས་ཁ་ཕྱེས་ཏེ་སྐར་ཆ20ལ་ལས་ཀ་བྱས་ཤིང་། འཁོར་ལམ་བཟོ་བཅོས་ཐེངས་དང་པོ་ལེགས་འགྲུབ་བྱུང་ཞིང་། མུ་མཐུད་དུ་མིག་དམར་ཕྱོགས་སུ་འཁོར་སྐྱོད་བྱས།

སྤྱི་ལོ2020ལོའི་ཟླ8པའི་ཚེས28ཀྱི་ཆུ་ཚོད10དང་སྐར་མ08བར་དུ། མཁའ་འདྲི་དང་པོ་འཚོལ་ཞིབ་ཆས་ཁྱོན་སྟོང་སྨི་དུང་ཕྱུར1ལ་འཕུར་སྐྱོད་བྱས་ཤིང་། འཚོལ་ཞིབ་ཆས་ཀྱི་འབྲེལ་ཡོད་སྒྲིག་ཆས་ཚང་མ་བརྟན་འཇགས་དང་རྒྱུན་ལྡན་ཡིན།

བཟོ་བཅོས་ཐེངས་གཉིས་པ།

སྤྱི་ལོ2020ལོའི་ཟླ9པའི་ཚེས20ཉིན་གྱི་ཆུ་ཚོད23སྐབས། ཀྲུང་གོའི་མིག་དམར་མྱུལ་དཔྱད་འོས་འགན་ཚོགས་པའི་ཚོད་འཛིན་འོག་མཁའ་འདྲི་དང་པོའི་འཁོར་སྐྱོད་ལམ་བར་གྱི་འཁོར་ལམ་བཟོ་བཅོས་བྱེད་ཐེངས་གཉིས་པ་ལེགས་འགྲུབ་བྱུང་།

བཟོ་བཅོས་ཐེངས་གསུམ་པ།

སྤྱི་ལོ2020ལོའི་ཟླ10པའི་ཚེས28ཉིན་གྱི་ཆུ་ཚོད22སྟེང་། ཀྲུང་གོའི་མིག་དམར་མྱུལ་དཔྱད་ཚོགས་པའི་ཚོད་འཛིན་འོག་མཁའ་འདྲི་དང་པོ་འཚོལ་ཞིབ་ཆས་ཀྱི་སྒུལ་བྱེད་འཕྲུལ་འཁོར825Nགྱིས་དུས་མཉམ་དུ་ལས་ཀ་བྱས་ཤིང་། འཁོར་ལམ་བར་སྐབས་ཀྱི་འཁོར་ལམ་བཟོ་བཅོས་བྱེད་ཐེངས་གསུམ་པ་ལེགས་འགྲུབ་བྱུང་།

སྤྱི་ལོ2021ལོའི་ཟླ1པོའི་ཚེས3ཉིན། མཁའ་འདྲི་དང་པོ་འཚོལ་ཞིབ་ཆས་ཁྱོན་ཉིན163ལ་འཕུར་སྐྱོད་བྱས་ཤིང་། འཁོར་སྐྱོད་ལམ་ཐག་སྟོང་སྨི་དུང་ཕྱུར4ལས་བརྒལ་བ་བྱུུང་། སྐབས་དེར་སའི་གོ་ལ་དང་བར་ཐག་སྟོང་སྨི་དུང་ཕྱུར1.3དང་། སྐར་མ་མིག་དམར་དང་བར་ཐག་སྟོང་སྨི་ས་ཡ8དང་འབུམ3ཡོད་སར་གནས།

4 རིག་གནས་ཀྱི་ཁྱད་ཆོས།
4_1 ལས་གྲྭའི་མཚོན་རྟགས།

ཀྲུང་གོའི་རྒྱུ་སྐར་མྱུལ་དཔྱད་ལས་གྲྭ་ནི་དོན་སྤྱི་ཧྲིལ་བོ་ཞིག་ཡིན་པའི་ཆ་ནས།  དགུ་ཚིགས་ནས་སྐར་མ་འཛིན་པ་དེ་ལས་གྲྭའི་མཚོན་རྟགས་སུ་བྱས་ཡོད་ཅིང་། ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེན་མོ་བརྒྱད་གོ་རིམ་ལྟར་སྒྲིག་ཡོད་པ་དེས་ཁ་དོག་སྣ་ལྔའི་འཇིག་རྟེན་མཚོན། མཚོན་རྟགས་དེས་ཚན་རིག་གི་ཤེས་རྟོགས་ནི་སྣ་མང་ཕུན་སུམ་ཚོགས་པ་དང་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་པ་གསལ་བཤད་བྱེད་ཀྱིན་ཡོད།

4_2 མིང་འདོགས་སྟངས།

མཁའ་འདྲི་དང་པོ་ཞེས་པ་འདི་ནི་ཀྲུང་གོའི་གནའ་རབས་རྒྱལ་གཅེས་རིང་ལུགས་ཀྱི་སྙན་ངག་པ་ཆུའུ་ཡོན་གྱི་སྙན་ངག་རིང་མོ《མཁའ་ལ་འདྲི་བ》ཞེས་པར་བརྟེན་ནས་བཏགས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་བདེན་ལུགས་འཚོལ་ཞིབ་ཀྱི་ཆོད་སེམས་བརྗོད་བཞིན་ཡོད་པ་མ་ཟད། རང་བྱུང་ཁམས་དང་འཇིག་རྟེན་བར་སྟོང་གི་རིག་གནས་རྒྱུན་འཛིན་དང་། ཚན་རིག་རིག་གནས་དང་བདེན་ལུགས་འཚོལ་ཞིབ་ཀྱི་བགྲོད་ལམ་རིང་ཞིང་། ཚན་རྩལ་འཚོལ་སྙེག་གིས་གསར་གཏོད་བྱེད་པར་མུ་མཐའ་མེད་པ་མཚོན།

5 ལོ་རྒྱུས་ཀྱི་དོན་སྙིང་།

མཁའ་འདྲི་དང་པོ་འཚོལ་ཞིབ་ཆས་འཕེན་གཏོང་ལེགས་འགྲུབ་བྱུང་བ་དང་། རྒྱུན་མཐུད་འཕུར་སྐྱོད། སྐོར་བ་བརྒྱབ་པ། མར་བབས་པ། སྐོར་ཞིབ་བྱས་པ་བཅས་ཀྱིས་མཁའ་དབྱིངས་སུ་མྱུལ་དཔྱད་བྱེད་པ་ནི་དེང་གི་ཚན་རིག་ལག་རྩལ་ཁྲོད་ཀྱི་འགྲན་སློང་རང་བཞིན་ཧ་ཅང་མཐོ་བའི་ཁྱབ་ཁོངས་ཤིག་ཡིན་པ་མཚོན། ཀྲུང་གོས་མཁའ་དབྱིངས་མྱུལ་དཔྱད་ལས་དོན་རྒྱུན་མཐུད་ཀྱིས་སྤེལ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁག་ཐེག་དང་། ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་མཉེན་པའི་སྟོབས་ཤུགས་དང་དེ་མིན་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-12

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།