སྤུས་ཚད་མཐོ་བའི་འཕེལ་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤུས་ཚད་མཐོ་བའི་འཕེལ་རྒྱས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པ་ནི་འཕེལ་རྒྱས་དཔལ་འབྱོར་རིག་པའི་ལྟེ་བར་གྱུར་བའི་དོན་སྤྱི་ཞིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མིང་གཞན་ལ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高质量发展
བཏོན་དུས།
སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན།
བྱུང་ཁུངས།
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དགུ་པ།
ས་གནས།
པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ།
1 ངོ་སྤྲོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པ་ནི་སྤྱི་ལོ2017ལོའི་ཀྲུང་གོ་གུང་ཁྲན་ཏང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དགུ་བའི་སྟེང་ཐོག་མར་བཏོན་ཞིང་། དེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་ལ་སླེབས་ཀྱིན་པ་མཚོན།

སྤྱི་ལོ2018ལོའི་ཟླ3པའི་ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་དང་པོས་གྲོས་ཞིབ་གནང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སོགས་ཕྱོགས་དགུ་ཡི་བཀོད་འདོམས་བཏོན་ཡོད་པ་ཚང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མ་འབྲེལ་བ་མེད།

2 མཚན་ཉིད།

དོན་དང་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་ཚང་མ་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཡིན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གཞི་གྲངས་ཡང་དག་པ། ཚོང་གཉེར་ཁོར་ཡུག་ཕུལ་དུ་བྱུང་བ། ཐོན་རྫས་ཀྱི་སྤུས་ཀར་ཁག་ཐེག་ཡོད་པ། ཐོན་ཁུངས་གནད་ཁེལ་གྱིས་འབྲེལ་མཐུད་དང་སྒྲིག་སྦྱོར་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། གསར་གཏོད་སྐུལ་སྤེལ་ཅན། གསར་གཏོད་བསྲི་ཚགས་དང་རིན་ཐང་ལྡན་པ། ཤེས་རིག་དཔལ་འབྱོར་གྱིས་ཁྲིད་སྟོན་དང་། ཟུར་སྣོན་རིན་ཐང་མཐོན་པོ་ལྟེ་བར་གནས་པ། སྤུས་ཚད་ཀྱིས་ཁ་གྲངས་ལ་ཁྲིད་སྟོན། དཔལ་འབྱོར་གྱི་སྤྱི་འབོར་དེ་ནུས་པ་ལྡན་པའི་དཔལ་འབྱོར་གྱི་སྤྱི་འབོར་དུ་བསྒྱུར་བ། ཐོན་ལས་གྱི་རིམ་པ་རྒྱུན་ཆད་མེད་པར་འཕར་བ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་ཅན་གྱི་ཕྱོགས་ཡོངས་ནས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བ་བཅས་ཀྱི་དཔལ་འབྱོར་འཕར་སྣོན་ཡོངས་སྟངས་ཤིག་ཡིན། གསར་གཏོད་ཅན། བསྐྱར་གནས་ཅན། སྐྱེ་ཁམས་ཅན། ཞིབ་ཚགས་ཅན། ཕན་ནུས་ཅན་བཅས་ནི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་རྟགས་གཤའ་མར་གྱུར་བ་དག་ཡིན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འཕར་སྣོན་དང་འཕེལ་རྒྱས་གཅིག་གྱུར་མངོན་འགྱུར་དང་། འཕར་སྣོན་བྱ་སྟངས་དང་འཕེལ་རྒྱས་ཀྱི་རྣམ་པ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱུང་དུ་བཅུག་ཡོད། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དེང་རབས་དཔལ་འབྱོར་མ་ལག་གི་རང་ཆོས་སུ་གྱུར་བའི་ཁྱད་རྟགས་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྱི་རྩ་བའི་དམིགས་འབེན་ཡིན། གནད་ཁེལ་དཔལ་འབྱོར་རིག་པ་ནི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་ཀྱི་མཛུབ་སྟོན་ཡིན།

3 ཐོག་མར་བཏོན་པ།

སྤྱི་ལོ2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། གཅིག་གྱུར་གྱིས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། བརྟན་འཇགས་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བསྟན་འདུག གོང་གསལ་གྱི་སྔོན་དཔག་དམིགས་ཚད་གཙོ་བོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དགོས་མཁོར་བསམ་གཞིག་བྱས་པ་དེ་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་མཚམས་ཀྱི་དོན་དངོས་དང་མཐུན།

རྒྱལ་ཁོངས་ཁེ་ལས་དག་གིས་བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བྱ་དགོས།

གོམ་གང་མདུན་སྤོས་ཀྱིས་ཁྱབ་ཁོངས་དང་བང་རིམ་གྱི་རྒྱ་བསྐྱེད་དེ། གྲུབ་ཚུལ་བཀོད་སྒྲིག་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྤུས་ཚད་མཐོ་བའི་དཔལ་འབྱོར་སྤུས་ཚད་མཐོན་པོ་ཅན་འཕེལ་རྒྱས་སུ་གཏོང་དགོས།

4 ནང་དོན་གསལ་འགྲེལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝང་དབྱི་མེང་གིས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་གནད་འགག་ཏུ་གྱུར་བའི་གནད་དོན་ནི་དཔལ་འབྱོར་གྱི་གསོན་ཤུགས་དང་། གསར་གཏོད་ནུས་པ། འགྲན་རྩོད་ནུས་པ་བཅས་ལ་རག་ལས་ཤིང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་གྱི་བཅོས་བསྒྱུར་ནི་རྩ་བའི་ཐབས་ལམ་དུ་ངེས་ཞེས་བསྟན། ཁོང་གིས་མིག་སྔའི་ཆར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྱུར་བ་ལ་ཕན་ནུས་ཅན་གྱི་རྨང་གཞིའི་ཆ་རྐྱེན་མང་པོ་ཡོད་དེ། དཔེར་ན་འདས་པའི་ལོ་ལྔའི་རིང་གི་འཛད་སྤྱོད་འཕར་སྣོན་བྱུང་བ་དང་། ཞབས་ཞུ་ལས་རིགས་ཀྱི་ཟིན་ཚད་ཇེ་མཐོར་སོང་བས་དཔལ་འབྱོར་འཁོར་བསྐྱོད་ཀྱི་བརྟན་འཇགས་རང་བཞིན་སྔར་མེད་པར་སྟོབས་ཆེར་བཏང་བ། ཡོང་འབབ་འབྲིང་རིམ་ཚོགས་པ་བསྟུད་མར་ཇེ་མང་དུ་སོང་བ་དང་བསྟུན་ནས་ཁྲོམ་རའི་སྐུལ་སློང་ནུས་པ་ཇེ་ཆེར་བཏང་བ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་བཅོས་བསྒྱུར་གྱིས་ཁྲོམ་རའི་ནུས་པ་མངོན་གསལ་གྱིས་ཇེ་ཆེར་བཏང་བ། ཚན་རིག་གསར་གཏོད་དང་ལག་རྩལ་ཁྱབ་གདལ་གྱིས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་སྤེལ་བར་ལག་རྩལ་གྱི་རམ་འདེགས་མཁོ་འདོན་བྱས། གོ་ལ་ཧྲིལ་བོའི་རིན་ཐང་ཕྲེང་བའི་འགྱུར་ལྡོག་གིས་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་འདོན་སྤྲོད་བྱས་པ་བཅས་སོ།། རྒྱལ་ཁབ་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སློབ་སྤྱི་ལིའུ་ཝེ་ཡིས་ཕྱོགས་ཆུང་ས་ཞིག་ནས་བཤད་ན་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ནི་ཐོན་སྐྱེད་རྒྱུ་ཆ་དང་། ཐོན་སྐྱེད་ནུས་ཤུགས། ལས་ཕྱོད་བཅས་མཐོར་འདེགས་བྱ་བའི་རྨང་གཞིའི་སྟེང་འཛུགས་པ་ལས། རྒྱུ་ཆ་སྤྱོད་ཚད་གཞི་རྒྱ་བསྐྱེད་པའི་རྨང་གཞའི་སྟེང་བསྐྲུན་དགོས་པ་ཞིག་མིན་པར་འདོད། ཕྱོགས་ཆེ་ས་ཞིག་ནས་བཤད་ན་དཔལ་འབྱོར་དོ་མཉམ་གྱིས་འཕེལ་བར་བྱ་དགོས་པ་དེ་ཡིན། ཕྱོགས་དེ་གཉིས་ལས་གང་ལ་མི་གཏོགས་པའི་ངོས་ནས་བཤད་ན། ཐོན་ལས་ཀྱི་སྒྲིག་གཞི་དང་། ཁྲོམ་རའི་སྒྲིག་གཞི། ཡུལ་ཁོངས་སྒྲིག་གཞི་བཅས་འདུས་པའི་རྒྱལ་དམངས་དཔལ་འབྱོར་གྱི་རིམ་པ་སྤར་བར་གཙིགས་ཆེན་བྱ་དགོས་ཏེ། རིན་ཐང་ཅན་གྱི་ཐོན་ཁུངས་དག་ཆེས་དགོས་མཁོ་ཡོད་སར་སྤྱོད་དགོས་ཞེས་པའི་དགོངས་ཚུལ་བསྟན།

5 གནས་གཞི་གཏན་ཁེལ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱང་དུས་རབས་གསར་བར་སླེབས་ཡོད། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་བ་ནི། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་གིས་འཕེལ་རྒྱས་སུ་འགྲོ་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོར་བསྟུན་ཐུབ་ཡོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུ་མངོན་འགྱུར་བྱ་བའི་ལས་དང་བསྟུན་པའི་ཐབས་ཤིག་ཡིན་ལ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་རྒྱལ་ཁབ་འཛུགས་པའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ་ཞིག་དེ་བས་ཀྱང་ཡིན།

དང་པོ། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་རང་འགུལ་གྱི་གདམ་གསེས་ཤིག་ཡིན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཏུ་ཆགས་ཡོད་པས། སྐབས་འདི་ལ་བསྟུན་ནས་རྩ་བ་མ་ཤོར་བ་དང་། ཡུན་རིང་བོའི་གནས་ཚུལ་རྟོགསས་པར་བྱས་ཏེ། དཔལ་འབྱོར་གྱི་ཆོས་ཉིད་བརྩི་སྲུང་གིས་དཔལ་འབྱོར་གྱི་རྣམ་པ་གསར་བ་དང་མཐུན་ཐུབ་བྱ་དགོས།

གཉིས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་ལག་ལེན་དོན་འཁྱོལ་བྱ་བའི་རྩ་བའི་མཚོན་ཚུལ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགལ་བ་དང་གནད་དོན་ལ་གཞིགས་ཏེ། གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ལྟ་གྲུབ་གསར་བ་བཏོན། འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་ལག་ལེན་དོན་འཁྱོལ་བྱས་ན་ད་གཟོད་སྤུས་ཚད་མཐོ་བའི་དཔལ་འབྱོར་སྤེལ་ཐུབ། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེར་འཕེལ་གྱིན་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་ཞིག་དང་། འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་མཚོན་ནུས་པ་ཞིག་ཡིན་དགོས།

གསུམ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་རང་རྒྱལ་གྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཚུལ་ལ་བསྟུན་པའི་དགོས་ངེས་ཀྱི་བླང་བྱ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རིམ་གསར་བ་ཞིག་ཏུ་སླེབས་པས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་དེ་ཡང་མི་དམངས་ཀྱི་ཉིན་རེར་འཕེལ་གྱིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་འཐུས་མི་ཚང་བའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་ཡོད། མི་དམངས་ཀྱི་ཉིན་རེར་འཕེལ་གྱིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བར་ངེས་པར་དུ་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་དགོས།

བཞི་པ། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱ་བར་དགོས་པའི་དགོས་ངེས་ཀྱི་ལམ་བུ་དེ་ཡིན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱ་བ་ནི་འགག་སྒོ་བརྒལ་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཡིན། འཐབ་ཇུས་དམིགས་འབེན་འདི་མངོན་འགྱུར་བྱ་བར་ངེས་པར་དུ་སྤུས་ཚད་དང་པོ་དང་། ཕན་ནུས་སྔོན་འགྲོ་ཡི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། སྤུས་ཚད་གསར་སྒྱུར། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར། རྒྱུན་ཆད་མེད་པར་རང་རྒྱལ་གྱི་དཔལ་འབྱོར་གྱི་གསར་གཏོད་དང་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བ་བཅས་ལ་མདོར་དེད་ན་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།

6 འགལ་བའི་འབྲེལ་བ། 

སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་བར་རྩོད་སྒྲུབ་རིག་པའི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད། དཔལ་འབྱོར་འཕེལ་རྒྱས་ནི་དུང་འཁྱིལ་བ་ལྟར་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཞིག་ཡིན་ལ། ཡར་འཕར་བ་དེ་ཡང་ཚད་ངེས་ཅན་ཞིག་ལ་ཐོན་ན་སྤུས་ཚད་ཀྱི་ཐད་ནས་འགྱུར་ལྡོག་འབྱུང་དགོས་ལ། འདི་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱིས་བསྐྱེད་པ་ཞིག་ཡིན་ལ། དངོས་གཙོ་རྩོད་སྒྲུབ་ཀྱི་རྩ་བའི་རིགས་པ་དང་ཡང་མཐུན། རྩོད་སྒྲུབ་ཀྱི་བསམ་གཞིག་བྱ་སྟངས་སྤྱད་དེ་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་སྐུལ་སྤེལ་གོ་རིམ་ཁྲོད་ཀྱི་འགལ་བ་སྣ་ཚོགས་ཐག་གཅོད་དགོས།

དང་པོ། སྤྱི་ཡོངས་ནས་སྐུལ་སྤེལ་དང་གཙོ་གནད་འགག་སྒྲོལ་གྱི་འབྲེལ་བ་ཡང་དག་པར་ངེས་དགོས། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་ནི་མ་ལག་དང་ལྡན་པའི་ལས་གྲྭ་ཞིག་ཡིན་པས། ངེས་པར་དུ་བརྟན་འཇགས་ཀྱི་གོ་རིམ་ཁྲོད་བྱ་བའི་སྤྱིའི་ཁ་ཕྱོགས་འཕེལ་བ་རྒྱུན་འཁྱོངས་བྱ་དགོས། བརྟན་འཇགས་དང་འཕེལ་རྒྱས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་གྲུབ་པས། སྤྱི་ཁོག་ཏུ་བལྟས་ཏེ་ཁོང་དུ་ཆུད་པར་བྱ་དགོས། ཚད་དང་། ཡུན། འབྲས་བུ་བཅས་ཚད་དང་ལྡན་པར་ཡོང་བ་བྱ་དགོས།

གཉིས་པ། སྤྱི་ཡོངས་ཀྱི་ཇུས་གཞི་དང་སྙིང་རུས་གཏན་འཁྱོངས་ཀྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱ་དགོས། དཔལ་འབྱོར་དང་མི་གྲངས་ཀྱི་གཞི་རྒྱ་ཤིན་ཏུ་ཆེ་བའི་རང་རེའི་རྒྱལ་ཁབ་ལ་མཚོན་ན། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་འོས་འགན་ལྕི་ཞིང་བརྒྱུད་ལམ་རིང་བའི་ལས་གཞི་ཞིག་ཡིན། དེང་གི་ཆར་ང་ཚོས་ཉེན་ཁ་ཆེན་པོ་སེལ་བ་དང་། གནད་ཁེལ་དབུལ་སྐྱོར། འབག་བཙོག་སྔོན་བཅོས་བཅས་ཀྱི་འགག་སྒྲོལ་འཐབ་ཇུས་ལེགས་པོར་འཐེན་དགོས་པ་མ་ཟད། ནུས་ཤུགས་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྒྱུར་བ། དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར། འཕར་སྣོན་སྒུལ་ཤུགས་བརྗེ་འགྱུར་བཅས་མངོན་འགྱུར་བྱ་དགོས་ལ། ལྷག་པར་དུ་ཁྲོམ་རའི་ཁོར་ཡུག་གཙང་སེལ། མི་ཤུགས་བྱང་ཚད་མཐོར་འདེགས། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་ཡོང་བ་བཅས་བྱ་དགོས།

གསུམ་པ། སྒུལ་ནུས་རྙིང་བ་མེད་པར་བཟོ་བ་དང་སྒུལ་ནུས་གསར་བ་སྐྱེད་སྲིང་གི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱ་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱིས་འཕེལ་རྒྱས་ཀྱི་མྱུར་ཚད་དང་། ཕན་ནུས། རྒྱུན་མཐུད་རང་བཞིན་བཅས་ཐག་གཅོད་ཀྱིན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་བྱ་བར་ངེས་པར་དུ་གཡོ་འགུལ་མེད་པར་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱ་དགོས། ནུས་པ་མེད་པའི་མཁོ་འདོན་མེད་པར་བཟོ་བ་དང་། ཤུགས་ཆེན་པོས་སྒུལ་ནུས་གསར་བ་སྐྱེད་སྲིང་བྱས་ཏེ། སྒུལ་ནུས་གསར་བ་དང་རྙིང་བ་ཕན་ཚུན་བརྗེ་འགྱུར་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གྱི་གོམས་འགྲོས་ཇེ་མགྱོགས་སུ་གཏོང་དགོས།

བཞི་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ལས་འགལ་བར་གནས་པ་ཞིག་མིན།

ལྔ་པ། དྲང་བདེན་སྲུང་སྐྱོང་དང་ལས་ཕྱོད་གཙིགས་ཆེན་གྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱ་དགོས། མི་གྲངས་དུང་ཕྱུར13ལྷག་ཡོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་སྤྲི་གོར་ཆེན་པོ་དེ་ལུགས་མཐུན་གྱིས་བགོ་བ་ནི་ངེས་པར་དུ་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་ཡོང་འབབ་དབྱེ་བགོའི་བར་ཁྱད་ཆེ་བའི་གནད་དོན་ཐག་གཅོད་པར་འབད་དགོས་ཤིང་། རྒྱལ་དམངས་ཡོང་འབབ་གྱི་དབྱེ་བགོ་གཏོང་སྟངས་ལེགས་སྒྲིག་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་པར་བྱ་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-15

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།